མིག་ཆུ། (དབུས་ཡོ་རོབ་གཙུག་ལག་སློབ་གྲྭ་ཆེན་མོ།)
ང་ནི་ཡོ་རོབ་ཁུལ་དུ་ཆབ་སྲིད་ཚན་རིག་སློབ་གཉེར་བྱེད་མཁན་ཞིག་ཡིན་པ་ལས་བོད་རིག་པའི་ཞིབ་འཇུག་པ་ཞིག་མིན། འོན་ཀྱང་ང་ནི་བོད་ཀྱི་རིག་གཞུང་ལ་དང་དོད་ཡོད་མཁན་གྱི་གཞོན་སྐྱེས་ཤིག་ཡིན་པས།ད་ཐེངས་སློབ་གྲྭའི་གུང་སེང་གི་དུས་སྐབས་དང་བསྟུན་ནས་རྒྱལ་སྤྱིའི་གཞོན་ནུ་བོད་རིག་པའི་ཚོགས་འདུ་ཐེངས་བཞི་པའི་སྟེང་ཟུར་ཉན་དུ་ཕྱིན་པ་ཡིན། དེ་ཡང་ཧ་ཅང་དགའ་འོས་པའི་དོན་དག་ཅིག་ནི་ད་ཐེངས་ཀྱི་ཚོགས་འདུ་འདིའི་སྟེང་དུ་ནུབ་གླིང་གི་བོད་རིག་པའི་མཁས་པ་དང་། རྒྱ་རིགས་བོད་རིག་པའི་ཞིབ་འཇུག་པ། བཙན་བྱོལ་ནང་གི་གཞོན་སྐྱེས་ཤེས་ཡོན་པ། ལྷག་པར་དུ་པེ་ཅིན་དུ་ཡོད་པའི་ཀྲུང་གོའི་བོད་རིག་པའི་སྡེ་ཚན་ཁོངས་ཀྱི་ཚོགས་མི་དང་། པེ་ཅིན་མི་རིགས་སློབ་གྲྭ་ཆེན་མོ། མཚོ་སྔོན་དགེ་ཐོན་སློབ་གྲྭ་ཆེན་མོའི་དགེ་རྒན་སོགས་མི་ཉུང་བ་ཞིག་སླེབས་ཡོད་པ་ཚོ་མཉམ་དུ་བསམ་ཚུལ་བརྗེ་རེས་དང་། བོད་ཕྱི་ནང་གཉིས་ཀྱི་གནས་ཚུལ་སོགས་རྒྱུས་ལོན་བྱེད་རྒྱུའི་གོ་སྐབས་ཐོབ་པ་དེ་ཡིན།
ད་ཐེངས་ཀྱི་ཚོགས་འདུ་འདིའི་སྟེང་དུ་འཛུལ་ཞུགས་བྱེད་མཁན་མི་གྲངས་༨༠ ལྷག་ཙམ་འདུག་ལ། ཟུར་ཉན་མི་གྲངས་བཅུ་ལས་གཞན་པའི་ཚོགས་ཞུགས་པ་གཞན་རྣམས་ཀྱིས་བོད་ཀྱི་རིག་གཞུང་དང་འབྲེལ་བའི་བརྗོད་གཞི་འདྲ་མིན་གྱི་སྒང་ལ་གཏམ་བཤད་དང་དཔྱད་རྩོམ་སྒྲོག་སྦྱངས་བྱས་སོང་། ད་དུང་ལས་རིམ་གྱི་ཞོར་དུ་བོད་ཀྱི་རྩོམ་པ་པོ་ལྗང་བུ་ལགས་ཀྱིས་༢༠༡༤ ལོར་གསར་དུ་ཕབ་བསྐྲུན་བྱས་པའི་གློག་བརྙན་༼དབྱར་རྩྭ་རིན་པོ་ཆེ༽ཟེར་བ་དེ་ཡང་ཚོགས་ཞུགས་པ་ཡོངས་ལ་སྤྱན་འབུས་ཞུས་སོང་བས། ད་ཐེངས་ཀྱི་ཚོགས་འདུ་དེ་སྤྱིའི་ཡོངས་ཀྱི་ཆ་ནས་ཚགས་ཚུད་པོ་དང་དོན་སྙིང་ལྡན་པ་ཞིག་བྱུང་སོང་།
ཡིན་ཡང་ད་ཐེངས་ཀྱི་ཚོགས་འདུའི་སྟེང་ཡིད་ཕངས་པའི་དོན་དག་ཁ་ཤས་ཤིག་ཀྱང་བྱུང་སོང་། དེ་ནི་ཚོགས་ཐོག་ཏུ་བོད་ཀྱི་ཆབ་སྲིད་ཀྱི་ཟུར་སྣེ་ཙམ་ཐོན་པ་ཙམ་གྱིས་མི་དགའ་བའི་རྣམ་འགྱུར་སྟོན་མཁན་གྱི་མགོ་སེར་བོད་རིག་པའི་ཞིབ་འཇུག་པའམ་་ཚོགས་འདུ་གོ་སྒྲིག་མཁན་འདུག་ལ། རྒྱ་ནག་གི་དྲིལ་བསྒྲགས་ལྟ་བུའི་བོད་ནང་གི་འཛུགས་སྐྲུན་དང་ཡར་རྒྱས་ཐད་ལ་གཏམ་བཤད་སྤེལ་མཁན་བོད་པ་ཡང་འདུག
ད་དུང་དེ་ལས་ཀྱང་ཐབས་སྡུག་པ་ནི། ཚོགས་ཞུགས་པའི་ཁོངས་སུ་བོད་པ་དང་ཕྱི་གླིང་བའི་གྲངས་ཚད་མང་ཉུང་ཆེར་མེད་ཀྱང་། མ་འོངས་པའི་རྒྱལ་སྤྱིའི་གཞོན་ནུ་བོད་རིག་པའི་ཚོགས་འདུའི་འགན་འཛིན་ལྷན་ཚོགས་སམ་ཚོགས་འདུ་གོ་སྒྲིག་ཚོགས་ཆུང་གི་ཚོགས་མི་འདེམས་སྒྲུག་བྱེད་དུས་བོད་པ་རྐང་གཅིག་ཀྱང་འགན་འཛིན་ལྷན་ཚོགས་ཀྱི་ཁོངས་སུ་སླེབས་མ་ཐུབ་པ་མ་ཟད། འོས་མིའི་ཁོངས་སུ་སླེབས་པའི་བོད་པ་གཅིག་ཡོད་པ་དེ་ལ་འོས་ཤོག་གྲངས་༧ མ་གཏོགས་མེད་སོང་བ་དེ་རེད།
གནས་སྟངས་འདིས་ག་རེ་མཚོན་གྱི་ཡོད་པ་རེད་ཟེར་ན། དེ་ལ་ལན་གཉིས་མ་གཏོགས་མེད། གཅིག་ནས་བོད་པའི་གཞོན་སྐྱེས་ཤེས་ཡོན་པ་ཚོས་བོད་པ་གང་མང་མང་ཚོགས་འདུ་བཀོད་སྒྲིག་ཚོགས་ཆུང་དང་འགན་འཛིན་ལྷན་ཚོགས་ཀྱི་ཁོངས་སུ་སླེབས་ཐུབ་པ་བྱ་རྒྱུ་དེ་གལ་ཆེན་པོ་ཡིན་པ་ཧ་གོ་གི་མེད་པ་དང་། གཉིས་ནས་བོད་པ་ནང་ཁུལ་ལ་ཆིག་སྒྲིལ་དང་མཉམ་འབྲེལ། ཡར་སྐུལ་གྱི་བསམ་བློ་མེད་པ་དེ་རེད།
སྤྱིར་ཚོགས་འདུ་ཚགས་ཚུད་པོ་ཞིག་བསྐོངས་ཐུབ་སོང་ན། ཚོགས་འདུ་སྐོང་མཁན་སུ་ཡིན་རུང་ཁྱད་པར་མེད་ཀྱང་། བོད་ཀྱི་རིག་གནས་དང་ཆབ་སྲིད་སོགས་ལ་འབྲེལ་བ་ཟབ་པའི་ཚོགས་སྡེ་གང་ཡིན་ཡང་། དེའི་ནང་དུ་ཕྱག་ལས་གནང་མཁན་གྱི་བོད་པ་གང་མང་སླེབས་ནས་སྡིངས་ཆ་ཟིན་པ་དང་འཛིན་སྐྱོང་གི་ལས་གཞི་ཐད་དུ་དབང་ཆ་ཉར་ཐུབ་པ་ཞིག་དགོས་པ་ལས། བོད་པ་དང་འབྲེལ་བའི་ཚོགས་པ་ཁག་གི་ནང་དུ་ཕྱི་གླིང་བ་རྐྱང་རྐྱང་གིས་སྒང་ནས་ཐག་གཅོད་དང་བོད་པ་ཚོས་འོག་ནས་ཉན་འདུག་པ་དེ་ཡིད་མུག་ལ་དགོད་བྲོ་བའི་གནས་ཤིག་རེད་སྙམ།
དེ་བས། རྒྱལ་སྤྱིའི་གཞོན་ནུ་བོད་རིག་པའི་ཚོགས་འདུ་ཡིན་ན་འདྲ། ༼༢༠༡༩ ལོར་ཨུ་རུ་སིའི་རྒྱལ་ཁབ་ནང་འཚོགས་གཏན་འཁེལ་ཡོད།༽་རྒྱལ་སྤྱིའི་བོད་རིག་པའི་ཚོགས་འདུ་ཡིན་ན་འདྲ། ༼རྗེས་མ་ལོར་ཡོ་རོབ་རྒྱལ་ཁབ་ནོར་ཝེ་ལ་འཚོགས་གཏན་འཁེལ་ཡོད༽ བོད་དོན་དང་འབྲེལ་བའི་རྒྱལ་སྤྱིའི་ཚོགས་པ་ཁག་ཡིན་ན་འདྲ། ནུབ་གླིང་གི་མཐོ་རིམ་སློབ་གྲྭ་ཁག་གི་ནང་གི་བོད་རིག་པའི་སྡེ་ཚན་ཁག་གི་ནང་ལ་ཡིན་ན་འདྲ། དེ་དག་ཚང་མའི་ཁོངས་སོ་སོའི་ནང་དུ་བོད་པ་ཚོ་ངེས་པར་དུ་སླེབས་ཐུབ་པ་བྱས་ནས། སོ་སོའི་མི་རིགས་ཀྱི་ཆབ་སྲིད་དང་། སྐད་ཡིག རིག་གཞུང་སོགས་ཀྱི་བདག་དབང་དེ་སོ་སོས་རྩིས་ལེན་ཐུབ་པ་བྱེད་རྒྱུ་དེ་ཧ་ཅང་གལ་ཆེ་བར་མཐོང་།
བདེན་པ་རེད། ང་ཚོ་བོད་པ་ཚོ་དགོས་སར་ཆད། མི་དགོས་སར་ལྷག་ཡོད་པ་རེད།
མིག་ཆུ་ལགས། ཁྱོད་ཀྱི་བཤད་པར་དངོས་ཡིན་ཡིན་པར་སེམས། སྤྱིར་བོད་པ་ཟེར་ཡོང་དུས་འགོ་སེར་ཚོས་མདུན་ནས་བསྐལ་ཞིག་ཆད་ནས་ཡོད་རེད། ད་དུང་། ཁྱོད་ཀྱིས་བཤད་པར་བཞིན་མང་བོ་ཞིག་གི་བོད་ཕྱོགས་ཀྱི་མཐུན་སྒྲིལ་ཟེར་བ་ཤེས་ཀྱི་མི་འདུག དངོས་ཡོད་ཡིན། ཚོགས་མི་བརྒྱད་ཅུ་ཟིག་གི་ནང་ནས་མི་གྲངས་བདུན་ལས་འོས་གྲངས་ལས་མེད་ན་ཧ་ཅང་སྐྱོ་བོ་རེད།
ཚོགས་ཞུགས་པ་རྣམས་ལ་བྱོན་པ་ལེགས་ཞུ། བོད་རིག་པ་ཟེར་བ་དེ་ལ་གནས་དགོས་རེད། དེ་ཡང་བོད་པ་ཚོས་ཤུགས་སྣོན་དགོས་པས། མགོ་སེར་ཚོ་ལ་དོགས་ཟོན་དགོས།
གནས་སྟངས་འདི་རྒྱལ་སྤྱིའི་གཞོན་ནུ་བོད་རིག་པའི་ཚོགས་པ་གཅིག་བུ་ཙམ་མ་ཡིན་པར་རྒྱལ་སྤྱིའི་བོད་རིག་པའི་ཚོགས་པ་ལའང་གནས་སྟངས་ད་ེག་རང་བྱུང་ཡོད། བོད་པ་ཚོ་འགན་འཛིན་དང་ལས་ཀྱི་སྣེ་མོར་མ་སླེབས་པར་བརྟེན་བོད་ཕྱི་ནང་གཉིས་ལ་ཚད་ལྡན་གྱི་འབྲེལ་གཏུགས་དང་། བོད་རང་གི་ཁྱད་ཆོས་ལྡན་པའི་ཚོགས་འདུ་གོ་སྒྲིག་བྱེད་ཐུབ་ཀྱིན་མེད་པ་དངོས་ཡོད་གནས་ཚུལ་རེད།
གནད་དོན་གལ་ཆེན་གཞན་ཞིག་ནི་བོད་རིག་པ་ཞིབ་འཇུག་པ་ཡིན། བོད་ཀྱི་ཆབ་སྲིད་ལ་ཇུས་གཏོགས་མི་བྱེད་ཟེར་མཁན་ཚོ་ག་ལེར་བོད་ཀྱི་ཆབ་སྲིད་ཀྱི་དགྲ་རུ་ལངས་བཞིན་འདུག ཉེ་ཆར་འཇར་མིན་དུ་འཚོགས་པའི་འདུ་ཚོགས་དེའི་སྟེང་ནས་མགོ་སེར་ཁ་ཤས་ཀྱིས་བོད་ཀྱི་ཆབ་སྲིད་གནད་དོན་ཟུར་ཙམ་རེ་བཤད་པར་ཡང་དགག་པ་གང་མང་བསྐྱོན་སོང་།
གནད་དོན་འདི་ཚང་མ་ག་ལེར་ཆེ་རུ་འགྲོ་བཞིན་འདུག དེར་བརྟེན། བོད་རིགས་ཤེས་ཡོན་པ་ཚོས་རང་དོན་རང་གཅེས་དང་རང་མི་རང་གིས་སྐྱོར་དགོས་པ་དེ་གལ་ཆེན་པོ་རེད།
ཚོགས་པ་འདི་སྔར་མཁར་རྨེའུ་བསམ་གཏན་རྒྱ་མཚོོས་ཚོགས་གཙོ་གནང་ས་དེ་རེད་དམ། ཡང་ན་གཞན་ཞིག་རེད། །
ཁྱེད་རང་ཚོགས་འདུར་ཟུར་ཉན་དུ་བཅར་བར་རྗེས་སུ་ཡིད་རང་ཡོད། སྔོན་ཆད་བཙན་བྱོལ་ནང་གི་རྩོམ་པ་པོ་དང་ཞིབ་འཇུག་པ་ཡིན་ཟེར་མཁན་མང་པོ་ཞིག་བོད་རིག་པའི་ཞིབ་འཇུག་ཚོགས་འདུ་སོགས་སུ་ཕེབས་པ་རེད་དེ་ཚོགས་ཡུལ་རྒྱལ་ཁབ་ཏུ་སླེབས་མ་ཐག་ནས་ཕལ་ཆེ་བ་བརླགས་སོང་རེད། བོད་ནང་ནས་ཕེབས་མཁན་ཚོ་ནི་གཞན་དབང་སྟབས་བསྟུན་ཁོ་ནའི་འོག་ནས་ཕེབས་པ་རེད།
བོད་རིག་གཞུང་ལ་དོན་གཉེར་ཡོད་པ་བཟང་། ད་ཐེངས་ཞེས་པ་ལ་དྭགས་སོགས་སུ་མི་གོ་བ་ཡོད་སྲིད། ད་ལན། ཞེས་པའི་དོན་ཡིན། རི་རྫོང་སྲས་སྐུ་གོང་མའི་མགུལ་གླུར།
་
དལ་འབྱོར་གྱི་མི་ལུས་འདི་ད་ལན་ཙམ་ཐོབ་པ་ཡིན།
སྙིང་པོ་ཞིག་ལོན་ཐབས་ལ་འབོད་ཅིག།
་
ཅེས་ལ་དྭགས་པ་བདག་གི་སྤུན་མཆེད་སྐུ་གཤེགས་བསྟན་འཛིན་རྡོ་རྗེ་སོགས་ཀྱིས་སྒྲ་སྙན་དཀྲོགས་པའི་གླུ་གཏོང་བ་ན། བདག་ཕྲུ་གུའི་དུས་སུ་ཐོས་སོ
གཞོན་སྐྱེས་མཁས་དབང་ཚོར་བཀྲ་ཤིས་བདེ་ལེགས་ཡོད། མིག་ཆུ་ལགས་ནས་གསུངས་པར་གནད་དོན་འདུག མཁས་དབང་དགེ་ཆོས་ཀྱིས་སྐྲ་སེར་སྤྲེའུའི་རིགས་ལ་དྭོགས་ཟོན་བྱོས་ཟེར་བ་དེ་ཡང་ལུང་བསྟན་ལྟ་བུ་རེད་འདུག་བ། ད་ཡིན་ན་མགོ་སེར་ཚོས་རིག་གཞུང་ལ་བཙན་འཛུལ་དང་ཧམས་ཟོས་བྱེད་པ་མང་ཚོད་རེད།
ཡིད་སྐྱོ་བ་ཞིག་ལ་བོད་རིག་པ་ཚོང་རྫས་བྱས་པ་དེ་རེད་འདུག ༢༠༡༠ལོར་བོད་རིག་པའི་གྲོས་ཚོགས་ཐེངས་༡༢པ་Canadaགོ་སྒྲིག་སྐབས་ཚེ་རིང་ཤཀྱ་Tsering shakya ཟེར་བས་ཚོང་ཆེན་བརྒྱབ་གནང་བ་དང་། ཁོ་རང་ལོ་༢༠༡༦ལོའི་བོད་རིག་པ་ཐེངས་༡༤པའི་ཚོགས་གཙོ་ཡིན་ཚོད་ཡོད་པས་ཆེས་ཉེན་ཁ་ཅན་རེད།
ད་ལན་བོད་རིག་པ་གཞོན་ནུའི་གྲོས་ཚོགས་ཐེངས་པའི་སྐབས་ཀྱང་གོ་སྒྲིག་པ་མགོ་སེར་བོད་པའི་མག་པ་བྱེད་མཁན་Franz Xaver Erhardཟེར་བ་དེ་ལ་གོ་སྐབས་རེག་ནས་ཚོང་ཆེན་བརྒྱབ་པ་རེད། མ་ཟད་ཁོས་བོད་པ་ཚོ་ཤུགས་ཆེན་བཀག་འགོག་གནང་ཡོད་པ་རེད། ད་ལོར་དམིགས་བསལ་ཟུར་ཉན་པ་མང་པོ་བསྡུས་ཡོད་ཚོད་རེད། དེས་ཁོ་སྒེར་ལ་ཁེ་བཟང་ཆེན་པོ་རེག་ཡོད།
ད་ཡིན་ན་མགོ་སེར་ཚོས་བོད་ཀྱི་རིག་གཞུང་ལ་ཧམས་ཟ་དང་བཙན་འཛུལ་བྱེད་པ་འདི་ཆེས་ཉེན་ཁ་ཅན་རེད། ཚོགས་ཐེངས་རྗེས་མར་གོ་སྒྲིག་པའི་གྲོས་ལ་བོད་རིགས་གཅིག་ཀྱང་ཡོང་བཅུག་མེད།
དེ་ལ་ངས་མོས་མཐུན་དེ་ཙམ་བྱེད་ཐུབ་མ་སོང་། བོད་རིག་པ་ཟེར་བ་དེ་རིག་གནས་ཤིག་རེད་མ་གཏོགས་ཤ་ཁྲག་རུས་རྒྱུད་ཅིག་མ་རེད། ཡང་དག་པའི་རིག་གནས་ལ་རིགས་རྒྱུད་དང་ཚོགས་སྡེ་ཡི་ས་མཚམས་ཤིག་མེད། བོད་མི་ཡིན་མིན་སུ་ཞུགས་ཁྱད་པར་མི་འདུག བོད་རིག་པ་ལ་བོད་མི་མ་ཡིན་པ་མང་པོ་ཞིག་སཔ་དེ་བོད་རིག་པའི་གཟི་བརྗིད་ཅིག་རེད།
དེ་ནི་ཉེ་སྔོན་ཁ་བརྡ་དྲ་བ་འདིར་ཕྱི་མི་མཁས་པ་ཞིག་གིས་བོད་ཀྱི་ལོ་རྒྱུས་འཆད་ཁྲིད་གནང་རྒྱུ་ཡིན་པའི་གནས་ཚུལ་གསལ་བསྒྲགས་བཀོད་སྐབས་སུ། བོད་མི་ཏྲེ་ཧོར་བའི་མིང་ཅན་ཞིག་གིས་བོད་པས་ཕྱི་མིའི་དྲུང་དུ་བོད་ཀྱི་ལོ་རྒྱུས་འཆད་ཁྲིད་ཉན་ན་ངོ་ཚ་ཡིན་ལུགས་བཤད་པ་དེ་དང་མཚུངས་པར་རྒྱུ་མཚན་ཡང་དག་ཡོད་པ་ཞིག་མ་རེད།
བོད་རིག་པའི་ཁྱབ་ཁོངས་ལ་སློབ་གཉེར་གནང་མཁན་མི་རིགས་ཚང་མ་སླེབས་ཆོག་པར་སེམས། བོད་པ་མ་ཡིན་པའི་མི་བུ་གཞན་དེ་ཚོས་བོད་རིག་པར་ཞིབ་འཇུག་ཚད་ལྡན་གནང་ནས་སོ་སོའི་ཉམས་མྱོང་གང་བྱུང་བ་རྣམས། སྐད་ཆ་དྲང་པོ་དང་བདེན་པར་ཤོད་རོགས་བྱས་ན་དགེ་མཚན་འབུམ་འགྱུར་དུ་འཕེལ་ངེས་པ་རེད། དེས་བོད་པ་ཀླད་རྙིང་ཁྲེགས་བཟུང་ཅན་ཚོའི་ང་རྒྱལ་གྱི་གྱོང་ཁེངས་འབུག་པར་ཕན་ངེས་པས་སོ། གཞན་བོད་པས་རྫུན་གྱིས་འཁོར་ལོ་བསྐོར་བ་ནང་བཞིན་ཁོ་ཚོས་ཀྱང་དེ་ལྟར་བྱེད་བསྡད་ན་ཁོ་ཚོ་ཡོད་པ་ལས་ཀྱང་མེད་པ་འབུམ་འགྱུར་གྱིས་བཟང་ངོ་། །
བུ་ཕ་ཡིས་མི་བསྟོད་དགྲ་ཡིས་བསྟོད། བུ་མོ་མ་ཡིས་མི་བསྟོད་གནས་ཀྱིས་བསྟོད། ཟེར་བ་བཞིན་བོད་རིག་པའི་རིན་ཐང་དང་དེའི་ནུས་ཤུགས་ངོ་མ་གླེང་དགོས་ན་ཕྱི་མིས་གླེང་ཐུབ་པ་མང་པོ་ཞིག་རང་མིས་གླེང་མི་ཐུབ། དེ་ཤེས་ཡོན་ཡོད་མེད་ཀྱི་སྐད་ཆ་དང་ཤ་ཞེན་ཡོད་མེད་ཀྱི་སྐད་ཆ་མ་རེད། དེ་ནི་ལྟ་ལྟངས་མི་འདྲ་བའི་ཁྱད་པར་རེད། ཡོད་ཟེར་ཚད་ཚང་མ་ཡོད་མི་མ་གཏོགས་པས་ལག་པས་འཆངས་མི་ཆོག་པར་འདོད་པ་དེ་ཡང་བླུང་པོའི་ནང་ནས་ཅོལ་ཆུང་གི་ལས་སྟངས་བྱ་སྟངས་ཤིག་རེད་བསམ་གི།
ཚོགས་འདུ་འདིས་བོད་རིག་པའི་རིག་ཚན་གང་ལ་ཕན་ཐོགས་ཡོད་མེད་ཟེར་བ་དེ་བཤད་ཁག་པོ་རེད། ཚོགས་ཞུགས་པ་ཚོ་པར་ནང་ནས་མཐོང་བཞིན་པ་འདི་རེད། བོད་རིག་པ་ཟེར་བ་ག་ཙམ་བཤད་ཐུབ་མིན་དེ་ཡང་གསལ་བོ་རེད། གང་ལྟར་ཆུང་ས་ནས་བཤད་ན་ད་ཐེངས་གསར་འབྱོར་བ་ཁ་ཤས་ཤིག་འགྲོ་སོང་ཕོན་ཆེན་གཏོང་མ་དགོས་པར་ཕྱི་རྒྱལ་དུ་བདེ་ལེགས་ངང་སླེབས་པ་དང་ཡོ་རོབ་རྒྱལ་ཁབ་གང་རུང་དུ་སྐྱབས་བཅོལ་ཞུ་བའི་གོ་སྐབས་རག་པ་འདི་ཡག་པོ་རེད། ཁོང་ཚོ་ལ་བྱ་བ་ལམ་འགྲོ་ཡོང་བའི་ཁ་གཡང་ཡོད།
གང་ལྟར་ཆུང་ས་ནས་བཤད་ན་ད་ཐེངས་གསར་འབྱོར་བ་ཁ་ཤས་ཤིག་འགྲོ་སོང་ཕོན་ཆེན་གཏོང་མ་དགོས་པར་ཕྱི་རྒྱལ་དུ་བདེ་ལེགས་ངང་སླེབས་པ་དང་ཡོ་རོབ་རྒྱལ་ཁབ་གང་རུང་དུ་སྐྱབས་བཅོལ་ཞུ་བའི་གོ་སྐབས་རག་པ་འདི་ཡག་པོ་རེད། ཁོང་ཚོ་ལ་བྱ་བ་ལམ་འགྲོ་ཡོང་བའི་ཁ་གཡང་ཡོད།
དེ་ཡག་པོ་རེད། ཁ་ེསང་རེད་དོ