ཆབ་མདོ་ངག་ཕུན་གྱིས།
སྔོན་དངུལ་མཚོའི་ལུང་པ་ཞེས་ཡུལ་ལྗོངས་སྟོད་སྨད་ཡོངས་རྫོགས་ལ་ཤིང་ནགས་ཀྱིས་ཁེངས་ཤིང་། དེའི་འཚོ་སྡོད་བྱེད་མཁན་སྲོག་ཆགས་རྣམས་རང་དབང་དང་ཞི་བདེའི་ངང་ནས་འཚོ་སྡོད་བྱེད་ཀྱི་ཡོད་པ་རེད། ཡིན་ནའང་སྐབས་རེ་ལུང་པ་དེར་ཁང་བྱིའུ་རྣམས་སྒུ་འབུ་འཐུ་བ་ཡོང་སྐབས་ཁ་ཏས་”ལུང་པ་འདི་ནི་ང་ཚོའི་ལུང་པ་ཡིན་པ་ལས་ཁང་བྱིའུ་རྣམས་གནས་འདིར་ཡོང་མི་ཆོག་”ཅེས་རྟག་ཏུ་ཁང་བྱིའུ་ལ་བརྙས་བཅོས་བཤད་ཀྱི་ཡོད། ཡིན་ནའང་ཁང་བྱིའུ་རྣམས་ཀྱིས་འཁྲུག་རྩོད་རྒྱབ་ན་ཕན་པ་ཅི་ཡང་མེད་བསམ་སྟེ་དགོངས་པ་ཆེ་བཞེས་ཀྱི་བཟོད་སྒོམ་བྱེད་ཀྱི་ཡོད། ཉིན་གཅིག་ཁང་བྱིའུས་བྱ་ཕྲུག་རྣམས་ཁྲིད་དེ་དངུལ་མཚོ་སྡེ་པའི་ལུང་པའི་ཕུ་ལ་ཕྱིན། བྱིས་ཕྲུག་རྣམས་ཀྱི་ཤིང་སྤང་འདྲེས་མའི་སྟེང་ལ་རྩེད་མོ་རྩེ་བཞིན་པའི་སྐབས་གློ་བུར་དུ་ཁ་ཏ་སླེབས་ཏེ་བྱིས་ཕྲུག་རྣམས་ལ་གཤོག་ལྕག་བརྒྱབ་པས་བྱ་ཕྲུག་རྣམས་དབང་མེད་དུ་སྐད་ངན་ཤོར། ཁང་བྱིའུ་ཨ་མའི་གོ་སྟེ་ལམ་སེང་འཕུར་ཡོང་སྟེ་བྱིས་ཕྲུག་རྣམས་ཀྱིས་མདུན་དུ་འབབ། ཁ་ཏས་ཁོང་ཁྲོའི་རྣམ་པས་”ལུང་པ་འདི་ནི་ང་ཚོའི་ཁ་ཏའི་ལུང་པ་ཡིན་པ་ལས་ཁང་བྱིའུ་རྣམས་ཞིང་པའི་ཁང་ཁྱིམ་དྲོད་མོའི་བར་འཁྱམ་གྱི་འོག་ལ་དབྱར་དགུན་སྟོན་དཔྱིད་མེད་པར་དགའ་སྐྱིད་ཀྱི་ངང་འཚོ་བ་རོལ་ཏེ་གནས་སྡོད་ཆོག་གི་ཡོད་ཅིང་། ང་ཚོ་ནི་དགུན་དུས་གྲང་ངར་འོག་ལ་བསྡད་དགོས་པ་དང་། དབྱར་དུས་ཆར་པས་རློན་པར་གྱུར་པ། དཔྱིད་དུས་ཉི་མས་འཚིག་པ་སོགས་ཀྱི་ནམ་དུས་བཞི་ལ་དཀའ་ངལ་གྱི་འོག་ཏུ་འཚོ་སྡོད་བྱེད་དགོས་ཀྱི་ཡོད། ཁྱོད་ཚོར་དེ་འདྲའི་དཀའ་སྡུག་ཅི་ཡང་མེད། དེར་བརྟེན་ལུང་པ་འདི་ནི་ང་ཚོ་ཁ་ཏའི་ལུང་པ་ཡིན་ན་ཁང་བྱིའུ་རྣམས་ཕྱིར་ལོག་རྒྱུག་”ཅེས་བརྗོད་ཀྱང་ཁང་བྱིའུ་ཉམས་སྣང་ཙམ་མེད་པར་བྱིས་ཕྲུག་རྣམས་ཁྲིད་དེ་སྤང་སྟེང་ལ་སྒུ་འབུ་འཐུ་བཞིན་བསྡད། དེ་ནས་ཁ་ཏ་ཁོང་ཁྲོ་ཁོག་ནས་ལངས་པ་དང་། ཞེ་ཁྲོ་ཞེ་ནས་ལངས་པས་རྣམ་གྱུར་ཞིག་སྟོན་ཏེ། ལུང་པ་འདི་ནི་ང་ཚོ་ལུང་པ་ཡིན་ན། ཁང་བྱིའུ་མ་བུ་རྣམས་ད་ལྟ་ཕྱིར་ལོག་དགོས་པའི་གླུ་འདི་ལྟར་ཞིག་བླངས་སོ། །
ཀྱེ་ཀྱེ་ཉོན་དང་ཁང་བྱིའུ་རྣམས།།
མ་གཡེང་རྣ་བས་ལེགས་པར་ཉོན།།
གཡུ་མཚོ་སྡེ་པའི་ལུང་པ་འདི།།
ཁ་ཏའི་གཅིག་པུའི་ལུང་པ་ཡིན།།
གང་བྱུང་གནས་འདིར་ཡོང་མི་ཆོག །
ཁང་བྱིའུ་ཡོང་བ་མ་ཚད་པས།།
སྒུ་འབུ་འཐུ་ཞིང་རྩེད་མོ་རྩེས།།
རི་ལུང་ཐམས་ཅད་འུར་གྱིས་བརྒྱངས།།
ཁ་ཏ་ཚང་ལ་བརྙས་བཅོས་ཡིན།།
ང་ཚོ་སེམས་ཀྱི་བཟོད་ཐབས་བྲལ།།
དེ་རིང་བཟུང་སྟེ་ཁང་བྱིའུ་རྣམས།།
སོ་སོའི་གནས་ལ་ཕྱིར་ལོག་དགོས།།
ད་ནས་བཟུང་སྟེ་ཁྱོད་རང་ཚོ།།
མ་སྡོད་ད་ལྟ་གནས་ལ་ལོག།
ཅེས་ལབ་སྟེ་འཇིགས་རུང་གི་རྣམ་པ་སྟོན་པ་དང་། ཁང་བྱིའུ་ཕ་དེས་ཁོག་ལ་ཁོང་ཁྲོ་ཚད་མེད་ལངས་ནའང་དོན་དག་འགྲུབ་དགོས་ན་ངང་རྒྱུན་རིང་དགོས་བསམ་སྟེ་ཕྱི་ཚུལ་ལ་གུས་ཞབས་ཀྱི་རྣམ་པར་བསྟན་རྒྱུ་གལ་ཆེ་སྙམ་སྟེ། “ཡ་ཨ་ཕོ་ཁ་ཏ་བྱ་ཆེན་ཁྱོད་ཀྱི་གང་ཞིག་བརྗོད་ཀྱི་ཡོད་དམ། ཁོང་ཁྲོ་དེ་འདྲ་ཞིག་སྟོན་དགོས་དོན་གང་ཞིག་ཡིན། མ་ཟད་ས་འདི་ཁྱོད་ཚོའི་ལུང་པ་ཡིན་ཞེས་སུ་ཞིག་གི་རྣམ་པ་ཚོར་སྤྲད་བཞག་པ་རེད། གལ་སྲིད་ས་ཆ་འདི་ཁྱོད་ཚོ་ཡིན་པས་ཁུངས་སྐྱེལ་གང་ཞིག་སྟོན་རྒྱུ་ཡོད་དམ། དེ་ཚོ་དཔང་རྟགས་སྟོན་རྒྱུ་ཡོད་ན་དེ་རིང་ནས་བཟུང་སྟེ་ཁང་བྱིའུ་ལུང་པ་འདི་ནས་ཐོན་འགྲོ་ཆོག་”ཅེས་ཟེར་བཞིན་གླུ་ཐུང་འདི་འདྲ་ཞིག་བླངས་སོ།
ཀྱེ་ཀྱེ་ཨ་ཕོ་ཁ་ཏ་ཉོན།།
ཁ་ཏས་ཐུབ་ཚོད་བཏང་བཏང་དེ།།
ད་ལྟའི་བར་དུ་ང་ཚོའི་འཁུར།།
ད་ནི་འཁུར་བ་མི་ནུས་ཀྱི།།
མ་ཟད་ཡངས་པའི་ས་ཆེན་འདི།།
འགྲོ་བ་ཀུན་གྱི་སྤྱི་ས་ཡིན།།
ང་དང་ཁོ་ཞེས་རྩོད་དགོས་མེད།།
ས་ནི་རང་བཞིན་བྱུང་བ་ཡིན།།
རྩ་རྣམས་རང་བཞིན་སྐྐྱེས་པ་ཡིན།།
ཆུ་ནི་རང་བཞིན་འབབ་པ་ཡིན།།
དེ་རྣམས་ཁ་ཏའི་བཟོས་རབས་མེད།།
གལ་སྲིད་ཁ་ཏས་བཟོས་ཟེར་ན།།
ད་ལྟ་ཉིད་ནས་འཐོན་འགྲོ་ཆོག།
ཁ་ཏའི་སེམས་ལ་དེ་ལྟར་ཞོག།
མང་པོ་བཤད་ན་དགོས་པ་མེད།།
ཅེས་བརྗོད་དེ་ཤིང་སྡོང་གི་སྟེང་ནས་ཕར་འཕུར་ཚུར་འཕུར་བྱས་ཏེ་བསྡད། དེ་ནས་ཁང་བྱིའུ་དང་ཁ་ཏ་གཉིས་རྩོད་པ་རྒྱབ་བཞིན་པ་འཇོལ་མོས་མཐོང་བས་དོན་དག་གང་ཞིག་གི་དོན་དུ་རྩོད་ཀྱི་ཡོད་པ་ཧ་མ་གོ་བས། ཤུག་པའི་སྟེང་དུ་འབབ་སྟེ་”ཁྱོད་གཉིས་གང་ཞིག་གི་དོན་དུ་རྩོད་ཀྱི་ཡོད་དམ་”ཞེས་དྲིས་པ་དང་། ཁ་ཏས་གཤོག་སྒྲོ་དཀྲུག་ཙམ་ཐེངས་འགའ་ཤས་བྱས་ཏེ་”ས་ཁུལ་འདི་ལ་ང་ཚོ་བསྡད་ནས་ལོ་མང་སོང་བའི་ས་ཁུལ་ཞིག་ཡིན་ན་ལོ་ཤས་སྔོན་ནས་ཁང་བྱིའུ་འདི་དག་སླེབས་ཏེ་ང་ཚོའི་ཁོར་ཡུག་གི་མཛེས་སྡུག་སྤང་གཤོངས་བརྔོགས་པ་དང་། རང་བཞིན་གྱི་འབབ་ཆུ་བཙོག་པ་བཟོས་པ་སོགས་ཀྱིས་ཡུལ་གྱི་མཛེས་ལྗོངས་ལ་གནོད་སྐྱོན་ཚད་མེད་གཏོང་བཞིན་འདུག་པར་བརྟེན་ལུང་པ་འདི་ནི་ང་ཚོའི་ལུང་པ་ཡིན་ཚུལ་འབྲེལ་བརྗོད་ག་ཚད་བརྒྱབ་ནའང་ཁང་བྱིའུ་རྣམས་ཀྱི་ཁྱོན་ནས་ཉན་འཇོག་མེད་པར་ལྐུགས་པའི་ཨུ་ཚུགས་བརྒྱབས་ཏེ་ཁྱོན་ནས་འགྲོ་གི་མི་འདུག་”སོགས་བཤད། དེ་ནས་ཁང་བྱིའུ་དེས་མགོ་བོ་དཀྲུག་བཞིན་བརྗོད་དོན། “ཁ་ཏས་དྲང་པོ་ཞིག་བཤད་མ་སོང་། ལུང་པ་འདི་ནང་དུ་ཁ་ཏ་དང་ཁང་བྱིའུ་མཉམ་དུ་གནས་ཀྱི་ཡོད། ཡིན་ནའང་ལོ་ཤས་སྔོན་ནས་ཁ་ཏས་དོན་མེད་ཁང་བྱིའུ་རྣམས་ལ་ལུང་པ་འདི་ཁོ་ཚོའི་ཡིན་རབས་བཤད་ནས་ག་དུས་ཡིན་ན་བརྙས་བཅོས་བཤད་ཀྱི་འདུག །ཡིན་ནའང་ང་ཚོ་ཁ་ཏ་ལ་ཞེད་ནས་ལན་སློག་མ་ནུས་པ་དེ་འདྲ་ཞིག་གཏན་ནས་མིན། ང་ཚོས་སེམས་ནང་ང་ཚོ་ཚང་མ་འདབ་ཆགས་སྤྱི་མཚུངས་ཡིན་ན་ཕན་ཚུན་དགྲ་ཤ་པ་མཐོང་བ་ནང་བཞིན་བྱེད་དགོས་དོན་མི་འདུག དེ་ལས་ཕན་ཚུན་ཞི་བདེའི་བག་ཕེབས་ཐོག་གནས་རྒྱུ་བྱུང་ན་བསམ་སྟེ་བསྡད་པ་ཡིན་ལ། དེ་བཞིན་འདབ་ཆགས་ཡིན་པའི་འདུན་ཤེས་ཀྱིས་ཁ་ཏའི་ག་རེ་བཤད་ཀྱང་བཟོད་སྒོམ་བྱས་ཏེ་བསྡད་པ་ཡིན། ལྷག་དོན་དེ་རིང་ཁ་ཏས་བྱིས་ཕྲུག་རྣམས་ལ་གཤོག་ལྕག་བརྒྱབ་པས་བྱེད་སྟངས་དེ་ལ་ཧ་ཅང་གི་བློ་ཕམ་ཚད་མེད་བྱུང་བས་ད་ནི་བཟོད་སྒོམ་བྱེད་རྒྱུ་མིན་ལ། འདབ་ཆགས་རྣམས་ཀྱི་ཐག་གཅོད་མ་བྱུང་བར་དུ་གནས་འདིར་བསྡད་ཀྱི་ཡིན་”ཚུལ་སོགས་བཤད། དེ་ནས་འཇོལ་མོས་གཤོག་སྒྲོ་དེ་བརྐྱངས་ཙམ་ཞིག་བྱས་ཏེ་གཉིས་ཀར་ཡིད་སེམས་དྲང་མོས་ཐོག་ནས་འདི་ལྟར་ཞིག་གླུ་བླངས་སོ།
ཀྱེ་ཀྱེ་ཉོན་དང་བྱ་ཆེན་གཉིས།།
བྱ་ཕྲུག་ནང་བཞིན་རྩོད་མ་སྐྱོན།།
ཕན་པ་ཅི་ཡང་ཡོད་མ་ཡིན།།
ང་ཚོ་ཚང་མ་འདབ་ཆགས་ཡིན།།
ཡངས་པའི་ས་ཆེན་འདི་ཉིད་ཀྱང་།།
ང་ཚོ་ཚང་མའི་སྤྱི་ས་ཡིན།།
དེ་ལ་རྩོད་པ་དགོས་དོན་མེད།།
བསམ་བློ་གུ་དོགས་མ་གཏོང་ཞིག།
ཁྱོད་རང་གཉིས་ལ་གསལ་འདེབས་ཡིན།།
ཞེས་འཇོལ་མོས་ཕྱོགས་རེས་མེད་པས་དྲང་པོ་བརྗོད་ཀྱང་ཁ་ཏའི་སེམས་ལ་འཕོག་སྟེ་ཁོང་ཁྲོ་དེ་ལས་ཆེ་བ་ལངས་ཏེ་གཤོག་སྒྲོ་སར་བརྡབ། མཆུ་ཏོས་ཤིང་བརྩག །སྡེར་མོས་བརྐྱངས་པ་སོགས་བྱས་ཏེ་འཇོལ་མོའི་ཕྱོགས་ལ་མིག་ཇེ་རེ་ལྟ་བཞིན་བསྡད་དེ་ཁོང་ཁྲོའི་རྣམ་པ་ཐོག་ནས་དེ་ལྟར་ཞིག་སྨྲས་སོ།
ཀྱེ་ཀྱེ་ཉོན་དང་འཇོལ་མོ་ཁྱོད།།
གཞན་གཉིས་གཏམ་གླེང་བྱེད་ས་ལ།།
ཁྱོད་རང་ཐད་ཇུས་དགོས་དོན་མེད།།
དངུལ་མཚོ་ལུང་པའི་ས་ཆ་འདི།།
ང་ཚོ་ཁ་ཏའི་ལུང་པ་ཡིན་པ་ལས།།
སུ་ཞིག་འདི་ལ་ཐོབ་ཐང་མེད།།
སྐྱེ་ནས་ད་ལྟའི་བར་དུ་ལ།།
ང་ཚོའི་བདག་བཟུང་བྱས་པ་ལས།།
འདི་ལ་སུ་ཞིག་ཐད་ཇུས་མེད།།
མ་ཤེས་ཤེས་མདོག་མ་བྱེད་ཅིང་།།
ཁ་རོག་བསྡད་ན་ཁ་མཆུ་མེད།།
མགོ་རུམ་བཅུག་ན་རླུང་བུ་མེད།།
ཟེར་བའི་གཏམ་དཔེ་ཨེ་གོ་ལགས།།
ཞེས་ཟེར་བ་དང་། འཇོལ་མོས་གཤོག་སྒྲོ་དཀྲུག་ཙམ་ཐེངས་འགའ་བྱས་ཏེ་ང་ཚོ་ཚང་མ་འདབ་ཆགས་གཅིག་འགྱུར་ཡིན་པའི་རྒྱུ་མཚན་གྱི་ལབ་པ་ཡིན་པ་ལས་གཞན་གྱི་དམིགས་ཡུལ་གང་ཡང་མེད། ལྷག་དོན་ངས་དངོས་ཡོད་ཀྱི་བཤད་པ་ལས་ཕྱོགས་རེས་ཀྱིས་གཏམ་སྤུ་ཙམ་མེད། ཡིན་ནའང་དྲང་པོ་བཤད་ན་མི་མི་དགའ། རྒྱུག་པ་འཁྱེར་ན་ཁྱི་མི་དགའ་ཟེར་བའི་དཔེ་བཞིན་རེད། ངས་དྲང་པོ་སྨྲས་པ་དེ་ལ་ཁ་ཏ་རྣ་བ་མ་འགྲོ་ན་བྱ་ཐབས་གཞན་གང་ཡང་མི་འདུག་བརྗོད་དེ་གཤོག་སྒྲོ་བརྐྱངས་ཏེ་དལ་གྱིས་ལྷོ་ཡི་ཕྱོགས་སུ་འཕུར་ཏེ་ཕྱིན། དེ་ནས་ཁང་བྱིའུ་དང་ཁ་ཏ་གཉིས་མུ་མཐུད་དེ་ཁ་རྩོད་རྒྱབ་བཞིན་པའི་སྐབས་པུ་ཤུད་ཀྱིས་མཐོང་སྟེ་ལམ་སེང་ལྕང་སྡོང་རིང་པོ་ཞིག་གི་ཡ་གའི་སྟེང་ལ་འབབ་སྟེ་མཆུ་ཏོ་མདུང་སོ་ནང་བཞིན་དེ་ལྕང་ལོར་ཕྱེ་ཙམ་བྱས། མགོ་ཐོག་གི་དམར་པོ་ཏོག་ནང་བཞིན་དེ་བྱ་རྐང་གིས་ཕྱེ་ཙམ་ཞིག་བྱས་ཏེ་ཁྱོད་གཉིས་ཅི་ཞིག་གི་དོན་དུ་རྩོད་ཀྱི་ཡོད་དམ་ཞེས་དྲིས་པ་དང་། ཁོ་གཉིས་ཀྱིས་སྔ་རྒྱུན་ཇི་བཞིན་བྱུང་རིམ་ཆ་ཚང་བཤད་པས། དེ་ནས་པུ་ཤུད་ཀྱིས་ཡུན་ཙམ་ཞིག་རིང་ལ་བསམ་ཞིག་གི་གནས་སུ་ལྷུང་། མཐར་པུ་ཤུད་ཀྱིས་ང་ཚོ་ཚང་མ་ནི་འདབ་ཆགས་གཅིག་འགྱུར་ཡིན་པས། དེ་མཚུངས་ཕན་ཚུན་བསྟུན་མཁས་དང་། བསམ་བློ་གུ་ཡངས་ཏེ་གཅིག་ཕན་གཅིག་གྲོགས་བྱ་རྒྱུ་དེ་ནི་ཧ་ཅང་གལ་ཆེའི་གནད་དོན་ཞིག་ཡིན་ཚུལ་བརྗོད་ཀྱང་ཁ་ཏས་ཉན་འཇོག་རྩ་བ་ནས་མ་བྱས་ཀྱང་པུ་ཤུད་ཀྱི་འདབ་ཆགས་གཅིག་འགྱུར་ཡིན་པའི་ངོས་འཛིན་གྱིས་བསླབ་བྱ་འདི་ལྟར་ཞིག་སྐྱོན་པ་རེད།
ཀྱེ་ཀྱེ་ཉོན་དང་འདབ་ཆགས་གཉིས།།
ཁྱོད་གཉིས་རྩོད་པ་མ་བརྒྱག་གཅིག།
ཕན་ཚུན་ཁོང་ཁྲོ་ལངས་པ་ལས།།
ཕན་པ་ཅི་ཡང་མེད་པ་ཡིན།།
ང་ཚོ་ཚང་མ་འདབ་ཆགས་ཡིན།།
ཕན་ཚུན་འཁྲུག་རྩོད་མ་སྐྱོན་ཞིང་།།
གཅིག་མཐུན་ཞི་བདེའི་གནས་ན་བཟང་།།
ཡར་སྐྱེས་རྩ་ནི་སྤྱི་བཟས་ཡིན།།
མར་འབབ་ཆུ་ནི་སྤྱི་ཆུ་ཡིན།།
ང་དང་ཁྱོད་ཅེས་རྩོད་དགོས་མེད།།
བསམ་བློ་ཞིབ་མཐོང་བྱ་ཆེན་གཉིས།།
དེ་འདྲའི་དོན་དུ་རྩོད་བསྡད་ན།།
ཡངས་པའི་ས་ཆེན་འདི་སྟེང་ལ།།
དུད་འགྲོ་གྲངས་མེད་ཡོད་པ་ཡིན།།
ཁོ་ཚོ་འཚོ་བ་གང་འདྲ་བསྐྱེལ།།
བསམ་ཞིག་ཐོངས་དང་བྱ་ཆེན་གཉིས།།
བྱ་རྒས་ང་ཡི་དྲང་གཏམ་ཡིན།།
ལྷག་དོན་བྱ་ཆེན་ཁ་ཏ་ཁྱོད།།
དེ་འདྲ་བདག་དབང་རྩོད་འགྱུར་ན།།
ཁྱོད་ལ་དཀའ་ངལ་འཕྲད་སྲིད་དོ།།
དེ་རྣམ་ང་ཡི་དྲང་གཏམ་ཡིན།།
ཕན་པ་འདུག་ན་བདག་པོ་རྒྱོབས།།
ཕན་པ་མེད་ན་གཡུག་ན་འགྲིགས།།
ཤ་ཚའི་གཏམ་ལ་འཇམ་པོ་མེད།།
དེ་ལུགས་ཐུགས་ལ་འཇག་པ་འཚལ།།
ཞེས་བསླབ་བྱ་གང་ཤེས་བརྒྱབ་ཁུལ་བྱས་ཀྱང་ཁ་ཏས་ཉན་འཇོག་ཁྱོན་ནས་མེད་པའི་རྣམ་འགྱུར་སྟོན་རྗེས། པུ་ཤུད་ཀྱིས་ད་དེ་འདྲ་ཁྱོད་གཉིས་ལ་གང་ཤེས་ལྷག་བསམ་ལྷད་མེད་བསླབ་བྱ་བརྒྱབ་ཁུལ་བྱས་ནའང་ད་དུང་ཉན་འཇོག་མེད་ན། ད་ནི་ང་ཚོ་འདབ་ཆགས་ཀྱི་རྒྱལ་པོ་ལ་ཞུས་ན་མ་གཏོགས་ཐག་གཅོད་ཁག་པོ་ཞིག་མཐོང་ཟེར་བས། པུ་ཤུད་ཀྱིས་བསམ་ཚུལ་དེ་ལ་ཁ་ཏ་དང་ཁང་བྱིའུ་གཉིས་ཀའི་མོས་མཐུན་བྱུང་སྟེ་པུ་ཤུད་འཕུར་ཏེ་འདབ་ཆགས་ཀྱི་རྒྱལ་པོའི་མདུན་དུ་གུས་ཞབས་དང་བཅས་ཏེ་བཅར་ནས་ཁ་ཏ་དང་ཁང་བྱིའུ་གཉིས་ཀྱི་གནས་སྟངས་ཆ་ཚང་ཞུས་རྗེས་ཁུ་བྱུག་གིས་ད་དེ་ནི་ལམ་སེང་གཙང་མ་མ་བཟོས་པ་ཡིན་ན་རྗེས་ཕྱོགས་རྙོག་གླེང་རྒྱུན་ཆད་མེད་པར་ཡོང་སྲིད་ན། ལམ་སེང་བང་ཆེན་སྐྱ་ག་བཏང་སྟེ་ཚོགས་བརྡ་སྦྱར་དོན་ལྟར་འདབ་ཆགས་རྣམས་ཁུ་བྱུག་བསྡད་སའི་མཐའི་ཤིང་སྡོང་སྟེང་ལ་བབས་ཏེ་ཕན་ཚུན་སྐད་ཅོར་བརྒྱབ་ནས་བསྡད། དེ་ནས་ཁུ་བྱུག་ཤུག་པ་རིང་པོ་ཞིག་གི་རྩེར་འབབ་སྟེ་འདབ་ཆགས་རྣམས་ལ་གཟིགས་པ་དང་། འདབ་ཆགས་རྣམས་ཀྱིས་གཤོག་པ་བསྐྱངས་ཏེ་གུས་འདུད་ཞུས། དེ་ནས་ཁུ་བྱུག་གི་འདབ་ཆགས་རྣམས་ལ་འཚམས་འདྲི་དང་འབྲེལ་སྐད་གསང་མཐོན་པོའི་ཐོག་ནས་དེ་རིང་ང་ཚོ་འདིར་ཛ་དྲག་གིས་ཚོགས་དགོས་བྱུང་དོན་ནི་ང་ཚོའི་སྤུན་གྲོགས་ཁ་ཏ་དང་ཁང་བྱིའུ་རྣམ་གཉིས་ཕན་ཚུན་ས་ཆའི་དོན་དུ་ཁ་རྩོད་ཤོར་སྐབས་འཇོལ་མོ་དང་། པུ་ཤུད་རྣམ་གཉིས་ཀྱིས་ཞི་འགྲིགས་ཡོང་བའི་འབད་བརྩོན་གནང་ནའང་ང་དང་ཁྱོད་ཅེས་པའི་རྩོད་བསྡད་ནས་ཞི་འགྲིགས་ཡོང་མི་འདུག་པས། མཐར་གནད་དོན་དེ་ངའི་མདུན་དུ་སླེབས་མ་ཐག་ངས་གནད་དོན་ཛ་དྲག་ལ་ངོས་འཛིན་གྱིས་འདབ་ཆགས་རྣམས་རུབ་སྟེ་ཐག་གཅོད་བྱེད་དགོས་པས། དེ་རིང་རྣམ་པ་ཚོས་བསམ་ཚུལ་གང་ཡོད་པ་གསུང་རོགས་གནང་ཟེར་བ་དང་། འདབ་ཆགས་སུ་ཞིག་གིས་འདི་རེད་དང་འདི་མ་རེད་ལབ་མཁན་སུ་ཞིག་མ་བྱུང་བས། དེ་ནས་ཁུ་བྱུག་གིས་དེ་རིང་ནས་བཟུང་སྟེ་ས་ཆ་འདི་དག་ནི་ང་ཚོ་ཙམ་མ་ཚད་འགྲོ་བ་ཡོང་གི་ས་ཆ་ཡིན་ན་ང་དང་ཁྱོད་ཅེས་རྩོད་པ་བརྒྱབ་མི་ཆོག་ལ། དེ་བཞིན་ང་ཚོ་ཚང་མའི་འཚོ་གནས་བྱེད་སའི་ས་ཆ་ཡིན་ན་ཁོར་ཡུག་འབག་བཙོག་དང་ཤིང་ནགས་གཅོད་བྲེག་ལ་སོགས་གཏན་ནས་བྱེད་མི་ཆོག་ལ། གལ་སྲིད་ཁོར་ཡུག་ལ་དོ་སྣང་མེད་པའི་གང་བྱུང་གིས་འབག་བཙོག་བཟོས་པ་སོགས་བྱུང་ཚེ་ཆད་པ་གནས་པོ་འགེལ་གྱི་ཡིན་ཚུལ་སོགས་བཤད་པས། དེ་ལ་ཚང་མ་གཅིག་འགྱུར་གྱི་མོས་འཐུས་བྱུང་བ་དང་། དེ་ནས་བཟུང་སྟེ་ཁ་ཏ་དང་ཁང་བྱིའུ་གཉིས་ང་དང་ཁོ་ཞེས་རྩོད་པ་མེད་པ་ཞི་བདེའི་བག་ཕེབས་བྱུང་བ་རེད་ལ། བྱ་དཔོན་ཁུ་བྱུག་གིས་འདབ་ཆགས་རྣམས་ལ་ཁོར་ཡུག་གཙང་ཉར་བཟོ་བ་ལས་གཙོག་པ་བཟོ་མི་ཉེས་པའི་བསླབ་བྱ་སྐྱོན་གནང་དོན་ལྟར་དུས་དེ་ནས་བཟུང་སྟེ་ལག་ལེན་ཚུལ་བཞིན་བྱས་པས་དབང་ཁོར་ཡུག་གཙང་ཞིང་། ཡིད་དུ་འོང་བ་དང་། ཁོར་ཡུག་དེ་ནང་འཚོ་སྡོད་བྱེད་མཁན་འདབ་ཆགས་རྣམས་ཀྱང་ཞི་བདེའི་བག་ཕེབས་ངང་གནས་ཐུབ་པ་བྱུང་བ་རེད་དོ།། །།
མཆན། (བཙན་བྱོལ་བོད་མིའི་མང་གཙོ་དབུ་བརྙེས་ནས་མི་ལོ་(༥༥)འཁོར་བའི་དུས་ཆེན་ལ་བཀའ་དྲིན་རྗེས་དྲན་མཚོན་ཆེད་དུ་ན་གཞོན་རྣམས་སོ་སོའི་མེས་པོའི་གཅེས་ནོར་བོད་ཡིག་ལ་དོ་སྣང་ཡོང་ཆེད་དུ་བྱིས་སྒྲུང་འདི་བརྩམས་པའོ།)
སྙན་པོ་ཞིག་བྲིས་འདུག
ཐུགས་རྗེ་ཆེ
ཁ་ཏ་དང་ཁྭ་ཏ་གཉིས་ལ་ཁྱད་ཡོདཔར་འདོད།
དག་བཅོས་གནང་བར་བཀའ་དྲིན་ཆེ་གནང་།