ཆབ་མདོ་ངག་ཕུན།
ངའི་སེམས་དབུས་ནས་ནམ་ཡང་བརྗེད་ཐབས་མེད་པའི་ཕ་ཡུལ་ནི། རི་བོའི་རྩེ་ལ་དུས་བཞིའི་འགྱུར་བ་མེད་པ་གངས་ཀྱི་གཡོག་ཅིང་། མི་རྒྱུས་མེད་གཅིག་གིས་རྒྱངས་རིང་ནས་བལྟས་ཚེ་རི་བོ་རྩེར་རས་གུར་དཀར་ཕུག་པའི་འགྲུལ་པ་དུ་མ་ཞིག་སྒར་བརྒྱབ་ནས་བསྡད་འདུག་བསམ་སྲིད། འོན་ཀྱང་དེ་འདྲ་མ་ཡིན་པས་དེ་ནི་གངས་རི་བཞུ་བའི་ཤུལ་ཡིན་པ་ལས་གཞན་གང་ཡང་མིན། རི་བོའི་འདབ་ལ་ཤིང་རིགས་སྣ་ཚོགས་སྐྱེས་ཤིང་དེའི་ནང་རི་དགས་ཤ་བ་དང་། གླ་བ། དོམ། དྲེད་མོང་། དགོ་བ། སྤྱང་ཀི །འཕར་བ། གཡི། གཟིག །གནའ་བ། །སྤྲ་དང་སྤྲེའུ་ལ་སོགས་གནས་དེར་ཞི་བདེའི་བག་ཕེབས་ཀྱི་འཚོ་སྡོད་བྱེད་ཀྱི་ཡོད། རི་གཤམ་གྱི་སྤང་ཐང་ཡང་ཞིང་རྒྱ་ཆེ་བ་དང་། དེའི་སྟེང་ལ་རྟ་ནོར་ལུག་གསུམ་གྱིས་ཁེངས་ཤིང་། གཡག་རྒོད་ཀྱིས་ཧར་སྒྲ་དང་། གཡག་རྔ་ཟེལ་སློག་སློག །གཡང་དཀར་ལུག་གིས་འབག་སྒྲ། འདོ་བ་རྐྱང་རྒོད་ཀྱིས་འཚེར་ལྷང་། ཚེ་ཚེ་ར་ཡིས་མཆོང་ལྡིང་། ལུག་གུ་དང་རེའུས་རྩེད་དགོད། སྤང་ལྗོངས་ཡང་པའི་སྟེང་ལ་རྐང་པ་སྤོ་མི་ནུས་པའི་དེ་འདྲའི་མེ་ཏོག་སྣ་ཚོགས་ཤར་བའི་སྟེང་ན་ཆུང་རྫི་བོ་རྣམས་གློ་ཉལ་བརྒྱབ་སྟེ་ཕན་ཚུན་ཁ་ཤགས་བརྒྱབ་རེས་སོགས་ཀྱིས་རྩེད་མོར་རོལ་གྱི་ཡོད།
དམན་ཆུང་བུ་མོ་ཚོས་ཀྱང་དཔྱིད་དུས་སྐྱ་སེར་སྔོ་ཆད་ཕེབས་བསྐྱེལ་ཞུས་ཏེ་དབྱར་གྱི་ལང་ཚོ་ཡིད་འོང་ལྗོན་པའི་བུ་མོ་ཕེབས་བསུ་ཞུས་ཏེ། དབྱར་དུས་ཀྱི་འཕོ་འགྱུར་དེ་དག་མཐོང་དུས་རྫི་བོ་དམན་ཆུང་མ་ཚོས་དགའ་བའི་ཚོར་སྣང་གིས་གླུ་ཆུང་ལེན་བཞིན་མཆིས་ལ། རང་དབང་མེད་པའི་རྫི་བོ་ན་ཆུང་རྣམས་ཀྱི་སེམས་ཁམས་ལ་ཞི་བདེའི་སྣང་བ་གསར་པ་རེ་བསྐྲུན་ཡོང་གི་ཡོད་པ་རེད། ཆར་པ་སིམ་སིམ་བབ་པའི་སྤང་ལྗོངས་ཡང་པའི་སྟེང་ལ་རྟ་ནོར་ལུག་གསུམ་གྱིས་གཟེགས་རྩ་མདངས་མ་ཟ་བཞིན་རྔ་མ་ཟེལ་སློག་སློག་གཡུག་གི་གདའ་ལ། བེའུ་དང་རྟེའུ། ལུག་གུ །རེའུ་རྣམས་སྤང་སྟེང་ལ་ཕར་མཆོང་ཚུར་མཆོང་རྒྱབ་བཞིན་ཡོད། སྤང་ལྗོངས་ནི་དེ་འདྲ་ཡིད་དུ་འོང་ཞིང་ལོ་རྒྱུས་ཡུན་རིང་ལྡན་པའི་སྤང་ལྗོངས་ཡིན་ལ། དེ་དག་ནི་ང་ཡི་སེམས་ཁམས་ནས་ནམ་ཡང་བརྗེད་ཐབས་པའི་སྤང་ལྗོངས་ཞིག་ཀྱང་ལོས་ཡིན།
ངའི་ལྟེ་ཕྲག་ཐོག་མ་འཕོས་སའི་ཕ་ཡུལ་གྱི་རྩ་ཐང་ཞིག་ཀྱང་རེད། ཁོར་ཡུག་བཀོད་ལེགས་མཛེས་ཤིང་སྤང་ལྗོངས་ཡང་པོའི་གཡས་གཡོན་ནས་གངས་ཆུ་སྔོན་མོས་རྦ་རླབས་འཕྱུར་བཞིན་ས་གཞི་ཆེན་པོའི་སྟེང་གི་སྲོག་ཆགས་གྲངས་ལས་འདས་པའི་སྐོམ་པ་སེལ་ཏེ་ཕན་བདེའི་རླབས་ཆེན་བསྐྲུན་ཏེ་དལ་གྱིས་རྒྱུ་བཞིན་མཆིས། རྙོག་པ་མེད་པའི་གངས་ཆུ་སྔོན་མོ་དེ་དག་མིག་མདུན་དུ་མཐོང་སྐབས་སེམས་ཀྱི་དཀའ་སྡུག་མཐའ་དག་སྐད་ཅིག་ཉིད་ལ་སེལ་བ་ལྟ་བུའི་སྣང་བ་སྦྱིན་འོང་། ང་ཡི་ཕ་ཡུལ་ནི་ལོ་རྒྱུས་ཡུན་རིང་ལྡན་ཞིང་ཤེས་རིག་ཕུན་སུམ་ཚོགས་པའི་མི་རིགས་ཤིག་ཡིན་ཞིང་། བསྐལ་པ་ཡར་ཐོག་གི་མེས་དབོན་དམ་པ་ཚོས་ངལ་བ་ཁྱད་དུ་བསད་ནས་མཐོ་སྒང་འདིར་གནས་ཆགས་ཤིང་། དུས་དེ་ནས་བཟུང་སྟེ་རིམ་པའི་ཤེས་རིག་གི་འཕེལ་རྒྱས་ཀྱིའོད་སྣང་བསྐྲུན་ཏེ་བྱས་རྗེས་རླབས་ཆེན་བཞག་ཡོད།
ངས་སེམས་དབུས་ནས་མེས་དབོན་དམ་པ་ཁོང་རྣམས་ལ་བཀའ་དྲིན་རྗེས་དྲན་ཞུ་བཞིན་ཡོད་ལ། ཁོང་རྣམ་པའི་བཀའ་དྲིན་ནི་ནམ་ཡང་བརྗེད་ཐབས་མེད། མེས་དབོན་ཁོང་རྣམ་པའི་མཛད་རྗེས་ལ་བརྟེན་ནས་ད་ལྟ་སའི་གོ་ལ་སྟེང་ལ་བོད་མི་རིགས་ཀྱི་ཤེས་རིག་ལ་དོ་སྣང་བྱེད་མཁན་ཉིན་རེ་བཞིན་ཇེ་མང་དུ་འགྱུར་བཞིན་ཡོད་ཅིང་། ཡིན་ནའང་དུས་རབས་འཕེལ་རྒྱས་དང་བསྟུན་ཏེ་ང་ཚོའི་རིག་གཞུང་འཕེལ་རྒྱས་གཏོང་མ་ཐུབ་པ་ལས་གནའ་བོའི་མེས་དབོན་དམ་པ་ཚོས་ནོར་འཁྲུལ་ཞིག་ག་ལ་ཡིན་སྲིད། དེ་ནི་ང་ཚོ་མི་རབས་གསར་པ་ཚོས་ནོར་འཁྲུལ་ལས་གཞན་ཅི།
བོད་སིལ་བུའི་འཐོར་བ་ནས་བཟུང་སྟེ་བོད་ཀྱི་ཆབ་སྲིད་ཀྱི་གོང་བུ་ཆིག་བསྒྲིལ་ལ་གོད་ཆག་བྱུང་ཡོད་ཅིང་། དེ་ཡང་ང་ཚོའི་ནང་ཁུལ་ལ་ཆོས་ལུགས་བར་གྱི་འགལ་ཟླ་དང་། ལུང་ཚན་གྱི་འགལ་ཟླ། མཐོ་རིམ་གྱི་འགལ་ཟླ། བླ་སློབ་ཀྱི་འགལ་ཟླ་སོགས་ལ་བརྟེན་བོད་ཀྱི་ཆབ་སྲིད་ལ་ཉམས་གུད་བྱུང་མགོ་བཙུགས་ཡོད། ད་ནི་འདས་ཟིན་པའི་ལོ་རྒྱུས་ཁག་ལས་བསླབ་བྱ་བླངས་ཏེ་མདུན་བསྐྱོད་བྱ་རྒྱུ་ནི་ང་ཚོ་མི་རབས་གསར་པ་ཚོས་འོས་འགན་ཆེ་ཤོས་དེ་ཡིན་ལ་ཧ་ཅང་གལ་ཆེ་རང་བཞིན་ཡིན་པར་མངོན།
ཕྱི་ལོ་༡༩༤༩ ལོ་ནས་མགོ་བཙུགས་ཏེ་བོད་ཤར་ཕྱོགས་ནས་རྒྱ་དམར་གུང་ཁྲན་ཏང་བོད་ཆོས་ལྡན་གྱི་ཞིང་དུ་བཙན་འཛུལ་བྱས་ཏེ་༸རྒྱལ་བ་རིན་པོ་ཆེ་དང་སྐུ་འཁོར་ཧྲག་བསྡུས་ཤིག་(༡༩༥༩)ལོའི་ནུབ་མོ་བཙན་བྱོལ་ལ་ཕེབས་དགོས་བྱུང་བ་རེད། དེ་ནས་རྒྱ་དམར་གྱིས་ཕྱི་ལོ་(༡༩༦༦)ལོར་བོད་མི་རིགས་ཡོངས་རྫོགས་མེད་པ་བཟོ་ཆེད་དུ་རིག་གནས་གསར་བརྗེ་ཟེར་བའི་ཆེས་གདུག་རྩུབ་ཅན་གྱི་སྲིད་ཇུས་མདོ་དབུས་ཁམས་གསུམ་ལ་སྤེལ་ཏེ་བོད་མི་རིགས་ཀྱི་མེས་དབོན་གོང་མ་ཚོས་ངལ་བ་ཁྱད་དུ་བསད་དེ་བཞེངས་སྐྲུན་གནང་བའི་དགོན་རྙིང་བྱིན་ཅན་དང་། སྐུ་གསུང་ཐུགས་རྟེན་དུ་མ་ཞིག་མེར་བསྲེག་པ། ཆུར་བསྐྱུར་བ། ཞིང་ཁའི་ལུད་རྫས་བཟོས་པ། དགོན་པ་བཤིག་སྟེ་ཤིང་ཆ་རྣམས་འབུད་ཤིང་བཟོས་པ། མ་ཎི་རྡོ་ཕུང་རྣམས་བཤིག་སྟེ་རྒྱ་ལམ་འོག་ལ་བསྣན་པ་སོགས་བོད་མི་རིགས་ཀྱི་ལོ་རྒྱུས་ནང་བྱུང་མྱོང་མེད་པའི་གཏོར་བཤིག་ཚབ་ཆེན་བཟོས་ཡོད།
མ་ཟད་བོད་མི་བསམ་ཡོད་ཅན་རྣམས་ལ་ཉེས་མིང་སྣ་ཚོགས་བཏགས་ཏེ་བཙོན་དུ་བཅུག་སྟེ་སྡུག་སྦྱོང་བཏང་སྟེ་རིག་འཚོ་མ་ཟིན་པར་བཟོས་པ། ཁ་འགུ་ཙམ་གྱི་མ་ཎི་འདོད་ཀྱི་ཡོད་ཚུལ་ཉེས་མིང་བཙན་གྱིས་གཡོག་སྟེ་མནར་གཅོད་ཀྱི་དཀའ་སྡུག་ཚད་མེད་མྱོང་དགོས་བྱུང་ཡོད། དེ་ནས་ཕྱི་ལོ་༡༩༧༠ནང་ཆབ་སྲིད་ཕྲན་བུ་གུ་ཡངས་ཀྱི་འཕོ་འགྱུར་བྱུང་བ་དང་བསྟུན་ཏེ་ང་ཡང་རེ་བ་དང་ཡིད་སྨོན་སྣེ་མོ་ཞིག་ལ་གཞི་བཅོལ་ཏེ་ཕྱི་ལོ་(༡༩༨༦)ལོར་ཕ་མ་དང་སྤུན་མཆེད་ཁ་བྲལ་འདོད་མེད་བཞིན་ལས་དབང་ལ་གཞི་བཅོལ་ཏེ་རྒྱ་གར་འཕགས་པའི་ཡུལ་ལ་ལ་ལུང་མང་པོ་བརྒལ་ཏེ་བཙན་བྱོལ་ལ་ཡོང་།
གནས་འདི་སླེབས་པ་དང་ངོ་ཤེས་པ་ནི་ཨ་སྔོན་གནམ་དང་ས་གཞི་ལས་གཞན་ཅི། འོན་ཀྱང་མཐོང་བ་དོན་ལྡན་གྱི་བཀའ་དྲིན་ཉག་གཅིག་ལ་བརྟེན་ཟས་གོས་སོགས་ལ་དཀའ་ངལ་མེད་པ་གྱུར་ནའང་ཕ་ཡུལ་དང་ཕ་མ་སྤུན་མཆེད་ཁ་བྲལ་ཏེ་མི་ཡུལ་ལ་ཕ་ཡུལ་དང་བཀའ་དྲིན་ཅན་གྱི་ཕ་མ་དྲན་ཏེ་སེམས་སྡུག་གིས་ཁེངས་ཤིང་གནས། སྐབས་རེ་ལས་ཀ་གྲོལ་བ་དང་ཉལ་ཁྲི་སྟེང་ལ་ལྟག་ལོག་བརྒྱབ་སྟེ་གླུ་འདི་འདྲ་ལེན་གྱི་ཡོད།
བཀའ་དྲིན་གྱི་ཨ་མས།།
བརྩེ་བའི་བཀའ་དྲིན་བསྐྱངས་པའི།།
བུ་ཆུང་ང་ཡི་སེམས་གཏིང་།།
ནམ་ཡང་བརྗེད་ཐབས་མི་འདུག།
སྐྱིད་པའི་ཕ་ཡུལ་ཕྱོགས་ཀྱི།།
རི་ལུང་ཡིད་ལ་འཁོར་ཞིང་།།
འགྲོ་འདོད་སྙིང་ནས་དྲན་ཡང་།།
འགྲོ་བའི་རང་དབང་མི་འདུག།
དྲིན་ཅན་ཡབ་ཡུམ་རྣམས་ཀྱིས།།
བུ་ཆུང་བརྩེས་བསྐྱངས་མཐོང་དུས།།
བདག་གི་དྲིན་ཅན་ཡབ་ཡུམ།།
དྲིན་ཞིང་དྲིན་ཞིང་སྐྱོ་བྱུང་།།
ཆུ་མོ་ཤང་ཤང་འབབ་མཐོང་།།
མདངས་གཙང་ཕ་ཡུལ་ཕྱོགས་ཀྱི།།
དྲི་ཞིམ་ངོམས་ཆུ་སྔོན་མོ།།
ཡིད་ལ་ཡང་ཡང་འཁོར་ཞིང་།།
མདུན་རི་མཐོན་པོའི་རྩེ་ལ།།
གངས་དཀར་གནས་པ་མཐོང་དུས།།
ཕ་ཡུལ་ཕྱོགས་ཀྱི་གངས་རི།།
ཡིད་ལ་ཡང་ཡང་འཁོར་བྱུང་།།
གྲོང་གསེབ་རྟ་ཆུང་མཐོང་དུས།།
ཡིད་འོང་མཛེས་སྡུག་ལྡན་པའི།།
ཕ་ཡུལ་འདོ་བ་རྐྱང་རྒོད།།
ཡིད་ལ་ཡང་ཡང་འཁོར་བྱུང་།།
ཤིང་ནགས་སྟུག་པའི་གསེང་ནས།།
བྱ་ཚོགས་སྐད་སྙན་གོ་དུས།།
ཕ་ཡུལ་ལྷ་བྱ་གོང་མོ།།
ཡིད་ལ་ཡང་ཡང་འཁོར་བྱུང་།།
མི་ཡུལ་ཚ་བ་རོང་ནས།།
རྔུན་ནག་འཚུབ་ཚེ་འགྱུར་དུས།།
སྐྱིད་པའི་བསིལ་ལྗོངས་ཞིང་ཁམས།།
ཡིད་ལ་ཡང་ཡང་འཁོར་བྱུང་།།
ཡིད་འོང་མཛེས་སྡུག་ལྡན་པའི།།
སྐྱིད་པའི་ཕ་ཡུལ་ཡུལ་ལྗོངས།།
ཡིད་ལ་ཡང་ཡང་འཁོར་ཞིང་།།
འགྲོ་བའི་འདོད་པ་སྐྱེས་བྱུང་།།
བླ་མ་དཀོན་མཆོག་གསུམ་གྱི།།
ཐུགས་རྗེའི་སྤྱན་གྱི་གཟིགས་ཏེ།།
བུ་ཆུང་ཕ་ཡུལ་སླེབས་པའི།།
གྲོགས་དང་འཕྲིན་ལས་མ་ཆུང་།། ཅེས་ཕ་ཡུལ་དང་དྲིན་ཅན་ཕ་མ་དྲན་པའི་མིག་ཆུ་ཤོར་བ་ནི་གྲངས་འདས། འོན་ཀྱང་རང་ཉིད་ཀྱི་རང་ཉིད་ལ་སེམས་གསོ་བྱེད་དེ་སྡུག་རུས་བརྒྱབ་རྒྱུ་ལས་གཞན་བྱ་ཐབས་ཅི་ཡང་མེད་ཅིང་། དེ་ནི་ལས་དབང་གི་བསྐོས་ཐང་ཡིན་རྒྱུ་རེད་སྙམ། མཐའ་མཇུག་གི་རེ་བ་ནི་ད་ནི་ང་ཚོ་ཚང་མས་རྡོག་རྩ་ཆིག་ཏུ་བསྒྲིལ་ཏེ་རང་དབང་རྩོད་ལེན་གནང་དགོས་པ་ལས་ཕན་མེད་ནང་ཁུལ་ཆོལ་ཁ་དང་ཆོས་ལུགས་ཀྱི་འཐེན་འཁྱེར་འགོས་པའི་ནད་བཞིན་སྤོངས་དགོས་ལ། དེ་འདྲ་ཡོང་བའི་རེ་བ་དང་སྨོན་འདུན་ཞུའོ།། །།
ཆབ་མདོ་ངག་ཕུན་གྱིས། 2015/9/4