___ སྨྱུག་མདའ།
སྐེ་དཀྲིས་གློ་ཁ་མཁའ་རུ་སྐྱོད།།
མཚོ་མོའི་ངོས་ལ་མེ་ཏོག་གད།།
ཡི་གེའི་གཤོག་པ་རྒྱང་ལ་བརྐྱངས།།
རྨི་ལམ་ལས་བྱར་མདངས་མཛེས་མ།།
འོད་ཀྱིས་བྱུགས་པ་རྫུན་མ་ཡིན།།
ཉི་མ་སྤྲོ་བས་རིང་སར་འཛུམ།།
བརྩེ་བ་བརྩེ་བའི་དབྱངས་རིག་ལ།།
དུངས་པ་རྒྱ་མཚོའི་གཏིང་ལ་ཟུག།
དེ་ཚེ་འཁོར་བའི་ཆོས་ཉིད་ཅིག།
ཀྱེ་མ་ཞོགས་པའི་མཁའ་རུ་འཁྱིལ།།
རྩྭ་ལྗང་འགུལ་བའི་ཆུ་ཐིགས་རེར།།
ཡིག་འབྲུ་དང་པོས་ག་ལེར་བཅུས།།
ཚུར་ལ་བལྟས་པས་སྙིང་ལ་སིམ།།
ཁྱོད་ཅེས་འབོད་པར་ཚ་བེར་བྱས།།
གབ་སྦས་རྟོག་འགྱུའི་འདྲ་འབག་བཟོས།།
སྐྲ་ལོ་ལང་ཚོའི་གཞུང་དུ་ཤམ།།
ཚོར་བ་སྣུམ་པོས་བྲང་ཁར་སྡུད།།
མཆུ་སྒྲོས་ཉམས་ཤ་ཟིལ་བས་བརླན།།
དེ་རིང་སྣང་བ་རླབས་བཞིན་འཕྱོ།།
སྙན་ངག་ལས་བྱར་སྒེག་འགྲོས་བླངས།།
ལྷུན་ཆགས་གཤིས་ཀར་བདེ་ཞིང་སིམ།།
སེམས་ཀྱི་མདུད་པ་མུ་ཏིག་བརྒྱུས།།
འཇའ་ཚོན་མགུར་ལ་འཐུ་འདྲ་འོ།།
ཟླ་འོད་ངོས་ལ་སྣང་བ་ཡན།།
སྨྱུ་གུའི་འབྲི་འཕྲོར་འཇམ་ཤ་བྱིན།།
༢༠༡༥/༨/༣༡ མཚན་མོ་སྙིང་ཉེ་བའི་གྲོགས་མོར་བྲིས།
ཟླ་བའི་ལྷ་མོར་སྤྲིངས་པའི་ཡིག་ཆུང་འདི།།
དམར་ཆུང་སེམས་ཀྱི་ན་ཟུག་རིང་མོ་ཡིན།།
རྒྱ་མཚོ་ཁ་ཡི་མཛེས་པའི་སྙན་ངག་འདི།།
རང་ཉིད་སྡུག་ལ་སྦྱར་བའི་སྔོན་བརྡ་ཡིན།།