མཚམས་སྦྱོར་བ། ཚེ་རིང་དབང་ཕྱུག
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༨ ཚེས་ ༣༡ ཉིན་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་ནང་བོད་མིའི་སྒྲིག་འཛུགས་བཀའ་ཤག་ནས་ཕྱི་ལོ་ ༢༠༡༦ ཟླ་ ༡ ནང་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་བསྩལ་རྒྱུ་དེ་ལོ་གཅིག་རིང་ཕར་འགྱངས་གནང་སྐོར་གྱི་གསར་འགོད་གསལ་བསྒྲགས་ཤིག་སྤེལ་གནང་སོང་།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༡ ཐོག་བོད་མིའི་སྒྲིག་འཛུགས་ཀྱིས་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དང་། དུས་དབང་གྲ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག ཚོགས་གཞོན་བདེ་སྲུང་བཀའ་བློན་འབྲོང་ཆུང་དངོས་གྲུབ་མཆོག་བཅས་ཆེད་ཕེབས་གནང་སྟེ་ཕྱི་ནང་གི་གསར་འགོད་པ་ ༢༠ བརྒལ་བ་ལྷན་འཛོམས་ཐོག་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་གསར་འགོད་གསལ་བསྒྲགས་གནང་དོན། དད་ལྡན་ཆོས་ཞུ་བ་ལྷན་རྒྱས་ལ། ཇི་ལྟར་དགོངས་མངའ་ལྟར། བོད་མིའི་སྒྲིག་འཛུགས་བཀའ་ཤག་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ལོ་གཅིག་སྔོན་ནས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན། ཕྱི་ལོ་ ༢༠༡༦ ལོའི་ཟླ་ ༡ པོའི་ནང་གནས་མཆོག་རྡོ་རྗེ་གདན་དུ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་བསྩལ་རྒྱུའི་བཀའ་བཞེས་བཟང་པོ་སྨིན་སྩལ་ཐོབ་པ་གསལ་བསྒྲགས་སྔོན་སོང་ལྟར་ཡང་།
འདི་ལོ་སྔར་དང་མི་འདྲ་བར་༸སྐུའི་གྱ་སྟོན་གྱི་མཛད་འཆར་དང་བརྟན་བཞུགས་བཅས་ཤིན་ཏུ་མང་པོ་བྱུང་བ་དང་། རིང་མིན་ཕྱི་ཟླ་ ༩ པའི་ནང་ཨིན་ལེན་དུ་བདུན་ཕྲག་གཅིག་རིང་དང་། དེ་རྗེས་ཕྱི་ཟླ་བ་ ༡༠ པའི་ནང་ཨ་རི་ཁུལ་དུ་བདུན་ཕྲག་གསུམ། ཕྱི་ཟླ་ ༡༡ པའི་ནང་རྒྱ་གར་ནང་གསུང་ཆོས་དང་གཞན་ཆིབས་སྒྱུར་ཁག་གཅིག ཕྱི་ཟླ་ ༡༢ པའི་ནང་རྒྱ་གར་ལྷོ་ཕྱོགས་ཁུལ་བསྟུད་མར་བདུན་ཕྲག་གསུམ་རིང་མཛད་འཆར་ཤིན་ཏུ་དམ་པ། ལྷག་པར་ཕྱི་ལོ་ ༢༠༡༦ ཟླ་བ་དང་པོའི་ནང་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་བསྩལ་བཞེད་ནི་ཆོས་འབྲེལ་གཞན་དང་མི་འདྲ་བར་སྔོན་འགྲོའི་གསུང་ཆོས་སོགས་ཀྱིས་དུས་ཡུན་འགོར་གཞི་རིང་ལ། སྒྲུབ་ཞག་གནང་སྒོ་ཁག་ཕྱག་བཞེས་མང་སྟབས་ཧ་ཅང་གི་སྐུ་ཐང་མཉེས་པོ་ཡོང་རྒྱུ་ཡིན་ན། དམིགས་བསལ་ཚོགས་ཆེན་ཐེངས་གཉིས་པའི་གྲོས་ཆོད་དགོངས་དོན་དང་། ཆོས་བརྒྱུད་ཁག་གི་དབུ་ཁྲིད་བསྟན་བདག་བླ་ཆེན་རྣམ་པས་ཉེ་ཆར་༸སྐུའི་གྱ་སྟོན་སྐབས་གསོལ་འདེབས་ཞུ་སྐུལ་དང་།
དེ་བཞིན་མང་ཚོགས་ཁྲོད་ཀྱི་ཐུགས་ཁུར་ཅན་དང་། གཞིས་བཞུགས་ཁག་གཅིག་གིས་རྣམ་ཀུན་ནས་༸གོང་ས་༸སྐྱབས་མགོན་ཆེན་པོའི་མཛད་འཆར་ཉུང་འཕྲི་དང་། སྐུ་ངལ་གསོ་རྒྱུའི་དུས་ཚོད་མང་ཙམ་ཡོང་ཐབས་སྐོར་ལ་ཡིག་ངག་གཉིས་ཐོག་ནས་ཞུ་མཁན་བྱུང་བ་བཅས་ལ་བརྟེན། སང་ལོའི་དུས་འཁོར་དབང་ཆེན་བསྩལ་རྒྱུ་སྔོན་དུ་ཞལ་བཞེས་སྐལ་བཟང་ཐོབ་ཟིན་ནའང་། བོད་མིའི་སྒྲིག་འཛུགས་བཀའ་ཤག་ནས་མཛད་འཆར་ཉུང་འཕྲི་ཡོང་བ་གསོལ་འདེབས་ཀྱིས་ཕར་འགྱངས་ཆོག་པའི་སྙན་གསལ་སྒྲོན་འབུལ་ཞུས་པ་བཞིན་བཀའ་བཞེས་ཐོབ་སྟབས། སང་ལོའི་དུས་འཁོར་དབང་ཆེན་དེ་ལོ་གཅིག་གི་རིང་ཕར་འགྱངས་གནང་གཏན་ཁེལ་བའི་གསལ་བསྒྲགས་ཞུ་རྒྱུ་དང་།
དེའི་རྐྱེན་གྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་། དུས་དབང་སྦྱིན་བདག་ཁག དུས་དབང་གོ་སྒྲིག་ཚོགས་ཆུང་གི་ཚོགས་མི་རྣམས་དང་། དེ་བཞིན་ཕྱི་ནང་གི་དད་ལྡན་ཆོས་ཞུ་བ་མང་པོར་གང་ཅིའི་ཐུགས་སྟབས་མི་བདེ་བ་ཡོང་ངེས་ལ་བོད་མིའི་སྒྲིག་འཛུགས་བཀའ་ཤག་ནས་གོ་སྐབས་འདི་བརྒྱུད་བཟོད་གསོལ་ཞུ་རྒྱུ་དང་། དེ་དོན་འབྲེལ་ཡོད་ཀུན་གྱིས་དགོངས་ཡངས་དཀྱེལ་ཆེ་ཡོང་བ་ཞུ་རྒྱུ་བཅས། བོད་མིའི་སྒྲིག་འཛུགས་བཀའ་ཤག་ནས་ཕྱི་ལོ་ ༢༠༡༥ ཟླ་ ༨ ཚེས་ ༣༡ ལ།།
༼དེའི་རྐྱེན་གྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་། དུས་དབང་སྦྱིན་བདག་ཁག དུས་དབང་གོ་སྒྲིག་ཚོགས་ཆུང་གི་ཚོགས་མི་རྣམས་དང་། དེ་བཞིན་ཕྱི་ནང་གི་དད་ལྡན་ཆོས་ཞུ་བ་མང་པོར་གང་ཅིའི་ཐུགས་སྟབས་མི་བདེ་བ་ཡོང་ངེས་ལ་བོད་མིའི་སྒྲིག་འཛུགས་བཀའ་ཤག་ནས་གོ་སྐབས་འདི་བརྒྱུད་བཟོད་གསོལ་ཞུ་རྒྱུ་དང་།༽ བཀའ་ཤག་གི་གསལ་སྒྲགས་ཀྱི་ཚིག་སྦྱོར་འདི་ལ་ལྟས་ན་དུས་དབང་ཕྱིར་འཐེན་བྱས་པ་དེ་༧གོང་ས་མཆོག་ཐུགས་འདོད་མེད་བཞིན་དུ་བཀའ་ཤག་ནས་ཕྱིར་འགྱངས་ཡོང་བར་གསོལ་འདེབས་ཞུས་པ་འདྲ་བོ་འདུག དེ་ལྟར་ན་དང་པོ་གནང་རོགས་བཀའ་ཤག་གིས་ཞུས། དུས་ཚོད་གཏན་འཁེལ་བཟོས་ནས་གཞིས་བྱེས་གཉིས་ཀར་ཆོས་སྲིད་དཔལ་གསུམ་གྱི་བྱ་བ་མང་པོ་ཞིག་གི་དུས་ཚོད་ཚང་མ་འཁྲུགས་སུ་བཅུག ད་ཡང་མ་གནང་རོགས་ཞུས་ད་ནི་ཚང་མ་རྩེད་མོ་དང་རྩེད་ཆས་སུ་གྱུར་ཟིན་འདུག
ཚེ་རིང་དབང་ཕྱུག་གི་རྩོམ་བྲིས་ཡི་གེའི་དག་མང་ཆེ་བ་ལེགས། འོན་ཀྱང་། མར་གྱི་ནང་ན་སྤུ་ལྟར་དུ། བསྩལ་བཞེད་དང་། བསྩལ་རྒྱུ་ཞེས་པ་སོགས་བོད་སྐད་སྔོན་བྱོན་མཁས་པའི་བྲིས་པ་གང་དུ་ཡང་མེད་པར་མ་ཟད་དེ་དག་གི་དག་ཆ་རྣམས་ཕྱི་རབས་ཀྱི་བོད་གཞོན་པ་རྣམས་ཀྱིས་ཀྱང་འབྲི་དགོས་པའི་ཆེད་དུ། དག་ཡིག་ཟ་མ་ཏོག་དང་། ངག་སྒྲོན་སོགས་ན། རིམ་བཞིན།
་
བཀའ་སྩལ་པ་དང་དངོས་གྲུབ་སྩལ།
དངོས་གྲུབ་སྩལ་དུ་གསོལ
སྦྱིན་པ་ཚུལ་བཞིན་སྩལ་བགྱི་སོགས། ཞེས་དང་།
་
བཀའ་སྩལ་དངོས་གྲུབ་སྩལ་དང་སྩོལ།
སྦྱིན་པ་སྩལ་བགྱི་བགྱིད་དུ་སྩལ།
སྩལ་དུ་གསོལ་སོགས་སར་བཏགས་ཙའོ། ཞེས་དང་།
་
སོག་པོ་བསྟན་དར་ལྷ་རམས་པས།
་
ཅི་སྩལད་ཅེ་ན། སྩོལད་ཅིག ཅེས་འདས་པ་དང་སྐུལ་ཚིག་གསུངས་པ་དང་། ད་ལྟ་བ་ལ་སྩོལ་དང་། མ་འོངས་པ་ལ་སྩལ་ཞེས་པ་ཡོད་པས། འདི་དག་ལ་མ་བསྟུན་པར་བོད་སྐད་ལ་མཁས་པར་རློམ་པ་དག་གིས་བསྒྲིགས་པའི་ཚིག་མཛོད་སོགས་ལ་བློ་གཏད་ཆེ་བ་མ་ཡིན་་པར་མཁས་པས་བྲིས་པའི་དཔེ་ཆ་དག་ལ་སྦྱང་དགོས་ཤིང་། དེ་ལྟར་དུ་ཡི་གེར་འགོད་དགོས་པར་སེམས་སོ།
་
ཞེས་པ་འདི་ཡང་རྗེ་བཙུན་བླ་མ་དགྱེས་པའི་མཆོད་པར་འབུལ།
་
བདག་གི་ཡིག་ནོར་བྱུང་ཡོད་པ་ལ་ཞུས་དག་མཛོད།
བོད་མིའི་སྒྲིག་འཛུགས་བཀའ་ཤག་གིས་ “དེ་བཞིན་མང་ཚོགས་ཁྲོད་ཀྱི་ཐུགས་ཁུར་ཅན་དང་། གཞིས་བཞུགས་ཁག་གཅིག་གིས་རྣམ་ཀུན་ནས་༸གོང་ས་༸སྐྱབས་མགོན་ཆེན་པོའི་མཛད་འཆར་ཉུང་འཕྲི་དང་། སྐུ་ངལ་གསོ་རྒྱུའི་དུས་ཚོད་མང་ཙམ་ཡོང་ཐབས་སྐོར་ལ་ཡིག་ངག་གཉིས་ཐོག་ནས་ཞུ་མཁན་བྱུང་བ་བཅས་ལ་བརྟེན།” ནས་དུས་དབང་ཕྱིར་འགྱངས་བྱས་པ་ཡིན་པར་བསྒྲགས་པ་ནི་དེ་བས་ཀྱང་ཁ་གཡར་སའི་དོགས་གཞི་ཞིག་རེད།
བཀའ་ཤག་གིས་དེ་སྔོན་ནས་༧གོང་ས་མཆོག་གི་མཛད་བྲེལ་དང་སྐུ་ངལ་མཐོང་བཞིན་དུ་ “བཀའ་དྲིན་རྗེས་དྲན་གྱི་ལོ་” ཞེས་པའི་མིང་སྙན་ཞིག་བཏགས་ཏེ་མཛད་འཆར་སྣ་ཚོགས་མང་དུ་བཏང་བ་མ་ཡིན་ནམ། ༧གོང་ས་མཆོག་གར་ཕེབས་ཕལ་ཆེར་ལ་སྐུ་སྲུང་བ་ནང་བཞིན་སྲིད་སྐྱོང་ཕེབས་པ་མ་ཡིན་ནམ། དེ་སྔོན་བཀའ་ཤག་གིས་ཐག་གཅོད་ལྟར་དུས་དབང་གི་དུས་ཚོད་ཕྱིར་བསྒྲགས་བྱས་པའི་སྐབས་དེ་དུས་ནས་ཀྱང་། སྔ་འགྱུར་རྙིང་མའི་སྨོན་ལམ་མཐུན་ཚོགས་ཀྱིས་དུས་སྐབས་དེ་ནི་སྔ་འགྱུར་རྙིང་མ་ལ་མཚོན་ན་འོས་འཚམས་མིན་ལུགས་ཀྱི་ཞུ་སྐུལ་ནན་ཞུས་ཡང་ཡང་བྱས་ཀྱང་། དེ་ལ་སྣང་མེད་ཀྱིས་ད་བར་དུ་ཡ་མེད་བཞག་པ་མིན་ནམ།
ད་ལྟ་གློ་བུར་དུ་དུས་དབང་ལོ་གཅིག་ཕྱིར་འགྱངས་བྱས་པ་དེས། ༢༠༡༧ ལོར་༧གོང་ས་མཆོག་གི་དགུང་གྲངས་ད་ལས་མཐོ་རུ་ཕེབས་ཀྱི་ཡོད་པ་ནི་དངོས་ཡོད་ཡིན་པ་དང་། དུས་མཚུངས་སུ་སྐུ་ངལ་དང་མཛད་བྲེལ་ཆེ་རུ་བཏང་ཡོད་པ་ཡང་ཤུགས་གསལ་ཡིན་པ་ལས། “བོད་མིའི་སྒྲིག་འཛུགས་བཀའ་ཤག་ནས་མཛད་འཆར་ཉུང་འཕྲི་ཡོང་བ་གསོལ་འདེབས་ཀྱིས་ཕར་འགྱངས་ཆོག་པའི་སྙན་གསལ་སྒྲོན་འབུལ་ཞུས་” ཚུལ་རྒྱུ་མཚན་དུ་བགྲངས་པ་དེ་ལ་དགོས་དོན་དང་གནས་ལུགས་་གང་ཡང་མ་མཐོང་ངོ་།།
ཁ་ཞེ་མི་མཚུངས་པའི་ལས་སྣེ་འདི་ཚོར་ཇི་འདྲའི་འཁྲབ་སྟོན་མང་བ་ལ་ཨང་།
དེའི་རྒྱབ་ན་རྒྱུ་རྐྱེན་ངོ་མ་གསལ་བཤད་གནང་མི་རུང་བའམ་ཡང་ན་གསལ་བཤད་ངོ་མ་མ་གནང་ན་དགག་དགོས་ཆེ་བ་ཞིག་ཡོད་གཏན་རེད། འོན་ཀྱང་༸སྐུ་མདུན་ལ་སྐུ་ངལ་གསོ་གནང་མཛད་རྒྱུའི་དུས་ཚོད་དགོས་རྒྱུ་སོགས་ཀྱི་གསལ་བཤད་དེ་ནི་ཁ་གཡོག་ས་ཞིག་རང་རེད། གང་ཡིན་ཞེ་ན་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་བསྩལ་རྒྱུ་ལས་ལྷོ་ཕྱོགས་སུ་བསྩལ་རྒྱུའི་གསུང་ཆོས་ཁག་གལ་གནད་ཆེ་བ་ཡོད་པའམ་ཡང་ན་དེ་དག་རྩ་བ་ནས་ཕར་འགྱངས་གནང་ཐབས་མེད་པ་ཞིག་ཡིན་ནམ། གང་ལྟར་ཡང་ཐེངས་འདིར་བཀའ་ཤག་ལའང་མཛད་དཀའ་ཞིག་བྱུང་བ་ནི་ཐག་ཆོད་པ་ཡིན་འདུག་ཀྱང་གསལ་བཤད་དེ་ནི་ཡིད་འདྲོངས་བ་ཞིག་ནི་མི་འདུག་གོ།
སྲིད་སྐྱོང་གིས་ཆོས་དེ་བེད་སྦྱོད་ལོག་པ་མ་བཏང་བའི་རེ་བ་ཡོད་དོ།