སྐྱོ་བྲག་དགའ་དབང་།
མདོ་ཁམས་གནས་ཆེན་ཉེར་ལྔའི་ཡ་གྱལ་སྐྱོ་བྲག་གནས་རྒན་མའི་འཁྲིས་སུ་ཆགས་ཤིང་འབའ་རོམ་བཀའ་བརྒྱུད་ཀྱི་ཆོས་བརྒྱུད་འཛིན་པ་སྐྱོ་བྲག་དགོན་པའི་ནུབ་ཕྱོགས། ཨེ་ཤ་ཡའི་གླིང་གི་ཆུ་བོ་ཆེན་ཤོས་ཡིན་པ་ཟླ་ཀླུང་ཁམ་པ་ནུབ་ནས་ཤར་དུ་རྒྱུག་པ་དང་། གངས་ཁྲོད་རྫ་དང་སྤང་གི་རི་ལུང་དག་ནས་བཞུར་བའི་ཆུ་ཕྲན་བགྲང་གིས་མི་ལོང་བ་འདུས་པའི་གཙང་ཆབ་སྔོན་མོ་སྙིང་ཆུ་བྱང་ནས་ལྷོ་རུ་བགྲོད་པའི་འདོམས་མཚམས་ཀྱི་གཡོན་ཟུར།
གྲུབ་པ་ཐོབ་པའི་འཕགས་ཆེན་ངོ་མཚར་ཅན་དག་གི་སྒྲུབ་གནས་ཆབ་བསྟི་བྲག་དཀར་གྱི་རི་བོའི་གདོང་རྒྱུད་ལྷོ་ཕྱོགས་སུ་བརྐྱངས་པའི་འདབས་རོལ་དུ། སྙིང་ཐང་གཞུང་། ཟེར་བའི་ཐང་ཆེན་རྟ་ཕོའི་བང་རྩལ་གྱིས་ཆོད་དཀའ་བ་ལ་དཀྱིལ་དུ་བྱ་རྒོད་སྤུངས་རི་ཞེས་པ་ཚོགས་གཏོར་བཤམས་པ་འདྲ་བའི་རི་འབུར་ཅན་ཞིག་ཡོད།
ཐང་འདིའི་ནུབ་ལུང་གཡས་གཡོན་གྱི་རི་རྒྱུད་བྲག་དཀར་གྱིས་ལ་ཐོད་བྱས་པ་སྤང་དང་ནགས་ཀྱིས་བཟུང་བ་ཇག་ལྡི་ནང་དུ་ཁོ་བོའི་ཕ་གཞིས་དྲོན་མོ་དེ་ཡོད་པས། རྒྱུན་པར་སྐྱོ་བྲག་དགོན་པ་དང་ཁྱིམ་དུ་འགྲོ་བསྐྱོད་བྱེད་པ་ན་ཐང་ཆེན་འདི་རྒལ་དགོས་ཐུག་གི་ཡོད། རྒལ་བྱེད་ནི་ཕ་མ་དྲིན་ཆེན་གྱིས་གནང་བའི་རང་གི་རྐང་པ་དམར་ཆུང་འདི་ཁོ་ན་ཡིན། ཆོས་པ་གསར་པས་གསེར་ཕྱེ་ཆུ་ལ་གཡུག་པའི་གཏམ་རྒྱུད་བཞིན་རྟ་དང་གཡག་ནི་ངས་ཞོན་གྱི་མེད་ལ། རླངས་འཁོར་སོགས་ཀྱི་འཕྲུལ་ཆས་ནི་སྐབས་དེ་དུས་ཆེས་ཉུང་ཉུང་རེད། རྗེས་མ་ཡུལ་སྡེར་ལྕགས་རྟ་ཞིག་དར་ཁྱབ་བྱུང་སོང་ནའང་ང་ལ་ནི་ཉོ་བྱེད་ཀྱི་སྒོར་མོ་མེད་ལ། མཚམས་རེ་ངོ་ཤེས་གྲོགས་པོ་ཡ་རབས་དྲ་མ་ཚོའི་ལྕགས་རྟ་གཡར་དུ་རྙེད་སྲིད་ནའང་བླ་མ་དང་ཕ་མས་ཞོན་བཅུག་གི་མ་རེད།
དགུན་དུས་ནུབ་རླུང་གྲང་མོ་དང་བསྡོངས་ནས་རྐང་ཐང་གིས་དགོན་པར་མར་འགྲོ་བ་ན། ལས་སླ་བོས་སླེབ་འགྲོ་ནའང་། ཁྱིམ་དུ་ཡར་འགྲོ་བ་ན། ཟླ་ཆུའི་འགྲམ་ནས་ལངས་པའི་བྱེ་རླུང་དམར་པོ་དང་། སྙིང་གཞུང་ནས་ཡོང་བའི་ཐལ་རླུང་ནག་པོ་སྟེ་རླུང་ཆེན་དག་གཤག་མ་ཐུབ་པའི་དཀའ་ངལ་དང་། མཚམས་རེ་རླུང་ཆེན་དམར་ནག་དྲག་ཏུ་འཐབ་པའི་རླུང་ནག་འཚུབ་མ་དགུ་ཀློང་འཁྱིལ་བའི་དབུས་སུ་ཚུད་འགྲོ་བ་ན་ཕྱོགས་མཚམས་གང་ཞིག་ཏུ་ཁྱེར་འགྲོ་བའང་མི་འཚལ་བའི་འཇིགས་སྣང་སོགས་ད་ལྟ་དྲན་པ་ནའང་སྐྱི་གཡའ་ཡོང་གི་གདའ། དཀའ་ཚེགས་ཡོད་མེད་ལ་མ་ལྟོས་པར་ཡར་མར་སོང་སོང་བའི་གྲངས་ནི་ཆེས་མང་བ་སྟེ། གལ་ཏེ་རྐང་རྗེས་རྣམས་བརྩིག་ཏུ་ཡོད་ན་རི་བོའི་གཏོས་དང་མཉམ་པ་ཞིག་ཡོད་ངེས་པ་ཡིན་ནའང་ཕྱིས་འཕགས་ཡུལ་དུ་གྱར་རྗེས་འགྲོ་མཚམས་ཆད་ཐལ།
མ་འོངས་པའི་ལོ་ཟླའི་ནང་དུ་འགྲོ་བའི་སྐལ་བ་ཡོད་མེད་ནི། ང་ལ་མངོན་ཤེས་ཟེར་བའི་ཤེས་པ་དམིགས་བསལ་བ་དེ་མེད་པའི་ཕྱིར་ན་བཤད་ཐུབ་པ་ཞིག་མ་རེད། གཅིག་བྱས་ན། བོད་པའི་ཁ་དཔེར་ཡོད་པ། མི་མ་ཤི་ཚེ་རིང་ན། ལྷ་ཤི་བའི་རོ་དང་ཐུག །ཟེར་བ་བཞིན། མ་ཤི་ཚེ་རིང་བྱུང་ན། རྒས་ཤིང་འཁོགས་པའི་རྐང་པ་འཁྱོག་པོའི་རྗེས་ཤུལ་ཞིག་ཡང་དུ་འཇོག་སྲིད་པ་རེད་ལ། གཅིག་བྱས་ན། སླར་མི་ལྡོག་པའི་ཆོས་ཅན་གྱིས་རྐང་རྗེས་འཇོག་པའི་སྐལ་བ་གཏན་ཆད་དུ་གྱུར་ཟིན་ཡོད་ཀྱི་རེད། གང་ལྟར་འདས་འོངས་ཀྱི་གནས་ཚུལ་ཚང་མ་འདི་བཞིན་ཡིན་པ་ལས། ང་གཅིག་པུས་སྙིང་ཐང་གཞུང་ལ་རྐང་རྗེས་འཇོག་པའི་གནས་ཚུལ་ཙམ་ཞིག་ནི་མ་རེད།