ཡོང་ཁུངས། བོད་མིའི་སྒྲིག་འཛུགས་དྲ་རྒྱ
ཕྱི་ལོ་༢༠༡༥ ཟླ་༨ ཚེས་༣༡ ཉིན་གངས་སྐྱིད་གཉའ་ཁྲི་ཚོགས་ཁང་དུ་དཔལ་འབྱོར་ལས་ཁུངས་ཀྱི་ཚོང་ལས་རམ་འདེགས་ལས་གཞི་ཚན་པས་གོ་སྒྲིག་འོག་ཚོང་པ་ཁག་གཅིག་འདུ་འཛོམས་ཀྱིས་ཉིན་དང་པོའི་དབུ་འབྱེད་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གསུང་བཤད་གནང་དོན། ཕྱག་རོགས་བཀའ་བློན་རྣམ་པ་དང་། སྤྱི་ཟུར་རྣམ་པ། དེ་བཞིན་དཔལ་འབྱོར་ལས་ཁུངས་ཀྱི་དྲུང་ཆེས་གཙོས་པའི་སྲི་ཞུ་བ་རྣམ་པ། ཡར་ཐོན་ཅན་གྱི་ཚོང་པ་རྣམ་པ་བཅས་ལ་སྐབས་༡༤ པའི་བཀའ་ཤག་གིས་ཚབ་ཞུས་ཏེ་ཚང་མར་སྙིང་ཐག་པ་ནས་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།
རྩ་བའི་དཔལ་འབྱོར་བཀའ་བློན་མཆོག་གིས་ཚོགས་འདུའི་དམིགས་ཡུལ་གཙོ་བོ་སྐོར་གསུངས་གྲུབ་སོང་ནའང་། ངས་རྣམ་པ་ཚོར་ཞུ་རྒྱུར་ང་རང་ཚོའི་སྤྱི་ཚོགས་ནང་ཡར་ཐོན་ཅན་གྱི་ཚོང་པ་མི་ཉུང་བ་ཞིག་ཡོད་ཀྱང་། ད་དུང་གང་མང་ཡོང་ཐུབ་ན་བསམ་པ་དེ་ང་ཚོའི་དམིགས་ཡུལ་རེད། ཡར་ཐོན་ཅན་གྱི་ཚོང་པ་ཡོང་དགོས་དོན་གཙོ་བོ་གཅིག་ནི། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལོ་ ༢༠༡༤ ཟླ་ ༢ ཚེས་ ༢༨ ཉིན་ཁལ་ལི་ཕོར་ནི་ཡར་ཆིབས་སྒྱུར་བསྐྱངས་པའི་སྐབས་སུ། ང་རང་ཚོའི་སྤྱི་ཚོགས་ནང་ Millioner དེ་འདྲ་དགོས་ཀྱི་འདུག དེ་བཞིན་སློབ་གྲྭ་དང་སྨན་ཁང་སོགས་ཀྱི་ནང་སྤྱི་ཚོགས་ལ་ཕན་པའི་ཕྱག་ལས་གནང་མཁན་དེ་འདྲ་ཡོད་པ་དེ་དག་ལ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཡོད། ཐུགས་རྗེ་ཆེ། མ་འོངས་པར་དེའི་རིགས་དགོས་ཀྱི་འདུག ཅེས་བཀའ་སློབ་སྩལ་ཡོད།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་དགོངས་ལྟར། སྐབས་ ༡༤ པའི་བཀའ་ཤག་གིས་ལྟ་གྲུབ་གསུམ་སྟེ། ཆིག་སྒྲིལ། གསར་གཏོད། རང་ཁ་རང་གསོ་གསུམ་གྱི་ནང་ནས་ཆིག་སྒྲིལ་ནི་༸གོང་ས་མཆོག་གི་ཐུགས་རྗེ་བཀའ་དྲིན་དང་། མི་མང་གིས་རྒྱབ་སྐྱོར། གཞིས་བྱེས་བོད་མི་ཡོངས་ཀྱིས་རྡོག་རྩ་གཅིག་སྒྲིལ་དང་ཕྱར་གྲུ་མཉམ་འདེགས་གནང་བར་བརྟེན། ཕལ་ཆེར་ཉེ་བའི་ལོ་རྒྱུས་ནང་ཆིག་སྒྲིལ་གྱི་རྣམ་པ་དེ་ཚད་མཐོ་ཤོས་རེད་ཞུས་ན་འགྲིག་གི་ཡོད་རེད་བསམ་གྱི་འདུག བོད་ནང་གི་བོད་མི་ཚོ་རང་གི་རྒྱལ་ཁབ་ལ་ལར་ཞེན་དང་། མི་རིགས་ཀྱི་ཤ་ཞེན། སྙིང་སྟོབས། རྒྱལ་ཁབ་དང་མི་རིགས་དོན་དུ་སྐུ་ངལ་སྐྱོན་སྟངས་སོགས་ལ་གཟིགས་པ་ཡིན་ན་ཆིག་སྒྲིལ་ཚད་མཐོ་ཤོས་ཡིན་པ་ཧ་ཅང་གསལ་པོ་རེད་ཞུ་རྒྱུ་ཡིན།
གསར་གཏོད་ཀྱི་ཐོག་ནས་སྐབས་འདིའི་བཀའ་ཤག་ནས་འབད་བརྩོན་རིམ་པ་གནང་ཡོད། ཕལ་ཆེར་ཕྱི་ལོ་ ༢༠༡༣ ལོའི་ཕྱི་ཟླ་ ༣ པའི་གྲོས་ཚོགས་སྔོན་རྩིས་སྐབས་སུ་གྲོས་ཚོགས་ནས་སྐབས་འདིའི་བཀའ་ཤག་ནས་གསར་གཏོད་རིམ་པ་གནང་བའི་ལས་གཞི་ཁག་ ༡༢༣ འདུག་ཅེས་གྲོས་ཚོགས་རང་ནས་ངོས་ལེན་གནང་སྟེ་སྔོན་རྩིས་ཡིན་ནའང་གཏན་འབེབས་གནང་བ་བྱུང་ཡོད། ལས་གཞི་ ༡༢༣ ནང་ནས་གཅིག་ནི། ཡར་ཐོན་ཅན་གྱི་ཚོང་པའི་ལས་གཞི་འདི་ཆགས་ཡོད།
དམིགས་ཡུལ་གསུམ་པ་ནི་རང་ཁ་རང་གསོ་ཡིན། སོ་སོའི་རྐང་པའི་ཐོག་ལངས་ཐུབ་པ་དེ་ཡིན། འདི་ནི་ཆབ་སྲིད་དང་སྒྲིག་འཛུགས། སྤྱི་ཚོགས། ཆོས་དང་རིག་གཞུང་། སྐད་ཡིག་བཅས་ཀྱི་ཐོག་ནས་ལངས་དགོས་པ་མ་ཟད། དེ་རིང་གི་ཚོགས་འདུ་དང་འབྲེལ་བའི་དཔལ་འབྱོར་གྱི་ཐོག་ནས་ཀྱང་རང་ཁ་རང་གསོ་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། དེར་བརྟེན་དཔལ་འབྱོར་ལས་ཁུངས་དང་འཆར་འགོད་ལས་ཁུངས་ནས་འགན་འཁུར་གནང་སྟེ། སྤྱི་ཚོགས་ནང་ཞིབ་འཇུག་མི་ཉུང་བ་ཅིག་གནང་ཡོད། ཉེ་ཆར་རང་ངས་སྙན་ཐོ་ཞིག་མཐོང་བྱུང་། ཕལ་ཆེར་ལོ་གཅིག་ལྷག་ཙམ་འགྲོ་གི་ཡོད།
ཁོང་རང་དཔལ་འབྱོར་ལས་ཁུངས་སུ་ཕྱག་ལས་གནང་བཞིན་ཡོད། ཁོ་རང་གིས་ཞིབ་འཇུག་བྱས་པའི་ནང་དུ། ང་ཚོའི་སྤྱི་ཚོགས་ནང་ཚོང་པའི་རིགས་ཡོད་པའི་ནང་ནས་བརྒྱ་ཆ་ ༨༥ ལ་ཟབ་སྦྱོང་རྩ་བ་ཉིད་ནས་ཐོབ་མི་འདུག ཟབ་སྦྱོང་རྩ་བ་ཉིད་ནས་མེད་པར་ཚོང་བརྒྱབ་པ་མ་གཏོགས་ཟབ་སྦྱོང་ཐོབ་པའི་ཐོག་ནས་ཚོང་རྒྱག་མཁན་བརྒྱ་ཆ་ ༡༥ ལས་མེད་པ་རེད། ང་ཚོའི་སྤྱི་ཚོགས་ནང་ཚོང་རྒྱག་མཁན་ནང་ནས་མཐོ་སློབ་ཐོན་པ་བརྒྱ་ཆ་ ༡༤ ལས་མི་འདུག བརྒྱ་ཆ་ ༦༥ སློབ་གྲྭར་ཕྱིན་རྗེས་ཚོང་བརྒྱབ་པ་རེད་འདུག ཅེས་སྙན་ཐོ་ཞིག་གི་ནང་འདི་ལྟར་འཁོད་འདུག་ཅེས་སོགས་ཀྱི་གསུང་བཤད་གནང་བ་དང་།
མཐར་སྲིད་སྐྱོང་མཆོག་གིས་གསུང་དོན། མཐའ་དོན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་ ༢༠༡༤ ཟླ་ ༢ ཚེས་ ༢༨ ལ་བཀའ་སློབ་ཕེབས་པ་འདི་བཀའ་སློབ་ལམ་སྟོན་གཅིག་པུ་མིན་པར་ལུང་བསྟན་བསྒྲུབ་ཐུབ་པ་ཞིག་རྣམ་པ་ཚོས་གང་ཐུབ་ཅི་ཐུབ་འབད་བརྩོན་གནང་རོགས་གནང་། ང་ཚོས་ངོས་ནས་གང་ཐུབ་ཅི་ཐུབ་འབད་བརྩོན་ཞུ་རྒྱུ་ཡིན། ཞེས་སོགས་ཀྱི་གསུང་བཤད་གནང་ཡོད། །
རང་ཁ་རང་གསོ་ཟེར་བའི་སྐད་ཆ་རྫིག་པོ་འདི་སྤྱི་ཚོགས་ཁྱོན་ཡོངས་ལ་ཡོང་མི་སྲིད་པ་ཞིག་རེད། འཛམ་གླིང་ཐོག་ཏུ་སུད་སི་རྒྱལ་ཁབ་ལྟ་བུ་ལ་མཚོན་ནའང་མི་དམངས་ཡོངས་རྫོགས་རང་ཁ་རང་གསོ་ཆགས་ཐུབ་མེད། སྐྱོབ་གསོ་བཟའ་མཁན་མང་པོ་ཡོད། སྟོབས་ཆེན་རྒྱལ་ཁབ་ཨ་རི་ལ་ཡང་སྡོད་ཁང་མེད་པའི་འཁྱམ་པོ་མང་པོ་ཡོད།
འཛམ་གླིང་འདིའི་་ཐོག་ཏུ་མི་དམངས་ཡོངས་རྫོགས་རང་ཁ་རང་གསོ་ཡིན་པའི་རྒྱལ་ཁབ་ཤིག་མེད། སྲིད་སྐྱོང་སེང་གེས་ཀྱང་བཙན་བྱོལ་བོད་མི་ཡོངས་རྫོགས་རང་ཁ་རང་གསོ་ཐུབ་མཁན་ཞིག་དུས་ནམ་ཡང་བཟོ་མི་ཐུབ། བཟོ་ཐུབ་ཟེར་ནས་བཤད་ན་ནི་འུར་གཏམ་ཁོ་ན་ཡིན།
བཙན་བྱོལ་སྒྲིག་འཛུགས་རང་ཁ་རང་གསོ་བྱ་ཐུབ་ནའང་རབ་ཡིན། དེ་ཡང་ཁག་པོ་རེད། མི་ལོ་ལྔ་བཅུ་ལྷག་གི་རིང་དུ་བཙན་བྱོལ་བོད་གཞུང་གི་དཔལ་འབྱོར་འདུ་འགོད་བྱས་པར་ཡར་རྒྱས་ཕྱིན་མེད། བློ་སེང་གིས་དབུ་མའི་ལམ་གྱི་call Center བཙུགས་པ་དེ་ཡང་སྐད་ཅིག་ཉིད་ཀྱི་རྨི་ལམ་ལྟ་བུ་ལས་ཁུངས་ཁྱོག་མེད་པ།
ལྐོག་ཟ་རུལ་སུངས་མགོ་མཐོ་བའི་བཙན་བྱོལ་སྒྲིག་འཛུགས་འདིར་རང་ཁ་རང་གསོ་ག་འདྲ་བྱས་ནས་ཡོང་གི་རེད་དམ། ཁ་སྟོང་ནང་གི་ཚིག་སྟོང་འུར་བསྡད་ན་ཅི་ཕན་ནམ། རང་ཁ་རང་གསོ་ཟེར་བའི་རྩ་དོན་གསུམ་གྱི་ནང་ནས་གཅིག་རེད། ལག་ལེན་ཡོང་ཡ་མེད་པའི་འུར་གཏམ་ཆེ་ཤོས་ཤིག་ཀྱང་རེད།
སེང་གེས་སྲིད་སྐྱོང་བྱས་ནས་སུ་རང་ཁ་རང་གསོ་ཆགས་སོང་བ་རེད་དམ། གཅིག་སྟོན་རོགས་བྱོས་དང་། ཧཧ
མི་དམངས་ཡོངས་རྫོགས་རང་ཁ་རང་གསོ་ཡོང་ཐབས་མེད་པའི་རྒྱུ་མཚན་གྱིས་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་འཚོ་བའི་འགན་སྲུང་ལམ་ལུགས་བཙུགས་ཡོད་རེད། ཉམ་ཐག་རྣམས་ལ་སྐྱོབ་གསོ་སྤྲོད་པའི་ལུགས་བཟང་ཞིག་ཡོད་རེད།
འཚོ་བའི་འགན་སྲུང་ཟེར་བ་འདི་་་རྒ་ན་རྒད་གསོ། ནད་ན་ན་སྨན་རིན། ལས་ཀ་མེད་ན་ལས་མེད་གླ་ཕོག ཉམ་ཐག་ལ་སྐྱོབ་གསོ་་་སོགས་རེད། སྐྱོ་པོ་ཉམ་ཐག་མེད་པའི་ཡུལ་ལུང་ཞིག་འཛམ་གླིང་ཐོག་ཏུ་གཞིར་མ་གྲུབ་དུས་བཙན་བྱོལ་སྒྲིག་འཛུགས་ལ་ཡང་གཞི་གྲུབ་ཡོང་བ་མི་སྲིད་པ་རེད་དོ། འུར་མགོ་ལགས།
ད་དུང་་་ལྷོ་ཕྱོགས་གཞི་ཆགས་ཁག་ལ་གླང་ཆེན་བཀག་ཡ་ཞིང་ར་བརྒྱབ་ཚར་པེ། སུམ་མདོ་ཁ་ལ་ཚོང་ཁང་བཙུགས་ཚར་པེ། སྔོན་མར་སྲིད་སྐྱོང་ལངས་དུས་ཁས་ལེན་བྱས་ཡོད་པ།་་་ཧཧཧཧ སྐུ་རྩེད་ཡིན་ད་་་བློ་བཟང་འུར་གེ་ལགས།
ད་རེབ་སྲིད་སྐྱོང་གིས་རྩ་དོན་གསུམ་གྱི་ཐོག་ལ་འགྲེལ་བཤད་ཡག་ཐག་ཆོད་ཅིག་གནང་འདུག ཧ་ཧ་ཧ
ཆིག་སྒྲིལ་ཐད་ནས་”ཕལ་ཆེར་ཉེ་བའི་ལོ་རྒྱུས་ནང་ཆིག་སྒྲིལ་གྱི་རྣམ་པ་དེ་ཚད་མཐོ་ཤོས་རེད་ཞུས་ན་འགྲིག་གི་ཡོད་རེད་བསམ་གྱི་འདུག” ཅེས་གསུངས་པ་འདི་བདེན་པ་མ་རེད།
གསར་བཏོད་ཐད་ནས་”་ལས་གཞི་ ༡༢༣ ནང་ནས་གཅིག་ནི། ཡར་ཐོན་ཅན་གྱི་ཚོང་པའི་ལས་གཞི་འདི་ཆགས་ཡོད།” ཅེས་གསུངས་པ་འདི་ཙམ་ལས་སྟོན་ཐུབ་མེད།
རང་ཁ་རང་གསོ་ཐད་ནས་”ཆབ་སྲིད་དང་སྒྲིག་འཛུགས། སྤྱི་ཚོགས། ཆོས་དང་རིག་གཞུང་། སྐད་ཡིག་བཅས་ཀྱི་ཐོག་ནས་ལངས་དགོས་པ་མ་ཟད། དེ་རིང་གི་ཚོགས་འདུ་དང་འབྲེལ་བའི་དཔལ་འབྱོར་གྱི་ཐོག་ནས་ཀྱང་རང་ཁ་རང་གསོ་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད།” ཅེས་སྤྱི་བམ་ཙམ་ལས་དོན་དངོས་ཅི་ཡང་མི་གསལ།
ཅོ་རི་ལགས་ཀྱི་བསམ་ཚུལ་དེ་ནི་ཧ་ཅང་གནད་ལ་འཁེལ་ཞིང་ངེས་ཅན་གྱི་བསམ་གཞིག་བྱ་གཞི་ཡོད་པ་ཞིག་འདུག