———ནམ་མཁའ།
ཁ་སང་དེ་རིང་བཙན་བྱོལ་སྤྱི་ཚོགས་ཀྱི་ལྟེ་གནས་རྡ་རམ་ས་ལའི་རི་སྒང་ནས་བཟུང་། ནུབ་ཕྱོགས་ཡུལ་གྲུ་སོགས་གང་སར་བོད་མི་ཡོད་ཚད་ཀྱི་གླེང་གཞི་ནི་སྲིད་སྐྱོང་དང་སྤྱི་འཐུས་ལ་བཞེངས་མཁན་ཚོ་རེད། སྤྱིར་བཏང་ནས་འདི་ནི་དགའ་འོས་པ་ཞིག་རེད་ཅེས་སྐད་གསེང་མཐོན་པོས་ཞུ་འདོད་ཡོད། རྒྱུ་མཚན་ནི། མི་རིགས་ཤིག་གི་བདེ་སྡུག་གི་ཆེད་དུ་ང་ཚོས་འཐབ་རྩོད་རྒྱུན་མཐུད་ནས་བྱེད་བཞིན་ཡོད་པའི་རྟགས་མཚན་ཞིག་རེད།
ཡིན་ཡང་སྲིད་སྐྱོང་དང་སྤྱི་འཐུས་ལ་བཞེངས་མཁན་སུ་ཡིན་ཡང་སོ་སོའི་ལོ་རྒྱུས་མདོར་བསྡུས་རེ་དང་ངོ་སྤྲོད་ཐུང་ངུ་རེ་བྱེད་པ་ལས། ང་ཚོས་འཐབ་རྩོད་ཅི་ཞིག་ཆེད་དུ་བྱེད་བཞིན་ཡོད་མེད་དང་། ལམ་ཁ་གང་ཞིག་བརྒྱུད་ནས་མི་རིགས་ཤིག་གི་དཀའ་ངལ་སེལ་དགོས་མིན་གྱི་སྐོར་ལ་བསམ་གཞིགས་མ་བྱས་པ་མིན་མོད། འོན་ཀྱང་དམིགས་ཡུལ་གང་ཞིག་བཟུང་སྟེ་སྲིད་སྤྱིའི་འོས་མིར་བཞེངས་ཀྱི་ཡོད་པའི་འགྲེལ་བཤད་མི་འདུག་པས་ཅུང་ཡ་མཚན་བྱུང་།
སྤྱིར་བཏང་རྒྱལ་ཁབ་ཡོད་པའི་མི་རིགས་ཞིག་ལ་མཚོན་ནས་བཤད་ན། སྲིད་འཛིན་གྱི་འོས་མི་དང་སྤྱི་འཐུས་ཀྱི་འོས་མི་ཚོས་ཁོ་རང་ཚོའི་ལུང་པ་དེའི་ནང་ཆད་སྐྱོན་གང་ཞིག་ཡོད་མེད་ངོས་འཛིན་བྱས་ཏེ། འོས་མི་ཚོས་ཆད་སྐྱོན་དེ་སེལ་ཐབས་དང་། དེའི་ཐབས་ལམ་གང་ཡིན་སོགས་མི་དམངས་ལ་གཏམ་བཤད་དང་འགྲེལ་བཤད་བྱེད་ཀྱི་ཡོད། འདི་ནི་རང་དབང་གི་རྒྱལ་ཁབ་ཡོད་པའི་སྲིད་སྤྱི་ལ་བཞེངས་མཁན་ཚོའི་ཆ་རྐྱེན་དང་པོ་དེ་རེད།
ཡིན་ཡང་ང་ཚོའི་བཙན་བྱོལ་སྤྱི་ཚོགས་ཀྱི་སྲིད་སྐྱོང་ལ་བཞེངས་མཁན་ཚོར་མཚོན་ནས་སྐད་ཆ་ཕྲན་བུ་ཞིག་བཤད་ན། ཁོ་རང་ཚོ་ཆ་ཚང་གིས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་སྲ་བརྟན་དུ་གཏོང་གི་ཡིན་ཟེར་བ་དེ་རེད། དེ་ནི་ཧ་ཅང་གལ་ཆེན་ཞིག་རེད། གལ་ཏེ་སྒྲིག་འཛུགས་བརྟན་པོ་ཞིག་མེད་ཚེ། ང་ཚོའི་འཐབ་གྲོགས་ཡུ་གུར་དང་ནང་སོག་ལྟ་བུ་བཞིན་རྒྱལ་སྤྱིའི་ཐོག་ནུས་པ་ཆེན་པོ་ཐོན་དཀའ་བ་རེད།
ཡིན་ཡང་བོད་མིའི་སྒྲིག་འཛུགས་དེ་ཅི་ལྟར་སྲ་བརྟན་ཏུ་གཏོང་གི་ཡིན། འདི་ནི་དྲི་བ་ཞིག་རེད། དེས་རྐྱེན་ཀྱིས་ཁོང་ཚོས་ཐབས་ལམ་འདི་བརྒྱུད་ནས་སྲ་བརྟན་ཏུ་འདི་ལྟར་གཏོང་གི་ཡིན་ཟེར་བའི་དམིགས་ཡུལ་དང་འབྲེལ་བའི་འཆར་གཞིའི་ཐབས་ལམ་ཞིག་གསུངས་ཀྱི་མི་འདུག
གཉིས་པ། བོད་རྒྱ་གྲོས་མོལ།
ང་ཚོས་འཐབ་རྩོད་འདི་བཙན་བྱོལ་བོད་མིའི་རང་དབང་ཆེད་དུ་མ་ཡིན་པར། རྒྱ་ཆེ་གཞིས་ལུས་མི་དམངས་ཀྱི་རང་དབང་ཆེད་དུ་འཐབ་རྩོད་ཅིག་ཡིན་པ་ཀུན་གྱིས་མཁྱེན་གསལ་ལྟར། གཞིས་ལུས་མི་དམངས་ཀྱི་རང་དབང་གི་དཀའ་ངལ་འདི་བོད་རྒྱ་གྲོས་མོལ་གྱི་ལམ་ནས་སེལ་དགོས་པ་ཞིག་རེད། དེ་རིང་གི་བཀའ་ཤག་སྐབས་༡༥ བའི་བོད་རྒྱ་གྲོས་མོལ་གྱི་སྐུ་ཚབ་བསྐོ་བཞག་བྱས་མོད།
༼འོན་ཀྱང་བོད་རྒྱ་གྲོས་མོལ་གྱི་སྐུ་ཚབ་དེ་བཙན་བྱོལ་བོད་མིའི་སྐུ་ཚབ་ཡིན་ནམ། ༧གོང་ས་མཆོག་སྐུ་སྒེར་གྱི་སྐུ་ཚབ་ཡིན། གལ་སྲིད་དང་པོ་དེ་ཡིན་ཚེ་རྒྱ་ནག་སྲིད་གཞུང་གིས་ངོས་ལེན་བྱེད་ཀྱི་རེད་དམ།
ཡང་ན་གཉིས་པ་༧གོང་ས་མཆོག་སྐུ་སྒེར་གྱི་སྐུ་ཚབ་ཡིན་ན། ༧གོང་ས་མཆོག་གིས་ཆབ་སྲིད་ཀྱི་སྐུ་དབང་ཆ་ཚང་མི་དམངས་ལ་གནང་ཟིན་པས་འགྲེལ་བཤད་ཅིག་ཅི་ལྟར་རྒྱག་གི་ཡིན་ནམ།༽
དྲི་བ་འདི་གཉིས་དང་འབྲེལ་བོད་རྒྱ་གྲོས་མོལ་གྱི་ཐབས་ལམ་འདི་འདྲ་ཞིག་ལ་བརྟེན་ནས་བསྐྱར་གསོ་བྱེད་ཀྱི་ཡིན་ཞེས་འཆར་གཞི་ཆ་ཚང་ཞིག་དེ་རིང་གསལ་བཤད་བྱེད་མི་ཐུབ་ཀྱང་། རགས་བསྡུས་ཙམ་ཞིག་དགོས་ངེས་རེད། ཡིན་ཡང་དེ་ཙམ་ཡང་མེད་པར་བཙན་བྱོལ་སྒྲིག་འཛུགས་སྲ་བརྟན་གཏོང་གི་ཡིན། བོད་རྒྱ་གྲོས་མོལ་བསྐྱར་གསོ་བྱེད་ཀྱི་ཡིན་ཟེར་བ་ཙམ་གྱིས་ཕན་ཐོགས་ཨེ་ཡོད་སྙམ།
གསུམ་པ། སྤྱི་འཐུས་འོས་མི།
སྤྱི་འཐུས་འོས་མིར་བཞེངས་མཁན་ཚོའི་ངོ་སྤྲོད་མདོར་བསྡུས་རེར་བལྟས་པ་ཡིན། ཡིན་ཡང་གོང་དུ་བཤད་པ་བཞིན་དམིགས་ཡུལ་དང་འཆར་གཞི་གང་ཡང་མེད་པར་སྤྱི་འཐུས་ཀྱི་འོས་མིར་བཞེངས་ཀྱི་ཡོད་པའི་ཚོར་སྣང་ཞིག་བྱུང་། ཁ་གསལ་ཞིག་ཞུས་ན། བཀའ་ཤག་དང་སྤྱི་འཐུས་སྐབས་༡༥ སྐབས་ཀྱི་ཆད་སྐྱོན་འདི་དང་དེ་རེད། ངས་ཆད་སྐྱོན་དེ་སེལ་ཐབས་བྱེད་ཀྱི་ཡིན། དེ་ཡང་ཐབས་ལམ་འདི་འདྲ་ཞིག་ལ་བརྟེན་ནས་ཞེས་ཚིག་གཅིག་ཀྱང་མི་འདུག་པར། རྡ་སའི་རི་སྒང་གི་ཆར་དུས་སྐབས་ཀྱི་སྨུག་པ་མཐུག་པོ་དེའི་ཀློང་ནས། རང་གི་རྐང་རྗེས་བཙལ་བ་བཞིན་དམིགས་ཡུལ་དང་འཆར་གཞིའི་ཁ་ཕྱོགས་ཞིག་ཅི་ཡང་མེད་པར། ཟེར་སྒྲོས་ཀྱི་རྗེས་འདེད་བྱས་ཏེ་སྲིད་སྤྱི་འོས་མིར་བཞེངས་ཀྱི་ཡོད་པའི་ཚོར་སྣང་བྱུང་།
དེས་རྐྱེན་གྱིས་གསར་འགོད་པ་ཚོས་སྲིད་སྤྱི་འོས་མི་ཚོར་དྲི་བ་ཚ་བོ་རེ་གཏོང་རྒྱུ་གལ་ཆེན་རེད། གང་ལྟར་སྲིད་སྤྱིའི་འོས་མི་ཚོས་རྡ་སའི་ཆར་ཞོད་ཀྱི་སྨུག་ཀློང་ཁྲོད། རང་གི་རྐང་ལམ་བཙལ་བ་བཞིན་མ་ཡིན་པར་དམིགས་ཡུལ་དང་འཆར་གཞི་ངེས་གཏན་ཡོད་པ་ཞིག་དགོས་པར་སྙམ། ཕྲན་གྱི་སྐད་ཆ་འདིར་ཐལ་ཆ་ཤོར་སྲིད་པས་སྲིད་སྤྱི་འོས་མི་ཡོངས་ཀྱིས་ཐུགས་གཡེང་རེ་གནང་རོགས་ཞེས་ཞུ་གི་ཡོད།
རྩོམ་ཡིག་རིང་པོ་འདི་འདྲ་མཆན་ནང་བཀོད་ན་ཁྱད་ཚར་འདྲ་འདུག
སྲིད་སྤྱི་བཞེངས་མཁན་ཚོ་མགོ་འཁོར་རྐྱང་ཨེ་ཡིན
བོད་ལ་རྒྱལ་ཁབ་ཞིག་རྩ་བ་ནས་ཡོད་མྱོང་མེད་ཟེར་བ་དེ་སྲིད་སྐྱོང་བློ་སེང་གིས་འགྲེལ་བཤད་རྒྱག་དགོས། སྐད་ཆ་འདིས་བོད་ཀྱི་ལོ་རྒྱུས་ནག་བསུབ་བཏང་པ་རེད།
སྲིད་སྐྱོང་ལ་སུ་ཐོབ་ཀྱང་བཙན་བྱོལ་བོད་མིའི་བསྒྲིགས་འཛུགས་འདི་སྲ་བརྟན་དང་རྡོག་རྩ་གཅིག་སྒྲིལ་བྱེད་ཐུབ་མཁན་ཞིག་ཡོད་ན་དེ་ལས་མ་ཆོག་པ་མེད། རྒྱ་བོད་གྲོལ་མོལ་ལ་གྲུབ་འབྲས་གང་ཡང་འབྱུང་གི་མ་རེད། གལ་ཏེ་རྒྱ་ནག་གི་ཆབ་སྲིད་ལ་གནམ་ས་འགྱུར་བ་ལྟ་བུ་བྱུང་ན་དབུ་མའི་ལམ་དང་རང་བཙན་གཉིས་ཆར་གྲུབ་འབྲས་ཐོན་སྲིད་པ་རེད། དེ་མིན་བོད་པ་ཚོ་རྨི་ལམ་སྐྱིད་པོ་མ་རྨིས་རོགས། །
རྟ་བདུན་དབང་པོའི་བསམ་ཚུལ་དེར་རྒྱབ་སྐྱོར་ཡོད།
ངོ་མ་རེད། ང་ཚོ་འོས་བླུགས་མཁན་ཚོས་ཡང་སྲིད་སྤྱི་འོས་མི་ཚོ་ལས་སུ་ཁ་བདེ་ཡིན་མིན་ལ་མ་ལྟོས་པར་བོད་མི་རིགས་ཀྱི་འདས་མ་ད་གསུམ་གྱི་འཐབ་རྩོད་ལ་ཕྱིར་ལྟ་བྱེད་བཞིན་མ་འོང་འཐབ་རྩོད་བྱེད་སྟངས་ལ་ཁ་ཕྱོགས་ཏེ་སུ་ཞིག་ལ་འཐབ་རྩོད་ཀྱི་ཆར་གཞི་དང་བློ་སྤོབས་ཡོད་མེད་ལ་ལྟོས་ཏེ་འོས་བླུགས་རྒྱུ་ནི་གནད་འགག་ཞིག་རེད ། ། འདོར་ན་། འོས་མི་སུ་ཡིན་ལ་མ་ལྟོས་པར་འཐབ་རྩོད་བྱེད་ཕྱོགས་ལ་སུ་ཞིག་འོས་མིན་ལ་ལྟ་རྒྱུ་དེའོ། །
རྒྱ་གུན་ཁྲན་མཉམ་དུ་གྲོས་མོལ་བྱེད་ན་ཕན་ཐོགས་ཡོད་མེད་་་་གྲོས་མཐུན་དོན་ཚན་བཅུ་བདུན་གྱི་མཇུག་འབྲས་ལ་ལྟོས། དེ་ནས་བསམ་འཆར་ཡིག་ཆའི་མཇུག་འབྲས་ལ་ལྟོས། རྒྱ་བོད་གྲོས་མོལ་ཟེར་བ་དེ་མི་སྒེར་རེ་གཉིས་ཀྱི་ལྟོ་གོས་ལ་ཕན་ན་མ་གཏོགས་བོད་མི་དམངས་དང་བོད་སྤྱི་ལ་ཕན་ཐོགས་སྤུ་ཙམ་སྔར་ཡང་བྱུང་མྱངས་མེད་ལ་མ་འོངས་པ་འབྱུང་མི་སྲིད། ཕན་ལས་གནོན་ཆེ་བའི་ལས་ཀ་དེ་མཚམས་འཇོག་ན་ཡག་ཤོས་རེད་དོ།
ཅོ་རུ་བོད་རྒྱ་གྲོས་མོལ་མི་བྱེད་ན་བོད་ཀྱི་རང་དབང་ཅི་ལྟར་རྩོད་ཀྱི་ཡིན།ལམ་ཞིག་བསྟན་རོགས་བྱས་དང་ངས་ཀྱང་རྒྱབ་སྐྱོར་ཡོད་ཡ།དམག་རྒྱག་གི་ཡིན་ནམ
གྲོས་མོལ་མི་བྱས་ན་དམག་རྒྱབ་དགོས་རེད་བསམས་པའི་བསམ་བློ་དེ་བླུན་པོའི་བསམ་ཚུལ་རེད། རྒྱ་གུན་ཁྲན་ཏང་ལ་གྲོས་མོལ་བྱས་ནས་རང་སྐྱོང་སློང་བ་ནི་ཨ་ཁུ་སྟག་ལ་སྟག་པགས་སློང་བ་དང་གཅིག་པ་རེད། སྟག་པགས་ཚུར་སྤྲོད་ཀྱི་བཞག་ནས་ལག་པ་ཕར་གཅོད་འགྲོ་ངེས་ཡིན། དེ་ལས་སྟག་རྒན་ཤི་སྒུག་བྱེད་ན་དགའ་ངེས་ཡིན།
ད་ལྟའི་བར་རྒྱ་ནག་དམར་ཤོག་རིང་ལུགས་ཀྱི་མགོ་ཁྲིད་ཚོས་སྡོང་རྩར་སྒུག་སྟེ་རི་བོང་བཟུང་བའི་སྲིད་བྱུས་ལ་ཁ་གསལ་གཏིང་ཟབ་ཀྱི་གྲོས་མོལ་བྱས་མྱོང་མེད་ལ་འབྱུང་འགྱུར་ཡང་གྲོས་མོལ་བྱེད་ཀྱི་མིན་ཟེར་བ་སྡོད་རྩར་སྡོད་མཁན་ཚོས་ད་རུང་མ་ཐོས་མི་རིག་ཟེར་གྱི་འདུགད་ནི་བོད་ནང་གི་བོད་ཚོར་ཁ་གསལ་བཤད་བྱེད་དགོས་པའི་དུས་ཚོད་ཅིག་རེད་འདུག་བསམ།
རང་བཙན་བརྩད་ན་ངེས་པར་དམག་འཁྲུག་རྒྱག་དགོས་རེད་ཟེར་བའི་དྲི་བ་ནི་ཚོར་ཤུགས་ཀྱི་སྐད་ཆ་ཅིག་རེད།སྔོན་ནས་རང་བཙན་བརྩད་ཡོད་ན་མ་མཐའ་ཡང་སྡོད་རྩར་སྒུག་པའི་སྲིད་བྱུས་ལས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བོད་དོན་གྱི་གནས་སྟངས་ལ་རྒྱབ་སྐྱོར་དང་འགྱུར་བ་འགྲོ་ངེས་མ་རེད།
ངས་ད་རུང་དྲན་གྱི་འདུགསྔོན་མའི་འོས་བསྡུ་སྐབས།བློ་བཟང་སེང་གེ་ལགས་ཀྱིས་༢༠༡༢ལོའི་ནང་རྒྱལ་སྤྱིའི་མགོ་ཁྲིད་མང་པོ་ཞིག་ལ་འགྱུར་བ་འགྲོ་ཡི་ཡོད་པས་མི་མང་གིས་ཁོང་ལ་བཀའ་བློན་ཁྲི་བའི་འོས་ཤོག་གི་རྒྱབ་སྐྱོར་བྱས་ན།ཁོང་གིས་བོད་ཀྱི་གནད་དོན་ལ་ཏན་ཏན་སེལ་ངེས་ཡིན་ཞེས་འུར་སྒྲོག་བྱས་པ་རེད། ད་ལྟའི་བར་ག་རེ་བྱུང་འདུག མི་མང་ལ་མཚན་གྱི་སྐར་མ་སྟོན་མི་དགོས་པར་མཐོང་ངེས་རེད། སྐབས་དེར་བློ་བཟང་སེང་གེ་ལགས་ཀྱིས་འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་ཁག་གི་སྲིད་འཛིན་དང་སྲིད་བློན་ལ་འགྱུར་བ་བྱུང་ཡང་བོད་ཀྱི་གནད་དོན་སེལ་མི་ཐུབ་པ་ཤེས་བཞིན་དུ་རང་ཉིད་ལ་འོས་ཤོག་ཐོབ་ཆེད་མི་མང་ལ་འུར་གཏམ་བཤད་པ་རེད། སྐད་ཆ་འདི་དངོས་ཡོད་ཡིན།
ཨ་ཁུ་སྟག་ལ་ཤི་སྒུག་བྱས་ནས་སྡད་ན་སྟག་རྒན་མ་ཤི་གོང་ཤི་སྒུག་བྱེད་མཁན་དེ་ཤི་འགྲོ་རྒྱུ་རེད། ཤི་སྒུག་བྱེད་དགོས་ཟེར་མཁན་ཚོའི་བསམ་བློའི་རྒྱབ་ལྗོངས་ཡང་འདི་མིན་ནམ།