ཟླ་བ་གཞོན་ནུ།
རིན་ཆེན་སྣང་བས་འཕྲོག་པར་མི་བྱེད་ཉི་མའི་འོད་ཀྱིས་མི་བཟློག་པ།།
ལང་ཚོ་ལས་བྱུང་ན་ཆུང་གི་ནི་མུན་པས་ལྟ་བ་འགོག་བྱེད་ཅེས།།
གསུངས་པ་འདི་ལས་མད་པའི་གཏམ་ཞིག་བུ་ཆུང་སྒྲ་འཛིན་བུ་གར་སྟོང༌།།
བདེན་པའི་ཐ་ཚིག་རིང་ནས་བསྒྲགས་ཀྱང་མངོན་སུམ་འབྲས་བུ་དེ་རིང་མཐོང༌།།
ཟླུམ་གཟུགས་གོ་ལ་ཧྲིལ་བོའི་ངོས་ལ་གཟུགས་ཅན་གཞན་གྱིས་ཁྱབ་གྱུར་མོད།།
སྔོན་བསགས་ལས་ཀྱི་མཐུ་ལས་བསྐྱེད་པའི་གཡོལ་མེད་འབྲས་བུ་མངོན་གྱུར་བས།།
སྲུབས་བྱེད་མདའ་ལྔའི་འབེན་དུ་གྱུར་བ་བགྲང་ན་ངལ་བའི་རྒྱུ་ཡིན་ཡང༌།།
གཟུགས་མེད་འདོད་མདའ་བྱིངས་ལ་འཕངས་མོད་བདག་སྙིང་ཚལ་བ་སྟོང་དུ་གཤགས།།
དཀྱུས་རིང་མིག་གི་ཉག་ཕྲན་ཟེགས་མ་མ་ལྟར་བརྩེ་ལ་ཆར་བཞིན་བསིལ།།
དམར་ཆུང་མཆུ་སྒྲོས་སྦྲང་མའི་རྩི་དྲི་དྲི་བཞོན་བུ་མོས་གང་སར་བསྐྱལ།།
འཛུམ་པའི་ཞལ་དང་ལྡེམ་པོའི་སྐུ་ལས་ཞིམ་མངར་དྲི་བསུང་ཅི་ཡང་འཐུལ།།
ཁྱེད་ཀྱི་མཛེས་སྡུག་ཆ་ཙམ་མཐོང་བ་དེ་ཉིད་བྲིས་པའི་རི་མོར་བྱེད།།
གཡོ་བའི་སྤྱོད་པ་རིང་ནས་བཏང་བས་ཀུན་གྱི་མིག་ལ་ཁྱེད་ཉིད་མཛེས།།
མཛེས་པའི་གདོང་དང་ཕྲ་ལྡེམ་ལུས་ན་མ་བཅོས་རང་བྱུང་རྒྱན་ཆ་མང༌།།
མང་བོའི་གྲལ་ནས་བདམས་པ་བཞིན་དུ་ཀུན་པོའི་ཡིད་སྨོན་ཁྱེད་ལ་འཆོར།།
འཆོར་བའི་རི་དྭགས་རྨས་མ་ལྟར་དུ་དཀྱུས་རིང་འདྲེན་བྱེད་རིག་རིག་གཡོ།།
སློབ་གླིང་གྲུ་བཞིའི་གྲུ་ཁ་རེ་ནས་ཁྱེད་ཀྱིས་བཞག་པའི་རྐང་རྗེས་འཚོལ།།
སྒེའུ་ཁུང་བརྒྱུད་ནས་བྲིས་མའི་ཟོལ་གྱིས་ཁྱེད་ཀྱི་ངང་བའི་འགྲོས་ལ་ཅེར།།
མི་རྐྱང་འདུན་སར་ཁ་ལྕེ་ངལ་ཡང་ཁྱེད་ཀྱི་མཛེས་པ་ཡང་ཡང་གླེང༌།།
སྟུག་པའི་སྨག་གིས་མཐའ་ནས་བཏུམས་ཀྱང་ཁྱེད་ཉིད་ཁོ་ན་ལམ་ལམ་འཚེར།།
སྐད་ཅིག་དུས་ཀྱི་ཆ་ཤས་རེར་ཡང་མཇལ་འདོད་རེ་བས་སྔུན་ནས་འཐེན།།
བགྲོད་བྱེད་གོམ་ཁ་ཁྱེད་ལ་གཟས་ཀྱང་འཚེར་སྣང་དགྲ་བོས་གཞུག་ནས་འཇུས།།
འདྲེན་བྱེད་ཟུང་གི་འབྱེད་འཛུམ་རེ་ལའང་ལོ་དང་ཟླ་བའི་སྣང་བ་འཆར།།
ཉིན་ཞག་གཉིས་ཀྱི་འཁོར་མཚམས་བར་ན་བདག་ནི་འགྱོད་མེད་བྲན་གཡོག་ཉིད།།
ཁྱེད་ཀྱི་འཛུམ་པའི་གདོང་ལ་བལྟས་ཏེ་སེམས་གཏམ་བཤད་འདོད་མེད་པ་མིན།།
ཁྱེད་ཀྱི་སྡུག་པའི་བཞིན་ལ་ཅེར་ནས་སྙིང་གཏམ་ལུད་འདོད་མེད་པ་མིན།།
རིགས་ཞེན་དུངས་པ་སྙིང་ལ་ཟུག་པས་གཞོན་ནུའི་སྣང་བ་ཅམ་འཇོག་གིས།།
ཁ་བ་རི་བའི་ལས་དབང་རུལ་བོ་སྟག་གི་མཆེ་ནས་སྐྱོབ་པ་ཡིན།།
༢༠༠༧། ས་རཱར།
ཕྱག་རྒྱ་རིང་མོ་དྲ་ངོས་ཡོལ་བའི་སྟེང་ལ་རྩེན་པ་ཡིས།།
ཁོ་མོའི་ཕྱི་དྲན་དམར་བོ་མ་ཁོག་འཕྲལ་མར་ཚུར་ལ་བཀུག།
ཟླ་བ་གཞོན་ནུའི་འཛུམ་ཟེར་གཅིག་གི་ཁོ་མོའི་དྲན་ཤིང་དཀྲུག།
ཁྱོད་ལ་ལེ་བདའ་བྱེད་དམ་དུངས་སེམས་ཕྱི་རུ་མངོན་བསམ་ཅི།།
སྐུ་ཉིད་ལ་ཅུང་ཐུན་མིན་ཅན་གྱི་ཚིག་སྦྱོར་ཁྱད་པར་བ་ཞིག་འདུག་སྙམ་པ་བྱུང་། ཡིན་ན་ཡང་ཐོག་མའི་རྐང་བ་གཉིས་པའི་ལང་ཚོ་ལས་བྱུང་ན་ཆུང་གི་ནི་མུན་པས་ལྟ་བ་ ཞེས་པ་འདིར་ཅུང་མ་འབྲེལ་བ་ལྟ་བུའི་སྐྱོན་ཞིག་འདུག་སྙམ་ཡང་ཕལ་ཆེར་ངས་གོ་མ་ཐུབ་པ་ཡིན་རྒྱུ་རེད། གང་ཡིན་གསུངས་གནང་ཡོད་པ་མཁྱེན།
མ་གཞི་ས་རཱ་ན་ཡོད་དུས་མང་པོ་ཞིག་གིས་རྩོམ་ཡིག་རེ་འབྲི་སྟེ། དེ་ལས་ཐོན་པ་དང་གོ་མེད་ཚོར་མེད་དུ་འགྱུར་བ་ནི་ཕལ་ཆེར་འཚོ་བའི་གནོན་ཤུགས་ཡིན་ངེས། གལ་ཏེ་ཁྱེད་སློབ་མ་ཞིག་ཡིན་ན་དེ་དག་ལྟར་མིན་པར་རང་ཉིད་ཀྱི་འཚོ་བའི་ནང་དུ་རང་ཉིད་ཀྱི་ཤེས་ཡོན་རྒྱུན་འཁྱོང་ཐུབ་པར་ཤོག་ཅིག
མ་གཞི་ང་རང་ཡང་རྩོམ་སྟངས་འདི་རིགས་ལ་ཡིད་མོས་ནི་མི་དམན་ཙམ་ཡོད་ལགས།
བཀླགས་ཟིན། མྱི་གཞོན་པའི་རྩོམ་གཞོན་པ་འདི་ལ་ཅུང་ཟད་སྐྱོན་ཞིག་ཡོད་པ་ནི་སྙིང་སྟོབས་ཆུང་དྲགས་འདུག།
ཕོ་རྒོད་ཆེ་མོ་མི་དགའ་ཞེས་པའི་རྒྱ་མིའི་གཏམ་དཔེ་རུ་སེམས་སུ་འཛིན་དགོས་པར་སྣང༌།
དེ་མིན། མི་ཞིག་ལ་དགའ་བ་ཙམ་མི་མཛེས་པའམ་མཛེས་པར་མཐོང་བའི་གནད་འདི་ལ་ང་རང་ཅུང་ཟད་ཧང་སངས་འགྲོ།
ནོར་བཅོས། ཕོ་མི་རྒོད་མོ་མི་དགའ།
ལྷ་ནོར་སོགས་ཕེབས་པར་ཤིན་ཏུ་དགའ་ཡོད།
རྫ་ཚེ་རིང་བཀྲ་ཤིས་ལགས།
དེ་སློབ་དཔོན་དནྜའི་ཚིག་༼
ཉི་མའི་འོད་ཀྱིས་མི་བཟློག་པ༎
ལང་ཚོ་ལས་བྱུང་ན་ཆུང་གི༎
མུན་པས་ལྟ་བ་འགོག་པར་བྱེད༎༽ཅེས་པ་དེ་གཞི་ལ་བཞག་པའི་ཁུལ་ཡིན།
ཤོ་ལོ་ཀ་ཆ་ཚང་དྲན་སོས་ཀྱིན་མི་འདུག
ཉི་ཟླ་དབང་མོ་ལགས། སེམས་ཁམས་ཆུང་བའི་ཕོ་གཞོན་གྱི་བྱ་བྱེད་ལ་འདི་འདྲ་ཡོང་སྲིད་ཡ།
ཐུགས་རྗེ་ཆེ། དེ་དུས་ད་ལྟ་ལས་ཀྱང་བུ་མོ་ལ་ཐུག་ན་སྙིང་ཆུང་སྡར་མ་ཞིག་ཡིན།
ཁྱེད་རང་ཕོ་གསར་གང་རུང་ཞིག་ལ་སེམས་ཚོར་འདི་འདྲ་སྐྱེས་མྱོང་ཡོད་དམ།