རྩེ་གྲི་སྒང་ཉི་མ་ཚེ་རིང་། ༼བལ་ཡུལ།༽
པད་དཀར་བཞིན་བཟང་མཐོང་ན་དགའ་བའི་སྐུ།།
མ་ལྟར་རྗེས་བརྩེའི་དབྱངས་ལ་དབང་བའི་གསུང་།།
རྡོ་རྗེ་ནད་འཇོམས་དཔལ་གྱིས་སྒེག་པའི་ཐུགས།།
མཚུངས་མེད་དགེ་རྒན་བཀའ་དྲིན་ཅན་དེར་འདུད།།
དེ་རིང་འཕགས་ཡུལ་བྱང་ཕྱོགས་བཞུགས་སྒར་ནས།།
སེམས་ན་ལྷམ་མེར་འཁྱིལ་བའི་དགེ་རྒན་ཁོང་།།
མི་མཐོང་དབྱིངས་སུ་བཞུད་པའི་གཏམ་ངན་དེས།།
སློབ་བུའི་བྲང་ཁོག་ཚལ་བ་བརྒྱད་དུ་བྱས།།
བཅོས་མེད་མི་རྟག་གདོན་མོའི་བསླུ་བྲིད་ལས།།
ཐར་དུ་རེ་བ་སྲིད་ན་ཆེས་དཀོན་པས།།
རང་སེམས་རང་གིས་གསོ་བའི་དབུགས་རིང་འདིས།།
ཁྱེད་ཉིད་དྲན་པའི་རི་མོ་ཡོམ་ཡོམ་འགུལ།།
དུས་འགྱུར་རྦ་ཀློང་འཚུབ་མའི་ནམ་ཟླའི་འོག།
གཞན་ཡུལ་ལུང་པར་བཙན་བྱོལ་གྱར་བའི་སྐབས།།
གཡུ་ཐོག་ཡོན་ཏན་མགོན་པོའི་ཐུགས་ཀྱི་བཅུད།།
ཐོག་མར་ཐང་ལ་བརྡལ་མཁན་ཁྱེད་རང་ཡིན།།
ནད་དགུའི་རྩ་བ་འཇོམས་མཁས་དཔལ་གྱི་ལྷས།།
ཚེ་རིང་གདམ་ངག་ཐུགས་ལ་ཆུད་པའི་མགོན།།
ཡེ་ཤེས་བར་ཞི་ཕུན་དབང་ལ་སོགས་ཀྱིས།།
ཐུགས་སྤོབས་དྭངས་མ་དགེ་རྒན་ཁྱེད་ལ་གཏད།།
སྟོན་མཆོག་སྨན་གྱི་ལྷ་ཚོགས་འཁོར་བའི་ཞིང་།།
མི་ཡུལ་ལུང་པར་བོད་ཀྱི་གསོ་རིག་ཅེས།།
གླིང་བཞི་གླིང་ཕྲན་བཅས་པར་བརྡལ་བའི་གནས།།
སྨན་རྩིས་ཁང་ཞེས་གྲགས་པ་ཁྱོད་ཚོས་བསྐྲུན།།
སྐུ་ཚེ་ཧྲིལ་བོ་གསོ་རིག་བསྟན་པའི་ཆེད།།
རྨད་བྱུང་ལྷག་བསམ་སྟོབས་ཀྱིས་ཡོངས་བསྔོས་ཏེ།།
ཆེན་པོའི་ཉམས་དང་ཕྱུག་པོའི་གནས་སྤངས་བ།།
མཚུངས་མེད་དགེ་རྒན་ཁྱེད་ཀྱི་གཅེས་ནོར་ཡིན།།
ཆེ་བ་དཔོན་ནས་ཆུང་བ་སྤྲང་བོ་བཅས།།
གྲངས་ཀྱིས་ངལ་བའི་ནད་པ་བརྒྱ་ཕྲག་ལ།།
ཉེ་རིང་མེད་པའི་ཐུགས་ཀྱིས་ཚེ་ཡི་དཔལ།།
སྦྱིན་མཁན་བཀའ་དྲིན་ཅན་ཞེས་ཀུན་གྱིས་འདུད།།
རང་གི་རིགས་ལས་བརྒལ་ཏེ་ཀུན་གྱི་མར།།
སྨན་གྱི་ལྷ་ལྟར་བཞེངས་པས་རྒྱལ་ཁམས་ཀུན།།
ཁྱོད་ཀྱི་དྲུང་དུ་ནད་མེད་སངས་དྲག་གི།
རེ་བའི་འཚིང་ཁ་རྒོད་པ་ཡང་ཡང་དྲན།།
གསོ་རིག་ཆེས་མཐོའི་སྨན་པའི་ལྷན་ཚོགས་དང་།།
དེ་ཡི་ཟབ་གནད་འཇིག་རྟེན་འཛིན་མའི་ཁྱོན།།
སྣ་ཚོགས་སྐད་ཀྱིས་སྒྲོགས་ལ་མི་ཞུམ་པ།།
གསོ་བ་རིག་པའི་དེད་དཔོན་ཁྱེད་ཉིད་ཡིན།།
དེ་ལྟ་ནའང་ཉིན་མོ་དེ་རིང་ནས།།
བདག་གི་བརྩེ་བའི་དགེ་རྒན་ཁྱེད་ཉིད་ཀྱི།།
གྲིབ་གཟུགས་ཙམ་ཡང་མཐོང་བ་མེད་བསམས་ན།།
ཕང་ཞིང་འགྱོད་པའི་ཚུལ་ནི་ཤོད་ནུས་བྲལ།།
ཤི་རྗེས་རྗེས་འཇུག་དགེ་ཚོགས་རླབས་ཆེན་གྱིས།།
སྐྱེལ་མའི་ལྷག་བློ་གངས་ལས་དཀར་པའི་སྲོལ།།
གཞན་ལས་ཐུན་མིན་བོད་ལ་ཡོད་པ་འདིས།།
རང་གིས་ཅི་འཇོན་ཁྱེད་རྗེས་རྟག་ཏུ་འབུལ།།
༧པད་དཀར་འཆང་དབང་བརྩེ་ཆེན་སྟོན་པ་ཞེས།།
ས་ཡི་ཁྱོན་ལ་མ་ཤོང་ང་ཚོའི་མགོན།།
གངས་ཅན་ལྷ་གཅིག་༧བསྟན་འཛིན་རྒྱ་མཚོ་ལ།།
གསོལ་བ་འདེབས་སོ་རྒན་ལ་ཐུགས་རྗེས་གཟིགས།།
མི་རྟག་ཕྲེང་རིང་གཅིག་པུར་འགྲིམས་པའི་དུས།།
འཇིགས་སྐྲག་འཁྲུལ་སྣང་སྣ་ཚོགས་རབ་ཞི་སྟེ།།
སངས་རྒྱས་སྨན་གྱི་ལྷ་དེའི་ཞབས་དྲུང་དུ།།
བླ་སློབ་འཕྲད་ལྟར་མྱུར་ཏུ་སྐྱེས་བར་ཤོག།
༢༠༡༥། ༩། ༨། ཉིན།།
སྨོན་པའི་ཚིག་རྣམས་ཇི་བཞིན་འགྲུབ་གྱུར་ཅིག
ཁྱེད་དང་མཉམ་དུ་མྱ་ངན་ཞུ།
སྨན་པ་མཁས་ཅན་པདྨ་རྡོ་རྗེ་མཆོག་ལ་མྱ་ངན་ཞུའོ།
སྨན་པ་ཆེན་མོ་པདྨ་རྡོ་རྗེ་ལགས་ཚེ་ལས་འདས་བར་ཡིད་སྐྱོ་ཞིང་སླར་ཡང་བོད་གངས་ཅན་ལྗོངས་སུ་སྐྱེས་པར་སྨོན་ལམ་འདེབས།
སྨན་པ་རྩེ་གྲི་ཉི་མ་ཚེ་རིང་གིས།།
དགེ་རྒན་པདྨའི་འདས་མཆོད་དུས་ཚེས་ལ།།
མྱ་ངན་སྨྲེ་ངག་རྩོམ་ཡིག་སྤེལ་བ་ལྟར།།
དེ་བཞིན་ངས་ཀྱང་མྱ་ངན་གུས་བཏུད་དོ།།
མྱ་ངན་གུས་འདུད་ཞུ་འོ།།
སྨན་པ་མཁས་པ།
ཡག་པོ་ངོ་ཤེས།
ན་ཚོད་མ་རྒས།
འཆི་དགོས་བློ་ཕམ།
བར་དོའི་འཇིགས་གྲོལ།
བདེ་ནས་བདེ་བར།
སྐྱེས་ནས་བྱང་ཆུབ།
མྱུར་དུ་ཐོབ་ཤོག །
སྨན་པ་པད་རྡོར་སྐོར་ལ།
https://tibetanwhoswho.wordpress.com/2015/09/08/dr-pema-dorjee/
སྔོན་གྱི་པཎ་ཊི་ཏ་ཚང་མས་མ་རྒས་ནས་འཆི་བ་མེད་ཟེར་ཡང་ཀརྡོས་མ་རྒས་ནས་འཆི་བ་ཅིག་རྙེད་འདུག་འདའ། ངོ་མ་ཤེས་ཀི་འདུག་ཡ་་་་་་་
མྱ་ངན་ཞུ།
ཞག་གསུམ་བྱིས་པ།
རྒས་ནས་འཆིབ།
འདོད་མཁན་དྲ་གྲོགས།
ཏྲེ་ཧོར་བྱམས་པས།
མྱ་ངན་མཉམ་འཁུར།
བྱས་ནས་སྡོད་དང་།།
འདི་ནས་ཤི་འཕོས་གྱུར་མ་ཐག།བར་དོའི་འཇིགས་སྐྲག་ལས་གྲོལ་ཏེ།།ཕྱག་ན་པདྨོས་རྗེས་བཟུང་སྟེ།།གངས་ཅན་ལྗོངས་སུ་སྐྱེ་བར་ཤོག།
གསོ་རིག་བསྟན་པའི་སྐར་ཆེན་ཞིག་གཤེགས་སོང་།
སེམས་གཏིང་ནས་མྱ་ངན་ཞུ།
བཙན་བྱོལ་སྤྱི་ཚོགས་ཁྲོད་དུ་བོད་ཀྱི་གསོ་བ་རིག་པའི་གྲགས་ཅན་མི་སྣ་ཞིག་སྐུ་གཤེགས་པར་མྱ་ངན་གུས་བཏུད་ཅིང་། རྗེ་བཙུན་གཡུ་ཐོག་པས་ཚེ་རབས་ཀུན་ཏུ་རྗེས་སུ་སྐྱོངས་བའི་གསོལ་འདེབས་ཞུ།
ཨོཾ་མ་ནི་པདྨེ་ཧཱུཾཿ
གྲགས་ཅན་མི་སྣ་(སྨན་པ་) ཞིག་སྐུ་གཤེགས་པར་མྱ་ངན་ཞུ།
བློ་ཕམ་དང་བཅས་ནས་མྱ་ངན་ཞུ། ཁོང་ནི་ཀུན་གྱིས་དགའ་མོས་བྱེད་སའི་སྨན་པ་བཟང་པོ་ཞིག་རེད་ལ། ང་རང་སྒེར་ཡང་ཁོང་ལ་ཐེངས་འགར་བསྟེན་མྱོང། དངོས་གནས་ཕངས་པོ་རེད་ལ། གྱོང་གུད་ཀྱང་རེད་བསམས། སྨན་པ་བཟང་པོ་ཁྱེད་ང་ཚོས་ནམ་ཡང་དྲན་བཞིན་ཡོད། །
སྨན་པ་རྩེ་གྲི་ཉི་མའི་གདུང་སེམས་ལྷན། །
ང་ཅག་འཚོ་བྱེད་གཞོན་ནུའི་སེམས་པ་ནི། །
མཛུབ་རྩེར་མ་ཕབ་སྙན་ངག་མེད་འགྱུར་ཀྱང། །
ང་འདྲའི་ཨབ་ཕྲུག་ཚང་མ་སྐྱོ་བས་གདུང། །
སྨན་པ་པདྨ་རྡོ་རྗེ་འདས་པོ་དམ་པས།
https://www.youtube.com/watch?v=i3WWy1LMajc