སྐྱོ་བྲག་དགའ་དབང་།
ཟླ་བ་ཆོས་གྲགས་ཀྱི་སྙན་ངག་ཟེར་ནའང་ཚིགས་བཅད་རྐང་ཆག་མ་ནི་འདི་རེད།
མཛེས་མ།
ནམ་མཁའི་ལྷ་མོའི་མཛེས་ཆོས་ཟེར་ནས་སྙན་ངག་མཁས་པས་སྒྲོ་བཏགས་ཙམ་ལས་ཁྱོད་ལ་འགྲན་པའི་གཟུགས་བྱད་མེད།།
སེང་ལྕམ་འབྲུག་མོའི་ཞལ་རས་ཟེར་ནས་ཧོར་གླིང་འཁྲུགས་པའི་གྱོད་གཞི་མ་གཏོགས་ཁྱོད་དང་འདྲ་བའི་གཟི་མདངས་མེད།།
རྗེ་བཙུན་སྒྲོལ་མའི་ལང་ཚོ་ཟེར་ནས་ལྷ་བཟོ་མཁས་པས་བྲིས་པ་ལ་ཡང་ཁྱོད་ལས་ལྷག་པའི་འཇོ་སྒེག་མེད།།
འཛམ་གླིང་མཛེས་མའི་རྩེ་ཕུད་ནང་གི་ཡང་ཕུད་རེད་ཟེར་ཁྱོད་ལ་བསྔགས་ན་འོས་ཤིང་འཚམས།།
འོ། རེད། ཟླ་བ་ཆོས་གྲགས་ཀྱི་མེས་པོ། འདན་མ་བུ་ཆུང་ཁ་མང་། དངོས་གནས་ཁ་མང་། བོད་པའི་ཁ་རྒྱུན་ལ། ཁ་གྲུ་བཞི་གྱོད་ཀྱི་སྒོ་མོ། ཟེར་སྲོལ་ཡོད་པ་དེ་ལོས་བདེན་བསམ་བསམ་ཞིག་ཡོད། ཁྱོད་ཀྱང་དེའི་རིགས་རྒྱུད་ཡིན་པའི་ངན་སྲི་ལྟ་བུས། ཡིན་ལ་མིན་ཞིག་གཅིག་ལབ་འདུག་གདའ་བ། འདི་ལ། སེམས་ཆུང་འགའ་རེས་སྙན་ངག་ཟེར་ནས་འུར་འདྲོག་ཚད་ལས་བརྒལ་བ་རེ་བྱེད་ཀྱི་ཡོད། དོན་ཕ་མས་བསླབས་པའི་ཐ་སྙད་ཁ་ཤས་ལྷུ་སྒྲིག་པ་ཙམ་རེད།
འོན་ཏེ། སྙིང་རྗེ། ཁྱོད་ལ་ཁག་ཅི་ཡོད། རི་ཁྲོད་མཚམས་པ་ལྷ་རྩེའི་ཁུ་བྱུག་ཀྱང་། སྙན་ངག་པ་ཟེར་ན་ང་ཡིན། གཞན་ནི་དིག་པ་དག་དག་རེད། ཟེར་ནས། རྟག་པར་ངུ་བཞིན་ཡོད་ལ། བྱང་སེམས་རློན་པ་གངས་ལྷ་མེ་ཏོག་ཀྱང་དོན་གྱི་གནད་ལ་སྙན་ཚིག་གི་མདའ་མོ་ཕོག་པ་ལ་ང་དྲག །ཟེར་ནས་ངུ་གྲངས་མང་། ཤེས་བྱ་ཀུན་ལ་བློ་གྲོས་ཀྱི་འཇུག་པ་མྱུར་བའི་གཅུང་ལེགས་མཐོང་རྣམ་རྒྱལ་ཡང་། སྙན་ངག་གི་རྩོམ་སྒོ་ཡངས་པ་ལ་ང་ལྟ་བུའི་རྐང་གཉིས་ཤིག་ཡོད་དཀའ། ཟེར་ནས་ངུ་སྔ་བ་རེད།
གང་ལྟར་ཚིག་སྦྱོར་འདི་རིགས་ཐོན་པའི་གང་ཟག་དག་ནི་ངུ་ངག་གི་ཆོ་ངེ་ཆེ་བ་ཡིན། འཇིག་རྟེན་ཕལ་རྣམས་དགའ་སྐྱོས་ངུ་བཞིན་ཡོད་ལ། སྙན་ངག་པ་ནི་ང་རྒྱལ་གྱིས་ངུ་བཞིན་ཡོད། ཁྱོད་ཀྱིས་ཀྱང་དོན་གྱི་གདམ་གསེས་མེད་པའི་ཚིག་སྦྱོར་གང་འདོད་དུ་བྲིས་དང་ཁོ་ཚོའི་ལྷན་དུ་མཉམ་ངུ་ཆོག་པ་འདུག །དངོས་གནས་འདུག །
ད་དུང་ཁྱོད་ལ་ཁེངས་བྱེད་ཐེ་བ་ཞིག་ཡོད་པ་ནི། ངས་སྙན་ངག་ལ་སློབ་སྦྱོང་མ་བྱས་པར་ཤེས་པ་ཡིན། ཟེར་ཆོག་གི་རེད། སྙན་ངག་པ་གཞན་དག་དང་བསྡུར་ན་ཁྱོད་ཀྱི་མི་ཚེ་ལ་སློབ་སྦྱོང་གི་འགོ་འཛུགས་ཙམ་ཡང་བྱ་མྱོང་མེད། དེས་ན་ཁྱོད་ཀྱི་རང་གཤིས་ལ་ཡོད་པ་རེད། རང་གཤིས་ལ་ཡོད་ན་ལས་ཀ་ག་རེ་ཡིན་ནའང་ནུས་པ་ཞིག་ཐོན་གྱི་རེད་པས། མུ་མཐུད་ནས་ཤུགས་རྒྱོབ། ཨ།
གྲོགས་པོ་ལགས། ད་དུང་ཁྱོད་ལ་མི་ཚེའི་ལྷག་མ་མང་པོ་ཡོད་པའི་རེ་བ་ཡོད། གང་ཡིན་ཞེ་ན། གཞོན་པོ་ལོ་ཉུང་རེད། ཁ་དྲོ། བཀྲ་ཤིས།