ཆབ་མདོ་ངག་ཕུན།
མི་ང་ལ་བཀའ་དྲིན་ཆེ་བའི་རྒན།།
དུས་དེ་རིང་དྲན་ཞིང་དམ་པ་ཁོང་།།
དུས་རྟག་ཏུ་ངལ་མེད་སློབ་ཕྲུག་ལ།།
ཐུགས་བརྩེ་བ་ཆེན་པོའི་སློབ་འཁྲིད་གནང་།།
ཞལ་འཛུམ་མདངས་སྟོན་བཞིན་བརྩེ་བས་བསྐྱངས།།
ཐུཌ་ལྷོད་པ་མེད་པའི་སློབ་འཁྲིད་མཛད།།
མི་མཐོ་དམའ་མེད་པར་གཅིག་ཏུ་གཟིགས།།
རྒན་བཀའ་དྲིན་སྙིང་ནས་ཡང་ཡང་དྲན།།
མི་ང་ལ་ཁ་ལག་མེད་འགྱུར་སྐབས།།
རྒན་ཁོང་གི་བག་ལེབ་ང་ལ་གནང་།།
རྒན་ཁོང་ཉིད་གྲོད་ཁོག་སྟོང་པར་བཞུགས།།
རྒན་བཀའ་དྲིན་སྙིང་ནས་ཡང་ཡང་དྲན།།
གནས་གྲོང་གསེབ་ཆ་རྐྱེན་ཞན་ན་ཡང་།།
དེ་ཆོག་ཤེས་འཛིན་ཞིང་ན་གཞོན་ལ།།
སྐུ་ངལ་བ་ལྷོད་མེད་སློབ་འཁྲིད་མཛད།།
རྒན་བཀའ་དྲིན་ཅན་ཁོང་སྙིང་ནས་འདུད།།
ཤེས་རིག་ཁོག་ཏུ་ཡོངས་སུ་ཆུད།།
མ་རིག་རྨོངས་པ་སེལ་བ་པོ།།
བཤེས་གཉེན་ཆེན་པོ་བློ་བརྟན་ལ།།
བདག་གི་སྙིང་ནས་གུས་འདུད་ཞུ།།
ན་གཞོན་བུང་བ་ཁྱུ་ཚོགས་ལ།།
ཤེས་རིག་སྦྲང་རྩི་མདངས་མ་རྣམས།།
ངལ་བ་ལྷོད་མེད་སློབ་འཁྲིད་མཛད།།
ན་གཞོན་བུང་བའི་ལུས་སྟོབས་རྒྱས།།
ང་རྒྱལ་ཕྲག་དོག་ཁོང་ལ་མེད།།
གཞན་ལ་གནོད་སེམས་བྱས་རབས་མེད།།
མཐོ་ལ་སྤྲེལ་ལད་འཁྲབ་པ་མེད།།
དམའ་ལ་ཐུབ་ཚོད་བཏང་བ་མེད།།
མ་ཡོད་ཡོད་མདོག་བྱས་པ་མེད།།
ལོ་རྒྱུས་འཁྱོག་བཤད་བྱས་པ་མེད།།
རྒྱ་ལ་བསྟོད་ཚིག་བྲིས་པ་མེད།།
བོད་ལ་དམའ་འབེབས་བྱས་པ་མེད།།
ཁ་བཤད་འབྲུག་སྟོང་སྒྲོག་པ་མེད།།
མ་བྱས་བྱས་མདོག་བཤད་པ་མེད།།
ལྐོག་གཡོ་ངན་ཇུས་བྱས་པ་མེད།།
དམའ་ལ་བརྙས་བཅོས་བྱས་པ་མེད།།
བོད་ཀྱི་རིག་གཞུང་གཅེས་སུ་འཛིན།།
ཞལ་ནས་བོད་སྐད་དག་མ་སྐྱོན།།
ལུས་ལ་བོད་ཆས་གཙང་མ་གྱོན།།
རྟག་ཏུ་སློབ་གསོ་ཁོ་ནར་བརྩོན།།
དོན་གཉེར་ཅན་གྱི་ན་གཞོན་ལ།།
དུས་ཚོད་ནམ་ཁོམ་སློབ་འཁྲིད་མཛད།།
ཀུན་ལ་ཕན་པའི་འབད་པར་བརྩོན།།
དམིགས་དཔེ་འོས་པའི་རྒན་མཆོག་དྲན།།
ནག་ཕྱོགས་བདུད་ཀྱིས་བཀའ་བརྒྱའི་ཇུས་ངན་འོག། ཀླད་མེད་སྤུན་ཟླའི་སེམས་ལ་གདོན་བཞུགས་ཏེ།། ཚེ་རབས་ལས་ཀྱིས་བཀོད་པའི་བཤེས་གཉེན་ཁྱོད།། ཁྲག་གི་རྒྱ་མཚོའི་དཀྱིལ་ནས་གཤེགས་པ་དྲན།།
ཐུཌ་ལྷོད་པ་མེད་པའི་སློབ་འཁྲིད་མཛད།། བོད་སྐད་ལ་ཡི་གེའི་མུ་གེ་ཤོར་ནས། རྗེས་འཇུག་ག་དང་ཡང་འཇུག་ས་ལ་རྒྱ་གར་དུ་སྤར་པའི་དཔེ་ཆ་ཞིག་ན། རྗེས་འཇུག་ག་དང་། ཡང་འཇུག་ས་གཉིས་ལ་ཌ་ཞེས་བྲིས་པ་ལ་ཨ་མེ་རི་ཀའི་བོད་ཡིག་ཀློག་མཁན་ཞིག་གིས་ལེགས་སྦྱར་གྱི་སྐད་ཡིག་བྲིས་སོ་ཞེས་ཀློག་མ་ཐུབ་པ་ན། བོད་ཡིག་ལ་ཌ་བྲིས་ཡོད་པ་གས་ཞེས་ཀློག་དགོས་ཞེས་བཤད་དགོས་བྱུང་བ་དངོས་གནས་ཡིན།
ངས་རྒན་ངག་དབང་ཕུན་ཚོགས་ལགས་ལ་དགེ་རྒན་གྱི་ཉིན་མོར་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ།