བློ་བཟང་ལུང་རྟོགས་ནས།
ཞག་ཞེ་དགུའི་སྐབས་ཀྱི་སེམས་ཚོར། ཉེས་མེད་སྡུག་གསོད།
ཟླ་འདིའི་ཕྱི་ཚེས་གཉིས་གསུམ་ཙམ་ལ་རྒྱ་གཞུང་གི་འབྲེལ་ཡོད་ལས་ཁུངས་ནས་རིན་པོ་ཆེ་མཆོག་གི་སྲིང་མོ་གཉིས་ལ་ཐུག་འཕྲད་དུ་ཤོག་ཟེར་ནས་སྐད་བཏང་ཡོད་ཀྱང་། སང་ཉིན་ཐུག་བཅུག་གི་ཡིན། གནངས་ཉིན་ཐུག་བཅུག་གི་ཡིན་ཟེར་ནས་ཉིན་ཤས་རིང་ཐུག་འཕྲད་བྱེད་དུ་བཅུག་མེད་པར། ༢༠༡༥ལོ་ཟླ་༧ ཚེས་༡༢ ཉིན་སྲིང་མོ་གཉིས་ཐུག་འཕྲད་དུ་འགྲོ་སྐབས་འབྲེལ་ཡོད་ལས་བྱེད་ཀྱིས་ཐུག་འཕྲད་བྱས་ན་ཡོང་གི་མ་རེད་ཅེས་ལབ་ཡོད་པ་དང་། ཕྱི་དྲོ་ས་གནས་ཀྱི་ཆུ་ཚོད་༡༡ ཙམ་ལ་རིན་པོ་ཆེ་དགོངས་པ་རྫོགས་ཚར་བ་རེད་ཅེས་ལན་སྤྲད་ཡོད་འདུག ༢༠༠༢ ལོ་ནས་ཉེས་མེད་ཉེས་འཛུགས་འོག་རྒྱ་གཞུང་གིས་འཛིན་བཟུང་དང་སྡུག་སྦྱོང་མནར་གཅོད་ཚད་ལས་འདས་པ་བཏང་སྟེ། མཐར་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་ཁོང་བཙོན་ཁང་དུ་སྡུག་གསོད་བཏང་ནས་འདས་གྲོངས་ཕྱིན་པ་དང་། ད་ལྟའི་གནས་སྐབས་ལ་གང་གི་སྐུ་ཐལ་ཙམ་ལས་ཤུལ་ལུས་ནང་མི་དང་དད་ལྡན་བོད་མི་ཚོར་རྒྱུ་མཚན་དང་རྩིས་སྤྲོད་གང་ཡང་བྱས་མེད་པའི་ཡིད་སྐྱོའི་གནས་ཚུལ་འདི་འདྲ་ཞིག་ཐོན་ཡོད།
བོད་པའི་ངུ་སྐད།
སྤྲུལ་སྐུ་ཁོང་སྐུ་བཀྲོངས་པའི་གནས་ཚུལ་གྱི་སྤྲིན་ནག་ལང་ལོང་འཁྲུགས་ཞིང་འཛམ་གླིང་གང་སར་གནས་སྡོད་བོད་མི་ཚོས་མིག་མཆིའི་དྲག་ཆར་བབས་པ་དེས་ཡང་བསྐྱར་ང་ཚོར་དྲན་སྐུལ་ཞིག་གནང་ཡོད་པ་ནི། རྒྱ་དམར་གཞུང་གི་ལག་འོག་ན་བོད་མིའི་ཚེ་སྲོག་ལ་རིན་ཐང་མེད་པ་གསལ་སྟོན་བྱས་ཡོད་པ་དང་། སྤྲུལ་སྤྲུ་ཁོང་སྡུག་གསོད་བྱས་པའི་ཉིན་ཤས་རྗེས་རྒྱ་གཞུང་གིས་གསར་ཤོག་ཐོག་མུ་མཐུད་སྤྲུལ་སྐུ་ཁོང་འཇིགས་སྐུལ་བ་ཡིན་ཚུལ་དང་ཁོང་ལ་སྨན་བཅོས་ལྟ་སྐྱོང་གི་འོག་ཀློད་གྲོལ་གྱི་ཐོབ་ཐང་མེད་ཚུལ་སོགས་བཤད་དེ་འགྱེལ་བའི་སྟེང་ལ་རྡོག་བརྫིས་ཀྱི་བྱ་འགུལ་རིམ་པར་སྤེལ་ཡོད་པ་དང་། ལྷག་པར་དུ་ནང་མི་དང་ས་གནས་བོད་མིའི་རེ་འདོད་རྡོག་རོལ་དུ་བཏང་ནས་སྐུ་ཕུང་ཤུལ་མེད་དང་། སྤུན་ཉེ་འཛིན་བཟུང་། ས་གནས་བོད་མིར་འཇིགས་སྐུལ་སོགས་བྱས་ཡོད། བྱེད་སྟངས་འདི་དག་དེང་སྐབས་འཛམ་གླིང་སྟེང་སྟོབས་ཆེན་རྒྱལ་ཁབ་ཏུ་རློམ་པའི་སྲིད་གཞུང་ཞིག་གི་བྱེད་སྟངས་རེད་དམ།
གནས་ཚུལ་འདི་དག་ལ་བརྟེན་འཛམ་གླིང་གང་སར་ཡོད་པའི་བོད་མི་ཚོས་སོ་སོའི་སེམས་འཚབ་སྟོན་པའི་ལས་འགུལ་ཞིག་སྤེལ་ཡོད་པ་དང་། ཨོ་སི་ཀྲི་ལི་ཡར་མཚོན་ན་ས་གནས་གང་སར་ལས་འགུལ་རིམ་པ་མང་པོ་ཞིག་སྤེལ་ཡོད། ལྷག་པར་དུ་ཟླ་༧་ཕྱི་ཚེས་༢༢ ཉིན་གྱི་ཉིན་གུང་ཙམ་ལ། སིག་ནེ་གྲོང་ཁྱེར་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་སློབ་ཕྲུག་ཚོགས་པས་བཀོད་སྒྲིག་འོག་རྒྱ་ནག་གཞུང་ཚབ་ཁང་གི་སྒོ་མདུན་དུ་བོད་མི་མང་པོ་ཞིག་འདུ་འཛོམས་ཐོག་རྒྱ་གཞུང་གིས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་གི་གནད་དོན་ངེས་པར་གསལ་བཤད་དགོས་པ་དང་། རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་མངོན་འདོད་དང་བློས་གཏོང་ལ་བརྩི་བཀུར་བསམ་ཤེས་ཀྱིས་ལན་གསལ་སྤྲོད་དགོས་པའི་འབོད་སྐུལ་བྱས་འདུག་པར་མ་ཟད། སྒོ་ཆེན་ནང་ཡར་འཛུལ་ཏེ་རྒྱ་ནག་གི་རྒྱལ་དར་མར་ཕབ་ནས་གཤག་རལ་དུ་བཏང་བ་དང་། གཞུང་ཚབ་ལས་ཁུངས་ཀྱི་སྒོ་བརྡུངས་པ་སོགས་ཀྱི་ངོ་རྒོལ་ཤུགས་ཆེན་བྱས་ཡོད་སྟབས། ཉེན་རྟོག་པས་ས་གནས་བོད་མི་ཞི་རྒོལ་བ་༧ འཛིན་བཟུང་བྱས་ཡོད་འདུག
བསམ་ཤེས་ཚོའི་སེམས་ཁྲལ།
མི་མང་པོ་ཞིག་གིས་རྒྱ་དམར་གྱི་དར་ཆ་གཙབ་ཧྲལ་བཏང་བ་དེས་རྒྱ་ནག་མི་མང་དུང་ཕྱར་༡༣ ཀྱི་སེམས་ལ་ཕོག་ཐུག་བཏང་བ་རེད་ཟེར། དེང་སྐབས་རྒྱ་ནག་མི་མང་རང་ཉིད་ཀྱི་སྲིད་གཞུང་ལ་ཞེན་ཁ་ལོག་པ་མ་ཟད། གཞུང་གི་ལས་བྱེད་མང་ཆེ་བ་རང་ཉིད་ཀྱི་སྲིད་གཞུང་ལ་ཡིད་ཆེས་དང་བརྩི་བཀུར་མེད་པ། རྒྱ་ནག་ནང་དངུལ་དངོས་མ་གཏོགས་བསམ་རྒྱུ་མེད་པར་མིའི་བཟང་སྤྱོད་ཀྱིས་ཕོངས་པའི་དཀའ་ངལ་བློ་ཡུལ་ལ་འདས་པ་ཞིག་འབྱུང་བཞིན་པའི་སྐབས་འདིར་དར་ཆ་དམར་པོ་དེས་རྒྱ་ནག་མི་མང་མཚོན་མི་ཐུབ་ལ། དར་ཆ་དམར་པོ་དེའི་འོག་རྒྱ་རིགས་ས་ཡ་བདུན་ཅུ་ལྷག་དང་བོད་མི་ས་ཡ་གཅིག་ལྷག་གི་ཚེ་སྲོག་འཕྲོག་པའི་ལོ་རྒྱུས་ཀྱི་དན་རྟགས་ནི་མིག་ཡོད་པ་ཚོས་མཐོང་ཐུབ་པ་དང་། རྣ་བ་ཡོད་མཁན་ཚོས་ཐོས་ཐུབ་མཁན། སེམས་ཀྱིས་བསམ་ཐུབ་མཁན་ཞིག་ཡིན་ན་ཆེས་གསལ་བོར་ཡིན་པ་སྨོས་མ་དགོས་ཀྱང་། དེང་སྐབས་ཅི་ཡང་མ་མཐོང། ཅི་ཡང་མ་ཐོས། ཅི་ཡང་མི་སྒྲུབ་པ་ནི་བོད་དོན་འཐབ་རྩོད་དུ་འདོད་མཁན་མང་པོ་ཞིག་གིས་ནམ་རྒྱུན་ཁ་ལ་རྒྱལ་བ་རིན་པོ་ཆེ་དང་། བོད་མི་རིགས། འཚེ་མེད་ཞི་བ་སོགས་མ་ཎི་འདོན་འདོན་བྱེད་ཀྱི་ཡོད།
དེ་ལྟར་མྱ་ངན་དང་ངོ་རྒོལ་གྱི་རྣམ་པ་ཤུགས་ཆེན་པོ་བསྟན་ཀྱང་། འགྲོ་བ་མིར་བརྩེ་བ་ཏིལ་འབྲུ་ཙམ་མེད་པས་རྒྱ་དམར་གཞུང་གིས་ནང་མིའི་མངོན་འདོད་དང། ས་གནས་མི་མང་གི་རེ་བ། བོད་མི་རིགས་ཀྱི་སྲོལ་རྒྱུན་སོགས་བརྩི་མེད་རྡོག་རོལ་བྱས་ཏེ་སྤྲུལ་སྐུ་ཁོང་གི་སྐུ་ཕུང་མེ་བསྲེགས་ཀྱིས་སྐུ་ཐལ་ཙམ་ལ་ཡང་བདག་དབང་མེད་པའི་གནས་སྟངས་སྐྱོ་བོ་བྱུང་ཡོད། ང་ཚོས་བོད་མི་ཚང་མ་སངས་རྒྱས་ཚར་བ་རེད་དམ། བཟོད་པའི་ཕར་ཕྱིན་རྫོགས་ཚར་བ་རེད་དམ། ང་ཚོས་རང་ཉིད་ཀྱི་སེམས་ཚོར་ཕྱིར་སྟོན་མ་ཆོག་པ་གང་ཡིན་ནམ།
ད་ལྟའི་རང་རེའི་སྤྱི་ཚོགས་ཁྲོད་དུ་འབྱུང་བཞིན་པའི་གནད་དོན་གལ་ཆེ་ཞིག་རྩལ་དུ་བཏོན་ནས་གླེང་འདུག་པར་བཀའ་དྲིན་ཆེ། གནད་དོན་འདིའི་ཐད་ང་ཚོའི་མི་དམངས་ནས་བསམ་བློ་ཡག་པོ་ཐོངས།