བསོད་ནམས་ནོར་བུ། (རྣམ་གྲོལ་གླིང་།)
ཉི་མའི་འོད་ཟེར་སྤྲིན་ནག་རྒྱབ་ཏུ་རྨས།།
བར་སྣང་མི་དྭངས་ས་ལ་སྨུག་པ་འཁོར།།
གནམ་གྱི་རྒྱལ་མོ་བཤུམ་པའི་མིག་ཆུ་རེ།།
དེ་རིང་སུ་ཡི་གདོང་ལ་འཛག་གིན་ཡོད།།
རྒྱ་སེ་རྙིང་པས་རྒྱབ་ནས་ལག་པ་གཡུག།
བེ་ཏའི་ཡལ་གས་མདུན་ནས་གཡབ་མོ་བྱེད།།
མ་ཉལ་མིག་ཟུང་མདུན་ལ་བགྲད་པ་ན།།
ཡངས་པའི་ལམ་ཁས་ཁ་དར་འཐེན་གྱི་ཡོད།།
ལྕི་མོའི་གོམ་རྗེས་ལམ་གྱི་གཞུང་ལ་དཔར།།
རིགས་ཀྱིས་བཀལ་བའི་ཁུར་པོ་ཕྲག་ཏུ་བཟུང་།།
མིག་རྣའི་སྔུན་ལ་འཚེར་བའི་ཡིག་འབྲུ་རེ།།
འཐག་གིན་རྒྱང་རིང་གང་ལ་བཞུད་ནས་འགྲོ།།
རྣ་བར་ཤར་སེ་ལྡང་བའི་རླུང་ཡན་དེ།།
ལུས་ཀྱི་རྔུལ་ཆུ་གསེད་པའི་འདབ་མ་དང་།།
ཁེར་གྱིས་འཐེན་པའི་རྐང་རྗེས་རབ་རིབ་དག།
མིག་ངོར་ལྷང་ལ་ཕུད་པའི་པིར་སྨྱུག་ཅིག།
འཕྲུལ་འཁོར་ཅོང་བརྡས་རྣ་ལ་བསླུ་བྲིད་བྱེད།།
གཞུང་ལམ་དྲང་མོས་མིག་ལ་རོལ་རྩེད་སྟོན།།
ངལ་རྩོལ་རྒད་པོས་ལུས་ལ་ངར་ཤུགས་སྦྱིན།།
འགྲོ་དང་གནམ་མཐའི་གསང་བ་སྔོག་གི་འགྲོ།།
4/ 9/ 2015/