__ སྨྱུག་མདའ།
དབེན་པའི་གད་པ་སྐྱ་བོའི་འགྲམ་དུ་ཐོན། །
སྣང་སྲིད་ཉི་འོད་སེར་པོས་སྐུལ་བརྡ་ཐེབས། །
ངེས་འབྱུང་བཅོས་མ་ཞིག་གི་དཀྱིལ་འཁོར་ན། །
བཙུན་པ་ཞིག་གི་གཟན་གོས་འཕྲེད་དུ་གཡུག །
མི་ཚེ་ཁེར་རྐྱང་ཟེར་བའི་ཆིག་ལབ་འདི། །
བློ་ཡི་འཆིང་རྒྱ་དོག་པའི་རྣམ་རྟོག་རྒྱུ། །
དམིཊ་མེད་དབྱིངས་ལ་ཕྱོཊ་པའི་ཁ་དོག་ཀྱང་། །
སྨུག་པའི་ཕྱི་རོལ་སྙེགས་པར་ཨ་མཚར་རོ། །
སྣང་བ་ར་གྲིས་གློ་སྙིང་འབྲེག་པས་ན། །
འདུ་བྲལ་འཁོར་བའི་ཀློང་འདི་དེ་གའི་སྲོལ། །
རང་དབང་ཏཱ་ར་ལན་གཅིག་མཇལ་བརྩོན་ཡང་། །
གློ་བུར་འཁྱོམ་ལྡང་ཞིག་གིས་དྲུད་ནས་སོ། །
རྒྱུད་འབྱམས་དྲེག་པའི་ལུང་ཞིག་མཐོང་བ་འདི། །
ཀླུ་སྒྲུབ་ལུགས་ཀྱི་སྟོང་ཉིད་བརླག་བྱེད་དོ། །
ཀླད་རྩར་དུ་ཞགས་འཐུམས་པའི་རྨེད་པ་ནི། །
སྲོག་གི་དབང་བོ་བོར་བའི་བེམ་པོ་ཞིག །
འཚོ་བའི་དགའ་མ་བཙལ་བའི་སྙིང་བོ་ཡང་། །
ལྟ་བའི་ལྷུང་བཟེད་ནག་པོས་འཁུམ་དུ་བཅུག །
མི་མངོན་ལྐོག་ལ་ཡིབ་པའི་འཁྲིག་སྤྱོད་ཅིང་། །
བདག་གིས་བསམ་ན་མིང་གི་རྣམ་པ་ཙམ། །
གཞུང་ལུགས་སེ་རོའི་ཞལ་ཁེབས་བཀྱགས་པ་འང་། །
མི་ཚེ་ཆོས་ལ་ཐིམ་པར་ཨ་གསར་སྒྲིག །
གཅེར་མའི་ནུ་འགོ་ཉེས་པར་བཅར་བ་ན། །
ཉིན་དང་མཚན་དུ་ཕྱི་ཡི་གཟུགས་བརྙན་ཙམ། །
ཞོགས་པ་དཀྱུས་མ་ཞིག་གི་ངོས་དག་ན། །
གྱོད་པ་གླིང་ཆེན་སྨྱོན་པའི་ཇ་ཕོར་སྐམ། །
དུས་ཚོད་སྐར་མ་རིབ་པའི་མཚན་སྨད་དུ། །
བདག་ནི་སད་ཅིང་རྨང་ནས་སྐྲག་པ་འོ། །
ལྟ་བའི་ཤེད་འདི་འཐེན་པར་མ་འགྲེལ་པས། །
གཟན་གྱིས་འགྲམ་ལྕག་ཕབ་པའི་ཁ་མིག་ལྷག །
མིང་གི་ཟུར་ཁ་དག་ལ་མནོ་བསམ་ན། །
དམྱལ་བའི་རྐུབ་སྟེགས་སྲུང་པའི་ལེའུ་གྲུབ། །
གོས་ཀྱི་ཁ་དོག་རྙིད་པའི་ན་བཟའ་རལ། །
ཕྱི་རོལ་ཆགས་ཚིག་དམར་པོར་ལ་གཞས་དྲེད། །
ནང་བསྟན་མ་རྩར་རྟོག་གེས་རུམ་དུ་བསྡུས། །
ཕྱོགས་དང་ཕྱོགས་སུ་འཚོ་བའི་ཁུག་མར་གྱུར།།
བདག་ནི་རྟོགས་པ་སད་པའི་འབྲས་རྟགས་མིན། །
བདག་ནི་ལྟ་བ་ལོག་པའི་ཞེན་ཁ་མིན། །
མིག་གིས་འཚོས་སྟངས་ཧ་ཅང་མི་ལེགས་པས། །
སྨྱུག་མདའི་ལག་པ་འགུལ་བའི་གྲ་སྒྲིག་གོ །