ཡོང་ཁུངས། བོད་ཀྱི་དུས་བབ།
དེ་རིང་ཤེས་ཡོན་ཚོགས་ཆུང་གིས་འདས་པའི་ལོ་གཅིག་ནང་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་༢༤ ནང་ཞིབ་འཇུག་གནང་བའི་སྙན་ཐོ་སྙན་སྒྲོན་ཞུས་སོང་།
སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་པའི་ལས་ཉིན་གཉིས་པའི་ཕྱི་དྲོར། སྤྱི་འཐུས་ལྷན་ཚོགས་ཀྱི་ཤེས་ཡོན་ཚོགས་ཆུང་གི་ཚོགས་གཙོ་པདྨ་འབྱུང་གནས་ལགས་ཀྱིས་ཚོགས་ཆུང་གི་སྙན་ཐོ་ཤོག་ངོས་༦༣ ཅན་ཞིག་གྲོས་ཚོགས་ནང་སྙན་སྒྲོན་ཞུས་པའི་ནང་། སཾ་བྷོ་ཊ་སློབ་ཁག་བཞི་ལས་མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ་ཤེས་ཡོན་ལེགས་ཤོས་དང་། གཉིས་པ་བདེ་སྐྱིད་གླིང་སཾ་བྷོ་ཊ་ཉིན་སློབ། གསུམ་པ་ཅོན་ཏ་ར་སཾ་བྷོ་ཊ་གཏན་སློབ། བཞི་པ་སྤོན་ཊ་སཾ་བྷོ་ཊ་གཏན་སློབ་ཡིན་པ་དང་། ཡང་རྟོག་ཞིབ་གནང་བ་བརྒྱུད་སྤོན་ཊ་ཆོལ་གསུམ་གྱི་སྔོན་འགྲོའི་སློབ་གྲྭར་འཛིན་ཁང་ཡོད་ཀྱང་ཉམས་གསོ་མེད་པ། དགེ་རྒན་གྱི་གླ་ཕོགས་དང་མཐུན་རྐྱེན་ཞན་པ་སོགས་སློབ་གྲྭ་ཡོངས་ཀྱི་ནང་ནས་སྐྱོ་ཤོས་ཡིན་པ་ཤེས་རྟོགས་བྱུང་ཡོད་སྐོར་བཀོད་འདུག
སྤྱི་འཐུས་གྲོས་ཚོགས་ནང་ཤེས་ཡོན་ཚོགས་ཆུང་གིས་ཤེས་ཡོན་སྲིད་བྱུས་ལག་བསྟར་བྱ་ཡུལ་སློབ་གྲྭ་ཁག་༢༤ ལ་རྟོག་ཞིབ་བྱས་པའི་མཐོང་ཚུལ་ལྟར་ན། སློབ་གྲྭ་ཁག་གཅིག་ལ་ཁྲིད་ཆས་དང་སློབ་ཁྲིད་གནང་སྟངས། དགེ་རྒན་གྱི་གནས་ཚད་བཅས་ཡག་པོ་ཡོད་ཀྱང་། སློབ་གྲྭ་མང་ཆེ་བར་གོང་བརྗོད་མཐུན་རྐྱེན་དེ་དག་ཚང་མེད་པ་མ་ཟད། རྩེད་ཐང་སྐྱོ་བ་དང་དགེ་རྒན་ལ་ལས་ཤག་གི་མཐུན་རྐྱེན་ཞན་པ། འཛིན་ཁང་དང་ཁོར་ཡུག་གི་རྒྱ་ཁྱོན་ཆུང་བ། ཚོགས་ཁང་མེད་པ་དང་དགེ་རྒན་ལ་ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་ལྟར་ཆེ་མཐོང་སྤྲོད་ཀྱི་མེད་པ་སོགས་ཀྱི་གནས་སྟངས་ཡོད་ཀྱང་། དགེ་ལས་བརྒྱ་ཆ་༩༨ ལྷག་གིས་ཤེས་ཡོན་སྲིད་བྱུས་འདི་ཉིད་ལ་མོས་མཐུན་གནང་བཞིན་ཡོད་པ་མ་ཟད། བོད་པའི་སློབ་ཁག་ཚང་མར་ལག་བསྟར་གཅིག་གྱུར་བྱ་རྒྱུ་ཕྱིས་མེད་ནའང་སྔ་དྲགས་མེད་པའི་མཐོང་ཚུལ་བྱུང་ཡོད་འདུག
ཤེས་ཡོན་ཚོགས་ཆུང་གི་སྙན་ཐོའི་ནང་བོད་སློབ་འཛིན་ཚོགས་ཀྱི་ཁྱབ་ཁོངས་སློབ་གྲྭ་ཁག་ཏུ་ཤེས་ཡོན་སྲིད་བྱུས་ལག་བསྟར་ཐུབ་རྒྱུ་ཕར་ཞོག ད་ལྟའི་དཀའ་ངལ་འཕྲལ་དུ་སེལ་ཐབས་མ་གནང་ན་ཉེན་ཁ་ཆེན་པོ་ཡོད་སྐོར་བཀོད་པའི་ནང་། བོད་སློབ་འཛིན་ཚོགས་ཀྱི་སློབ་གྲྭ་ཁག་ནང་བོད་དགེ་གཏན་འཇགས་གསར་བསྐོ་དང་། འཛིན་རིམ་བརྒྱད་པ་བར་ལ་བོད་ཡིག་སློབ་མཁན་ཟུར་དུ་མེད་པ། གཞི་རིམ་འོག་མའི་སློབ་གྲྭ་དེ་དག་གི་དགེ་ཆེ་བོད་རིགས་བསྐོ་ཐབས་བྱེད་པའི་ཐད་ད་བར་འབད་བརྩོན་ཇི་གནང་དང་། གྲུབ་འབྲས་ཇི་སོན། དཀའ་ངལ་མུ་མཐུད་གནས་ཡོད་ཚེ་མ་འོངས་དཀའ་སེལ་གནང་ཕྱོགས་བཅས་ཀྱི་སྐོར་དྲིས་པར། དེའི་སྐོར་ཤེས་རིག་ལ་སེམས་འཚབ་ཡོད་གནས་དང་། འབད་བརྩོན་ཞུས་པས་བོད་རིགས་དགེ་རྒན་གཏན་འཇགས་བསྐོ་གཞག་གནང་ཐུབ་པ་མ་བྱུང་ཡང་། ཆོད་གན་ལ་ལོ་རེ་བཞིན་ངག་རྒྱུགས་ལེན་མི་དགོས་པར་ལོ་ལྔའི་བར་རང་བཞིན་གྱིས་ཕར་འགྱངས་ཆོག་པའི་བཀའ་འཁྲོལ་བྱུང་གནས། འཛིན་རིམ་བརྒྱད་པ་ཅན་གྱི་སློབ་གྲྭར་བོད་ཡིག་མ་ཟད། ཨིན་ཇིའི་དགེ་རྒན་ཡང་ཟུར་དུ་བསྐོ་གཞག་གནང་རྒྱུའི་ས་མིག་བཀའ་འཁྲོལ་གནང་ལམ་མེད་གནས། འཛིན་རིམ་བརྒྱད་པ་ཅན་གྱི་སློབ་ཁག་ནང་ཆོས་དགེའི་གསོལ་ཕོགས་རོགས་སྐྱོར་དང་འབྲེལ་བསྐོ་གཞག་གནང་མུས་ལྟར། ཆོས་དགེ་ཚོས་བོད་ཡིག་སློབ་ཁྲིད་ལའང་མཐུན་འགྱུར་གནང་བཞིན་ཡོད་ཅེས་ལན་འདེབས་གནང་བའི་ཐད་ཚོགས་ཆུང་གི་མཐོང་ཚུལ་བཀོད་པའི་ནང་། མདོར་ན་བོད་སློབ་འཛིན་ཚོགས་ཀྱི་སློབ་ཁག་ནང་ཤེས་ཡོན་སྲིད་བྱུས་ལག་ལེན་བསྟར་ཐུབ་རྒྱུ་ཕར་ཟད། ད་ལྟ་འཕྲད་བཞིན་པའི་དཀའ་ངལ་དེ་རིགས་དུས་ཚོད་ངེས་ཅན་ནང་སེལ་ཐབས་མ་གནང་ཚེ། འབྱུང་འགྱུར་རི་ལུག་པ་ཐག་པས་མི་འདུམ་པ་ཞེས་པ་ལྟ་བུའི་གནས་སུ་ལྷུང་ཉེན་འདུག་ན། གང་མགྱོགས་རྩིས་ལེན་ནམ་དོན་ཕན་སོས་པའི་ཛ་དྲག་གི་དཀའ་ངལ་སེལ་གནང་དགོས་པར་མཐོང་། ཞེས་བརྗོད་འདུག
དཔེ་སྟོན་གྱི་སློབ་ཁྲིད་བརྒྱུད་ལམ་ཐད་ཀྱི་ཛ་དྲག་དཀའ་ངལ་ཐད་སྙན་ཐོའི་ནང་། དཔེ་སྟོན་སློབ་གྲྭའི་འཛིན་རིམ་ ༦ ནས་བོད་ཨིན་སྐད་གཉིས་ཟུང་འབྲེལ་ཐོག་བསྐྱོད་པ་དེ་ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་དང་མཐུན་གྱི་ཡོད་མེད་དྲིས་པར། ཐོག་མའི་ཆར་ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་བཞིན་སློབ་ཚན་གཞན་ཁག་གི་སློབ་ཁྲིད་བརྒྱུད་ལམ་བོད་སྐད་ཐོག་གནང་ཡོད་རུང་། འབྲེལ་ཆགས་དགེ་རྒན་གྱི་བོད་ཡིག་གནས་ཚད་མ་འདང་བས། དེ་མུར་ཨུ་ཚུགས་བརྒྱབ་ཚེ་དགེ་སློབ་གཉིས་ཀར་དཀའ་ངལ་འཕྲད་གཞིར་མཐོང་སྟེ་སྐད་གཉིས་ཟུང་འབྲེལ་ཐོག་ནས་མ་གནང་ཀ་མེད་བྱུང་ཡོད། འོན་ཀྱང་དགེ་རྒན་གྱི་བོད་ཡིག་གནས་ཚད་ཡར་རྒྱས་གཏོང་ཐབས་སུ་བོད་ཡིག་ཟུར་སྦྱོང་ལས་འཆར་འགོ་བཙུགས་ཟིན་ཡོད་ཅིང་། རིམ་པས་ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་ལྟར་གོམ་པ་སྤོ་རྒྱུར་འབད་བརྩོན་བྱ་རྒྱུ་ཡིན་ཞེས་ལན་འདེབས་གནང་ཡོད་སྐོར་དང་།
ཤེས་ཡོན་ཚོགས་ཆུང་གི་ཚོགས་མི་རྣམས་རྡ་ཤོད་དཔེ་སྟོན་སློབ་གྲྭར་དངོས་སུ་བཅར་སྐབས་ཤེས་གསལ་ལྟར་ན། འཛིན་རིམ་དྲུག་པ་ནས་བཅུ་པ་བར་ལ་བོད་དགེ་གཅིག་དང་ཨིན་དགེ་གཅིག་ལས་མི་འདུག་ཅིང་། དགེ་རྒན་གཞན་པ་རེ་ཟུང་གིས་བོད་ཨིན་འཛིན་གྲྭ་ཁག་ཅིག་ཞོར་ཁྲིད་བྱེད་དགོས་ཐུག་གི་ཡོད་པ་མངོན་གསལ་རེད་འདུག་པ་དང་། དགེ་རྒན་འདང་ངེས་ཡོད་པ་ཞིག་ཏུ་མ་མཐོང་བས་མ་འོངས་པར་དགོངས་བཞེས་ངེས་པར་དུ་གནང་དགོས་འདུག ཚན་རིག་བརྟག་དཔྱད་ཁང་གསར་འཛུགས་ཞེས་པ་དེ་ཡང་ཚོགས་ཁང་ལ་བཅད་བརྒྱབ་སྟེ་ཁྲལ་འཁྱོལ་ཙམ་ལས་ཚད་དང་ལྡན་པ་གང་ཡང་མ་མཐོང་། ཕྱི་ལོ་ ༢༠༡༢ ནས་ ༢༠༡༤ བར་གྱི་སློབ་ཕྲུག་རྣམས་ཀྱི་ཨང་རྩིས་དང་ཚན་རིག་གི་ཡིག་རྒྱུགས་གྲུབ་འབྲས་ལ་གཞིགས་ཚེ་ཕྲན་བུའི་ཡར་རྒྱས་ཕྱིན་ཡོད་པའི་རྣམ་པ་འདུག ཅེས་བརྗོད་འདུག
དེ་བཞིན་དཔེ་སྟོན་སློབ་གྲྭའི་ནང་རྩིས་རིག་དང་། ཚན་རིག སྤྱི་ཚན་བཅས་ཀྱི་དགེ་རྒན་ཚོས་བོད་སྐད་གཙོ་བོ་མ་ཡིན་པར་ཨིན་སྐད་ཐོག་བསླབ་ཀྱི་ཡོད་པ་ཡིག་རྒྱུགས་ལན་ཤོག་ནས་དངོས་ར་འཕྲོད་ཀྱི་ཡོད་པའི་ཛ་དྲག་གནས་སྟངས་དེར་ཤེས་རིག་ལས་ཁུངས་ནས་དགོངས་ཚུལ་ཇི་ཡོད་དང་། དཀའ་ངལ་སེལ་ཐབས་ཇི་གནང་། ད་ལྟ་ཡང་གནས་སྟངས་རང་འཇགས་ཡིན་མིན་བཅས་ཀྱི་སྐོར་དྲིས་ལན་དུ། སྤྱིར་བཏང་འཛིན་རིམ་དྲུག་པ་ནས་བརྒྱད་པ་བར་ཚན་རིག་དང་། རྩིས་རིག སྤྱི་ཚོགས་ཚན་རིགས་སོགས་སྐད་གཉིས་ཟུང་འབྲེལ་ཐོག་སློབ་ཁྲིད་གནང་མུས་དང་། དྲི་ཤོག་ཀྱང་སྐད་གཉིས་ཟུང་འབྲེལ་ཐོག་བཏོན་ཡོད་ཀྱང་། སློབ་མ་ཚོས་དྲིས་ལན་ཨིན་ཡིག་ཐོག་དྲིས་པ་དངོས་བདེན་ལགས། འབྱུང་འགྱུར་བོད་སྐད་བརྒྱུད་ལམ་ནས་སློབ་ཁྲིད་མཐིལ་ཕྱིན་བྱ་ཐུབ་པ་བྱུང་ཚེ་ཡིག་རྒྱུགས་ཀྱང་དེ་བཞིན་བོད་སྐད་བརྒྱུད་ལམ་རང་ཐོག་ལེན་ཐུབ་པའི་རེ་བ་བྱེད་ཀྱི་ཡོད་ཅེས་བརྗོད་ཡོད་སྐོར་བཀོད་འདུག
ཡང་སྙན་ཐོའི་ནང་། སློབ་གྲྭ་ཁག་གི་དགེ་རྒན་འདེམས་སྒྲུག་དང་གླ་ཕོགས་མཐུན་རྐྱེན། གནས་སྤར་གནས་སྤོ། རྒྱུན་འཕར་ལས་འགན། སྒྲིག་ལམ་ཀུན་སྤྱོད། བདེ་དོན་ལྟ་རྟོག གྲུབ་འབྲས་ཞིབ་བཤེར་སོགས་ཀྱི་སྐོར་ཁྲིམས་ལུགས་དང་སྒྲིག་གཞི་གཏན་འབེབས་གནང་ཡོད་མེད་དང་། མེད་ཚེ་གནང་མི་དགོས་པའི་རྒྱུ་མཚན་གསལ་བཤད་ཡོང་བར་དྲིས་ལན་དུ། སློབ་ཁག་སྡེ་ཚན་སོ་སོར་རྩ་འཛིན་སྒྲིག་གཞི་རེ་ཡོད་མུས་དང་། དོན་དངོས་སུའང་འཛིན་སྐྱོང་སྡེ་ཚན་སོ་སོ་ནས་གནང་མུས་ལ་བརྟེན། ད་ལྟའི་ཆར་སྤྱི་ཁྱབ་སྒྲིག་གཞི་ཞིག་བཟོ་གལ་མ་མངོན་ཞེས་བརྗོད་ཡོད་པ་དང་། དེའི་ཐད་ཚོགས་ཆུང་གིས། གྲོས་ཆོད་འདི་ཤེས་ཡོན་སྲིད་བྱུས་གཞི་རྩར་བཞག་པའི་ཐོག་སྤྱི་ལ་ཁྱབ་པའི་ཁྲིམས་ལུགས་དང་སྒྲིག་གཞི་གཏན་འབེབས་བྱ་རྒྱུའི་ཆེད་བཞག་པ་ཞིག་རེད་འདུག་པ་དང་། སློབ་ཁག་སྡེ་ཚན་སོ་སོར་རྩ་འཛིན་སྒྲིག་གཞི་རེ་ཡོད་པ་དེ་རྣམས་ཤེས་ཡོན་སྲིད་བྱུས་གཏན་འབེབས་མ་གནང་གོང་ནས་བཟོས་པ་རེད་འདུག དྲིས་ལན་གྱི་ངོ་གདོང་ལ་གཞིགས་ཚེ་དེ་སྔ་གཏན་འབེབས་བྱས་པའི་སྒྲིག་གཞིར་སོར་འཛིན་བྱ་རྒྱུ་ལས་ཤེས་ཡོན་སྲིད་བྱུས་གཞིར་བཟུང་ལག་བསྟར་གནང་འཆར་མིན་པ་གསལ་པོར་མངོན་པས་མ་འོངས་པར་དེའི་ཐོག་བསམ་གཞིགས་ནན་པོ་གནང་གལ། ཞེས་བརྗོད་འདུག
དགེ་རྒན་སྡོད་གནས་ཁང་དུ་དགོས་ངེས་ཀྱི་མཐུན་རྐྱེན་སྦྱར་ཡོད་ཀྱང་བེད་སྤྱོད་ཚུལ་བཞིན་དུ་ཤེས་ཀྱི་མེད་པའི་སྐོར་ལ་སྙན་ཐོའི་ནང་། བོད་སློབ་འཛིན་ཚོགས་ཀྱི་སློབ་ཁག་ཕུད་བོད་ཁྱིམ་གཉིས་དང་སཾ་བྷོ་ཊའི་སློབ་ཁག་གི་དགེ་རྒན་སྡོད་གནས་ཁང་ (Staff Room) ནང་ཀམ་པུའུ་ཊར་དང་དྲ་རྒྱའི་མཐུན་རྐྱེན་ཡོད་མུས་དང་། དགེ་རྒན་ཁྱད་ལས་ཡར་རྒྱས་ལས་གཞིའི་འོག་དགེ་རྒན་སྡོད་གནས་ཁང་ནང་དགེ་རྒན་གྱི་ཟུར་བལྟའི་དེབ་རིགས་སྣ་ཚོགས་ཉོ་རྒྱུའི་མཐུན་རྐྱེན་སྦྱར་ཡོད། གཞན་ཡང་ཆེས་དེང་རབས་ཅན་གྱི་སློབ་ཁྲིད་གནང་བྱེད་འཕྲུལ་འཁོར་ (Smart Class) གྲངས་བཅུ་གཉིས་གསར་འཛུགས་གནང་ཡོད་ཅེས་གསལ་ཡོད་ཀྱང་། ཤེས་ཡོན་ཚོགས་ཆུང་གི་ཚོགས་མི་རྣམས་ཕྱོགས་བསྐྱོད་བྱ་ཡུལ་སློབ་ཁག་ནང་གོང་གསལ་མཐུན་རྐྱེན་ཁག་ཡོད་པ་གང་ཞིག་ལ་འདོད་བློ་ཁེངས་པ་ཞིག་གང་དུའང་མཐོང་མ་སོང་བ་དང་། སློབ་ཁྲིད་གནང་བྱེད་འཕྲུལ་འཁོར་བསྩལ་གནང་ཡོད་པ་རྣམས་ཀྱང་བེད་སྤྱོད་གནང་མཁན་དང་། གནང་མི་ཤེས་མཁན་དེ་འདྲ་ཡང་འདུག ཅེས་བརྗོད་འདུག
ཤེས་རིག་ལས་ཁུངས་ནས་དཔེ་དེབ་བོད་སྒྱུར་གནང་བཞིན་ཡོད་པའི་ཐད་ཚོགས་ཆུང་གི་མཐོང་ཚུལ་ནང་། བོད་སྒྱུར་ཅན་གྱི་དེབ་གྲངས་ ༣༠ ལས་ ༥ པར་སྐྲུན་ཟིན་ཡོད་འདུག་པ་དང་། གསར་རྩོམ་དེབ་གྲངས་ ༤༠ རྣམས་ཀྱི་པར་རིས་འབྲི་མཁན་མ་བྱུང་ནས་པར་སྐྲུན་བྱ་རྒྱུར་ལྷག་ཡོད་འདུག སྤྱིར་བྱིས་སྒྲུང་རྣམས་སྐད་ཡིག་གཞན་ནས་བསྒྱུར་བ་ལས་བོད་ཀྱི་ཐུན་མོང་མ་ཡིན་པའི་སྲོལ་རྒྱུན་ཁྲོད་གྲགས་ཆེ་བའི་སྒྲུང་གཏམ་ཁག་གཞི་རྩར་བཞག་སྟེ་གསར་རྩོམ་གནང་ན་ལེགས་གནས་སུ་མཐོང་།
གཞན་ཡང་རྡ་ས་བོད་ཁྱིམ་ནས་བོད་ཁྱིམ་བྱིས་པའི་ཀློག་དེབ་ཅེས་རྒྱ་ནག་གི་བྱིས་སྒྲུང་། ཏ་ཡིས་ཆུ་བཅོས་པ། ན་ཀྲ་ཡིས་རྒྱ་མཚོ་དཀྲུགས་པ། པ་ཅེ་ཡིས་ཆུ་ག་གོན་བཟས་པ། དབྱི་ཡིས་ཉི་མ་བཏུལ་བ། ཟེར་བ་སོགས་སྒྲུང་དེབ་ཁག་ཅིག་པར་སྐྲུན་འགྲེམས་སྤེལ་བྱས་འདུག་པས་མ་འོངས་པར་དེ་རིགས་མི་ཡོང་བའི་ཐུགས་འགན་བཞེས་དགོས་པར་མཐོང་། ཞེས་བརྗོད་འདུག
སློབ་གྲྭ་ཁག་གི་གྱང་སྦྱར་ཡི་གེའི་སྐོར་ཚོགས་ཆུང་གི་མཐོང་ཚུལ་ནང་། སྤྱིར་བཏང་སྔོན་འགྲོའི་སློབ་གྲྭ་ཁག་ཡོངས་རྫོགས་ནང་དགེ་རྒན་སོ་སོས་ཁྲིད་ཆས་གསར་བཟོ་གནང་བའི་ལམ་སྲོལ་གང་ལེགས་འགྲོ་བཞིན་འདུག་པ་ནི་བསྔགས་འོས་སུ་མཐོང་བ་དང་། བོད་ཁྱིམ་གཉིས་ཀྱི་སྔོན་སློབ་ཁག་དང་། སཾ་བྷོ་ཊའི་སློབ་ཁག་ཀྱི་སྔོན་འགྲོ་ནས་འཛིན་རིམ་ལྔ་པ་བར་འཛིན་ཁང་ནང་ཕྲུ་གུའི་བསམ་མོས་དང་བསྟུན་པའི་བོད་ཡིག་གི་གྱང་སྦྱར་མང་པོ་མཐོང་རྒྱུ་འདུག་ཀྱང་། འཛིན་རིམ་དྲུག་པ་ནས་ཡར་གྱང་སྦྱར་མང་ཆེ་བ་ཨིན་ཡིག་ནང་རེད་འདུག སྤོན་ཊ་གཏན་སློབ་ལྟ་བུར་མཚོན་ན་གཞི་རིམ་འོག་མའི་འཛིན་ཁང་གི་ཕྱི་ལོགས་སོགས་སུ་ཤེས་ཡོན་སྲིད་བྱུས་ཀྱི་དགོས་དམིགས་བཞི་སོགས་ལེགས་བཤད་ཁག་ཚོན་ཁྲ་ཅན་གྱི་པར་རིས་དང་སྦྲགས་བོད་ཡིག་ཐོག་གྱང་ལོགས་སུ་བྲིས་འདུག་པ་དང་། གཞི་རིམ་བར་མ་ནས་བཟུང་ཨིན་ཡིག་ཐོག་བྲིས་སྦྱར་བྱས་པ་མང་བ་འདུག གོང་གསལ་སྔོན་སློབ་སོ་སོར་དགེ་རྒན་གཅིག་ལས་མེད་པ་ཁག་ནང་དགེ་རྒན་ནད་མནར་ལ་སོགས་ཛ་དྲག་གི་དགོངས་པ་ཞུ་དགོས་ཆགས་ཚེ། དགོངས་ཞུའི་དུས་ཡུན་དེའི་རིང་སློབ་གྲྭ་དེ་སྒོ་མ་བརྒྱབ་ཀ་མེད་ཀྱི་གནས་སྟངས་ཤིག་ཆགས་ཀྱི་འདུག ཅེས་བརྗོད་འདུག
ཡང་ཤེས་ཡོན་ཚོགས་ཆུང་བྷུན་ཏར་དགེ་འོས་མཐོ་སློབ་ཁང་དུ་ཆེད་བསྐྱོད་ཀྱིས་སློབ་ཁྲིད་རྟོག་ཞིབ་དང་། འགན་འཛིན་གཙོས་དགེ་ལས་གྲངས་ ༤ དང་། སློབ་མ་གྲངས་ ༢༠ བཅས་ལ་བཅར་འདྲི་གནང་པ་དང་ཚོགས་ཆུང་གི་མཐོང་ཚུལ་ཁག་ཅིག་བཀོད་པའི་ནང་།
དགེ་འོས་མཐོ་སློབ་ཁང་དུ་བོད་པ་དགེ་རྒན་གཉིས་ལས་གཞན་པ་རྣམས་རྒྱ་གར་བ་ཤ་སྟག་རེད་འདུག་པས། སློབ་མ་རྣམས་ཀྱིས་དགེ་རྒན་མང་ཆེ་བ་བོད་པ་བྱུང་ཚེ་དགེ་མཚན་ཆེ་གནས་བཤད་ཀྱི་འདུག་པ་ལྟར། དེ་གའི་འཛིན་སྐྱོང་བརྒྱུད་ཤེས་རྟོགས་བྱུང་བ་ལྟར་ན། དགེ་རྒན་འདེམས་སྒྲུག་སྐབས་དེ་ལྟའི་རེ་བ་ཆེན་པོ་བྱས་འདུག་ཀྱང་ཉེ་བའི་གཙུག་ལག་རབ་འབྱམས་པ་དང་དགེ་འོས་ཟུང་འབྲེལ་གྱི་སློབ་ཁྲིད་གནང་རྒྱུའི་གནས་ཚད་ལྡན་པའི་བོད་པ་ཐོབ་དཀའ་གནས་གསུངས་སོང་།
སློབ་མ་རྣམས་བྷུན་ཏར་དགེ་འོས་ཁང་དུ་འཛུལ་དོན་གཙོ་བོ་ནི། མཐོ་སློབ་རིང་བོད་ཀྱི་སྐད་ཡིག་རྒྱུན་མ་ཆད་པ་སྦྱང་རྒྱུའི་གོ་སྐབས་ཡོད་པ་དང་། མི་ཚེའི་ནང་དགེ་རྒན་བྱ་རྒྱུ་དེ་འདུན་པ་ཆེ་ཤོས་ཡིན་སྐོར། བོད་ཕྲུག་རྣམས་ལ་བོད་པའི་དགེ་རྒན་ཞིག་ཡོང་ཐུབ་རྒྱུའི་རེ་བ་ཡོད་སྐོར་སོགས་ཡིན་པ་དང་། དགེ་འོས་ཁང་འདི་ཤེས་ཡོན་སྲིད་བྱུས་དགོངས་དོན་བཙུགས་པ་ཡིན་སྐོར་མཐོ་སློབ་འདིར་སླེབས་ཚར་དུས་མ་གཏོགས་ཤེས་མ་སོང་ཡང་། དེ་ཤེས་དུས་ཤེས་ཡོན་སྲིད་བྱུས་ཐོག་དོ་སྣང་དང་སློབ་སྦྱོང་བྱེད་ཀྱི་ཡོད་སྐོར་བཤད་ཀྱི་འདུག ལོ་རྗེས་མར་བྷུན་ཏར་དགེ་འོས་ཁང་གི་མཐོ་སློབ་དང་དགེ་འོས་ཟུང་འབྲེལ་གྱི་སློབ་ཐོན་དང་པོ་ཆགས་ཀྱི་ཡོད་དུས་སྡེ་ཚན་གཞན་པའི་དགེ་རྒན་འོས་ཐོན་པ་ལས་ལྷག་པ་བྱ་ཐུབ་རྒྱུའི་ཆོད་སེམས་ཡང་འདུག་པ་མ་ཟད། བྷུན་ཏར་དགེ་འོས་མཐོ་སློབ་ཁང་འདི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྱོན་ཡོངས་ནས་ཤེས་རྟོགས་ཐུབ་པ་བྱ་རོགས་ཟེར་གྱི་འདུག
གཞན་ཡང་ལོ་རིམ་ཅན་གྱི་དགེ་རྒན་འོས་སྦྱོང་གོ་སྒྲིག་ཞུས་ཁོངས་ནས་ ༢༠༡༣ དང་ ༢༠༡༤ ལོར་དགེ་འོས་གྲངས་ ༢༠ དང་། ༢༠༡༤ དང་ ༢༠༡༥ ལོར་དགེ་འོས་གྲངས་ ༢༥ བཅས་སློབ་ཐོན་ཟིན་ཡོད་འདུག་པའི་ཁོངས་ནས་རེ་ཟུང་ཞིག་སཾ་བྷོ་ཊའི་ཁྱབ་ཁོངས་དང་། བོད་ཁྱིམ་གཉིས་ཀྱི་ཁྱབ་ཁོངས་བཅས་སུ་དགེ་རྒན་གནང་མུས་ཡིན་འདུག་པ་ལས་ཕལ་ཆེ་བར་ལས་ཀ་མ་ཐོབ་ནས་ལྷག་བསྡད་ཡོད་འདུག ཤེས་རིག་ལས་ཁུངས་ཀྱིས་བོད་སློབ་འཛིན་ཚོགས་རྩིས་ལེན་གྲུབ་མཚམས་ལས་ཀ་སྤྲད་ཀྱི་ཡིན་གནས་གསུང་གི་འདུག་ཀྱང་། དོན་དངོས་འོས་སྦྱོང་ཕུལ་ཟིན་པའི་དགེ་རྒན་དེ་རྣམས་དོན་མེད་ཆུད་ཟོས་སུ་མ་སོང་བའི་འགན་ཁུར་ལེན་དགོས་རྒྱུ་གལ་ཆེར་མཐོང་། ཞེས་བརྗོད་འདུག
མཇུག་ཏུ་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་གིས་སྙན་ཐོ་དང་འབྲེལ་བའི་ཐོག་གསལ་བཤད་གནང་དོན། ཤེས་ཡོན་སྲིད་བྱུས་ལག་བསྟར་ནང་ལ་གལ་ཆེ་ཤོས་འདྲ་པོ་སྟེ་ཤེས་ཡོན་ལྷན་ཚོགས་ཆགས་ཡོད་པ་རེད། རྩ་བའི་ཤེས་ཡོན་སྲིད་བྱུས་ནང་ལ་དོན་ཚན་བཅོ་ལྔ་ཡོད་ཀྱང་། ང་ཚོས་དངོས་སུ་ལག་བསྟར་བྱེད་དགོས་པ་དོན་ཚན་དྲུག་པ་བདུན་པ། བརྒྱད་པ་དགུ་པ། བཅུ་གཅིག བཅུ་གསུམ་བཅས་ཆགས་ཡོད་སྟབས། དེ་ཚོའི་ཐོག་ཞིབ་འཇུག་བྱས་ནས་གནས་སྟངས་གང་ཆགས་ཡོད་མེད་གཟིགས་པ་ཡིན་ན། ཤེས་ཡོན་ལྷན་ཚོགས་ནི་དེའི་ཆ་ཤས་གཙོ་བོ་ཆགས་ཀྱི་ཡོད་སྟབས། ཕྱི་ལོ་ ༢༠༡༢ ལོར་བཀའ་བློན་ཁྲི་ཟུར་མཆོག་གིས་ཐུགས་འགན་བཞེས་པའི་ཐོག་ནས་ལྷན་ཚོགས་ཐེངས་དང་པོ་དབུ་འཛུགས་གནང་ཡོད་པ་རེད། གཉིས་པ། བསླབ་གཞི་རྩ་འཛིན་ཆགས་ཡོད་སྟབས། ད་ལྟ་འཛིན་གྲྭ་བརྒྱད་པ་བར་དུ་བསླབ་གཞི་རྩ་འཛིན་ལེགས་པར་གྲུབ་ནས་དེབ་ཀྱི་ཐོག་སྙན་ཐོ་ནང་འཁོད་པ་ལྟར་གཟིགས་རྒྱུ་ཡོད་པ་རེད། ང་ཚོས་ད་ལྟ་འཛིན་རིམ་དགུ་པ་ནས་བཅུ་གཉིས་བར་གྱི་བསླབ་གཞི་རྩ་འཛིན་བཟོས་དང་བཟོ་མུས་ཡིན།
ཤེས་ཡོན་སྲིད་བྱུས་ལྟར་ན། སྔོན་ལ་འཛིན་གྲྭ་བརྒྱད་པ་བར་དུ་ལག་ལེན་བསྟར་ཐུབ་པར་འབད་བརྩོན་བྱེད་དགོས་ཞེས་བཀའ་གནང་ཡོད་སྟབས། ང་ཚོས་དེའི་ཐོག་ལ་ཆ་ཚང་འགྲོ་བསྡད་ཀྱི་ཡོད། དེ་ནས་གལ་ཆེ་བ་འདྲ་པོ་སྟེ་ཀློག་དེབ་ཆགས་ཀྱི་ཡོད་སྟབས། འཛིན་གྲྭ་ལྔ་པ་བར་དུ་སྙན་ཐོ་ནང་གསལ་བ་ལྟར་སྔོན་མ་ཕྱེད་ཀ་བོད་ཁྱིམ་གྱིས་བྱས་པ་དང་ཕྱེད་ཀ་ཤེས་རིག་ལས་ཁུངས་ནས་བྱེད་དགོས་པ་དེ་འདྲ་མིན་པ་བྱས་ཏེ། ཤེས་རིག་ལས་ཁུངས་རང་ནས་འགན་ཁུར་ཆ་ཚང་ཞུ་དང་ཞུ་མུས་ཆགས་ཡོད་པ་རེད། དེ་ནས་དོན་ཚན་བཅུ་གཅིག་པ་དང་དྲུག་པའི་ཕྱེད་ཀ་ཡོངས་རྫོགས་དགེ་རྒན་ཐོག་ཆགས་བསྡད་ཡོད་སྟབས། དགེ་རྒན་ཟེར་བ་དེ་དངོས་གནས་དྲང་གནས་སྲོག་ཤིང་འདྲ་པོ་ཡིན་པ་མ་ཟད་གལ་ཆེ་ཤོས་ཀྱང་ཆགས་ཡོད་སྟབས། ཕྱི་ལོ་ ༢༠༡༢ ལོར་ཤེས་རིག་ལས་ཁུངས་ངོས་ནས་བྷུན་ཏར་དགེ་རྒན་འོས་སྦྱོང་བསྟི་གནས་ཁང་གསར་འཛུགས་གནང་ཡོད་པ་རེད།
ད་ལྟ་དཀའ་ངལ་ཞིག་གི་དབང་གིས་སློབ་མ་ཚོ་ཝཱ་ཎ་མཐོ་སློབ་ཏུ་སློབ་སྦྱོང་བྱས་དང་བྱེད་མུས་རེད་མ་གཏོགས། རྩ་བའི་འོས་སྦྱོང་ཁང་དངོས་སུ་བཙུགས་ནས་ལག་ལེན་ཐོག་འགྲོ་བཞིན་ཡོད་པ་མ་ཟད། ད་ལྟ་སློབ་གཉེར་བ་གྲངས་ ༡༠༨ ཡོད་ཁོངས་ནས་ལོ་རྗེས་མར་དགེ་རྒན་ ༤༧ འཐོན་གྱི་ཡོད་པ་དང་། དེའི་རྗེས་རིམ་པས་འཐོན་ཡོང་གི་རེད། ད་ལྟ་ང་ཚོས་དགེ་རྒན་ཐོག་ལ་ཤུགས་ཆེ་ཤོས་རྒྱག་གི་ཡོད། ཤུགས་སྣོན་རྒྱག་ས་དེ་ཡང་རིམ་པ་འདྲ་པོ་ཁ་ཤས་ཐོག་རྒྱག་གི་ཡོད། དང་པོ། དགེ་རྒན་གྱི་ཆེད་ལས་ཐོག་ཤུགས་རྒྱག་གི་ཡོད་པ་དང་། གཉིས་པ། དགེ་རྒན་གྱི་ཤེས་ཚད་ཐད་ཤུགས་རྒྱག་གི་ཡོད་པ། གསུམ་པ། དགེ་རྒན་གྱི་སྐུལ་སློང་དང་ལྷག་བསམ་གོང་མཐོར་གཏོང་ཐབས་ལ་ཤུགས་སྣོན་རྒྱག་གི་ཡོད། དེ་བཞིན་བྱིས་པའི་ཀློག་རྩལ་དང་བྱིས་སྒྲུང་རྩོམ་སྒྱུར། ཕ་མ་དང་དགེ་རྒན་ལྷན་འཛོམས་དང་དགེ་རྒན་དང་སློབ་སྤྱི་སོགས་ལ་ཟབ་སྦྱོང་སྤྲད་ནས་ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་ལག་བསྟར་བྱེད་བཞིན་ཡོད། ཅེས་སོགས་གསུངས་སོང་།
གསར་འགོད་པས་ཤེས་ཡོན་ཚོགས་ཆུང་གི་ཚོགས་གཙོ་པདྨ་འབྱུང་གནས་ལགས་སུ་སྙན་ཐོའི་ནང་དོན་གཙོ་བོ་ཤེས་ཡོན་སྲིད་བྱུས་ལག་བསྟར་བྱས་ཡོད་མེད་སྐོར་ཡིན་སྟབས། ཚོགས་ཆུང་ངོས་ནས་ཐུགས་འཚབ་ཆེ་ཤོས་དང་དཀའ་ངལ་ཆེ་ཤོས་ག་རེ་ཡིན་པ་དང་། དཀའ་ངལ་སེལ་ཐབས་ལ་ཐབས་ལམ་དང་ལམ་སྟོན་གང་ཡོད་མེད་དྲིས་པར་ཁོང་གིས། ང་ཚོའི་ངོས་ནས་དཀའ་ངལ་ཆེ་ཤོས་དེ་དགེ་རྒན་རེད། ཤེས་ཡོན་སྲིད་ཇུས་ལག་བསྟར་བྱེད་པར་དགེ་རྒན་ཚད་དང་ལྡན་པ་དགོས་ཀྱི་འདུག ད་ལྟའི་དགེ་རྒན་དེ་དག་ཚད་དང་ལྡན་པ་མ་རེད་ཟེར་ནས་ཞུ་ཡི་མེད། འཛིན་གྲྭ་དྲུག་པ་ནས་བརྒྱད་པ་བར་བསླབ་གཞི་ཆ་ཚང་བོད་སྐད་ཐོག་བསླབ་ཐུབ་མཁན་ཞིག་དགོས་ཀྱི་ཡོད་ཀྱང་རག་གི་མེད་སྟབས། སྐད་གཉིས་ཤན་སྦྱར་ཐོག་བསླབ་རྒྱུ་བཟོས་པ་རེད། ང་ཚོའི་དགེ་རྒན་འོས་སྦྱོང་དང་སཱ་རའི་དགེ་རྒན་འོས་སྦྱོང་ཙམ་མིན་པར་ཛ་དྲག་ཐོག་འཛིན་རིམ་མཐོ་འབྲིང་དམའ་གསུམ་བོད་སྐད་ཁོ་ནའི་ཐོག་བསླབ་ཐུབ་མཁན་གྱི་དགེ་རྒན་གསོ་སྐྱོང་གནང་དགོས་པ་དེ་གནད་འགག་ཆེ་ཤོས་རེད། དགེ་རྒན་ཚད་དང་ལྡན་པ་ཞིག་གསོ་སྐྱོང་གནང་ཐུབ་པ་ཡིན་ན། བསླབ་གཞིའི་རྩ་འཛིན་དང་སློབ་ཚན་སོགས་སྤུས་དག་པོ་ཞེ་དྲགས་ཡོད་སྟབས་དཀའ་ངལ་གང་ཡང་འཕྲད་ས་མ་རེད། ཤེས་ཡོན་སྲིད་བྱུས་གཙོ་བོ་ལག་བསྟར་བྱེད་ས་དེ་དཔེ་སྟོན་སློབ་གྲྭ་གཉིས་ཆགས་ཡོད། དེ་གཉིས་ཀྱི་ཤེས་ཡོན་དང་དགེ་རྒན་ཡག་ཐག་ཆོད་ཡོད་ཀྱང་། ཁོར་ཡུག་གི་གནས་སྟངས་ཧ་ཅང་ཞན་པོ་ཡོད་སྟབས། ང་ཚོའི་རྒྱབ་གཉེར་ནང་ཞུས་ཡོད་པ་ལྟར་དྷ་རམ་ས་ལའི་གཡས་གཡོན་གྱི་ས་ཆ་ཞིག་ལ་གནས་སྤོ་དགོས་པ་ཞུས་ཡོད།
དགེ་རྒན་གྱི་དཀའ་ངལ་སེལ་བར་གཙོ་བོ་གླ་ཕོགས་དང་ཆེ་མཐོང་རེད། དེང་སང་ང་ཚོའི་ཤེས་ཡོན་སྲིད་བྱུས་དང་བཅའ་ཁྲིམས་ནང་ལ་ཤེས་ཡོན་ཡག་ཤོས་དེ་དགེ་རྒན་ལ་བསླེབ་དགོས་པ་གསལ་ཡོད་པ་མ་ཟད། དགེ་རྒན་ལ་ཆེ་མཐོང་དང་མཐུན་རྐྱེན་སྤྲད་དགོས་པ་སོགས་འཁོད་ཡོད་ཀྱང་། མཐོ་རིམ་དགེ་རྒན་ཞིག་གི་གླ་ཕོགས་དང་ང་ཚོའི་ལས་བྱེད་གནས་རིམ་བཅུ་བ་ཞིག་གི་གླ་ཕོགས་གཉིས་བསྡུར་ན། དགེ་རྒན་གྱི་གླ་ཕོགས་སྐྱོ་བ་འདུག དགེ་རྒན་ལ་གླ་ཕོགས་ཚད་དང་ལྡན་པ་ཞིག་མེད་པ་གསལ་བོ་ཡིན་སྟབས། བཅའ་ཁྲིམས་དང་སྲིད་བྱུས་ནང་ལ་གསལ་ཡང་གནང་སྟངས་དེ་གཞན་པ་ཞིག་གནང་པ་ཡིན་ན། དེའི་གནས་སྟངས་ག་རེ་ཆགས་པ་རེད། དགེ་རྒན་ཡག་པོ་ཞིག་དགོས་ན་དེ་ལ་དཔག་པའི་མཐུན་རྐྱེན་ངེས་པར་དུ་སྦྱར་དགོས་པ་རེད་བསམ་གྱི་འདུག དེ་རིང་ཁ་སང་སྲིད་སྐྱོང་གིས་ཤེས་ཡོན་ཐོག་ལ་རོགས་དངུལ་ཕོན་ཆེན་པོ་ཞེ་པོ་ཞིག་རག་སོང་གསུང་གི་ཡོད་སྟབས། ད་ལྟ་དེ་ཚོ་བེད་སྤྱོད་གཏོང་དགོས་ཀྱི་འདུག་བསམ་གྱི་ཡོད། ཅེས་བརྗོད་བྱུང་།
གསར་འགོད་པ། དོན་གྲུབ།
ཁ་ནས་བོད་པའི་སྐད་དང་ཡི་གེ་རྒྱུན་འཛིན་དར་སྤེལ་གཏོང་དགོས་ཟེར་མ་ཎི་འདོན་པ་གནང་ཀི་ཡོད། ལག་ལེན་ལ་དབྱིན་ཇི་ཡི་གེ་ཐོག་འགྲོ་ཡོད་པས་དངོས་མཐོང་ལག་ཟིན་རེད། བོད་ཀྱི་སྐད་དང་ཡིག་གེ་ལ་མཐོང་དགོས་ན་བོད་དགེ་ཚང་མར་མཐུན་རྐྱེན་ལེགས་ཤོས་དང་བོད་ཡིག་གི་ལམ་ཁ་མཐོང་ཆེན་བསྐྲུན་དགོས། འདས་པའི་དུས་ནང་གང་ལ་མཐུན་རྐྱེན་ཡག་ཤོས་གནང་འདུག་ད་ལྟའི་མཐོང་བཞིན་ཡོད།
བོད་སྐད་བོད་ཡིག་གལ་ཆེ་རབས་སྐད་ཆ་སྟོང་བ་དེ་ལ་སུན་སོང་། ཉོབ་སོང་། ལག་ལེན་མེད་པའི་སྟོང་བཤད་དེ་ལ་སུ་ཞིག་གིས་ཆ་འཇོག་བྱེད་ཀི་རེད། ཨ་མདོ་བ་ཚོར་གཏམ་དཔེ་ཞིག་ཡོད། ” མཚོ་སྔོན་པོར་ཐོན་བར་དུ་མྱིག་སྔོན་པོ་ལོག་ནས་འཆི་གི་རེད་” ནང་བཞིན། ད་ཁྱོད་ཚོའི་སྟོང་བཤད་དེ་ལ་ཉན་གི་མིན་དོ།
༼བཙན་བྱོལ་བོད་མིའི་གཞི་རིམ་ཤེས་རིག་གི་སྲིད་བྱུས༽ ཟེར་བའི་དེབ་ཆུང་ཞིག་མཐོང་བྱུང་། དེབ་དེར་་་ཤེས་ཡོན་སྲིད་བྱུས་་་ཅེས་པ་ཞིག་ཡོད་པར་མི་སྣང་། སློབ་སྟོན་གནང་དུས་ཤེས་ཡོན་སློབ་ཁྲིད་བྱེད་དགོས་ཀྱང་། སྲིད་བྱུས་ཀྱི་སྐད་ཆོད་དུས་ཡིག་ཆར་གསལ་བ་ལྟར་་་ཤེས་རིག་སྲིད་བྱུས་་་བརྗོད་ན་ཡིག་ཆ་དང་མཐུན་ཤས་ཆེ་བར་སྙམ། ཤེས་ཡོན་གཉིས་ལྡན་གྱི་སྒྲ་བཤད་ནི། སྐྱེས་སྟོབས་ཀྱི་ཤེས་རབ་དང་། སྦྱངས་སྟོབས་ཀྱི་ཡོན་ཏན་ཞེས་བརྗོད་སྲོལ་ཡོད། གཞན་ཡང་ཤེས་པར་བྱ་བའི་ཡོན་ཏན་གྱི་རིགས་ཀུན་ལ་གོ་བ་ཡང་ཡོད་ངེས་པས་སོ། །
ད་དུང་ཡང་བོད་ཀྱི་སྐད་ཡིག་བཀོལ་སྤྱོད་ཀྱི་ཐད་ནས་གནས་ཚུལ་ཧ་ཅང་སྐྱོ་བོ་ཡིན། དེ་ནི་མགོ་བཀའ་ཤག་ནས་དམའ་སློབ་ཆུང་བར་གྱི་ལས་སྣེ་ཚོའི་གཏམ་བཤད་དང་། སྒྲོག་སྦྱོང་། ཟབ་སྦྱོང་། འགྲེལ་བཤད། འཆད་ཁྲིད། གསལ་བསྒྲགས་སོགས་ཅི་རིགས་ཕལ་མོ་ཆེར་གཞན་སྐད་ཨིན་ཡིག་བཀོལ་སྤྱོད་བྱེད་ཀྱིན་ཡོད་པ་དེ་རེད། ཚུལ་དེ་དག་མཐོང་དུས་འདི་ནི་བོད་ཀྱི་སྤྱི་ཚོགས་ཅིག་ཨེ་ཡིན་ནམ་སྙམ་པའི་སེམས་ཚོར་ཞིག་སྐྱེ་ཡོང་བ་ཡང་ཉུང་ཉུང་མ་རེད།
མི་རིགས་ཤིག་གི་བླ་སྲོག་དང་། ཤེས་ཡོན་གྱི་གལ་ཆེའི་རང་བཞིན་མི་མང་མདུན་དུ་སྒྲོག་བཞིན་དུ་ཡང་ཁ་ལག་གཉིས་ན་ཨིན་ཇིའི་སྐད་ཡིག་བཀོལ་སྤྱོད་བྱེད་ཀྱིན་ཡོད་པ་དང་། དེ་བཞིན་སྲིད་སྐྱོང་གིས་ཀྱང་རང་གི་སྐད་ཡིག་དེ་སྐད་ཡིག་གཉིས་པར་བཞག་པའི་སྐད་ཆ་སླེབས་མྱོང་བ་ལྟ་བུ་རེད།
དགེ་རྒན་གྱི་དཀའ་ངལ་ཆེ་བ་ནི་བདེན་ཡང་དཀའ་ངལ་གཙོ་ཆེ་ཤོས་ནི་དེ་ཡིན་བཟོ་མི་འདུག དཀའ་ངལ་ངོ་མ་ནི་དགེ་རྒན་ལ་མཐུན་རྐྱེན་མཁོ་སྒྲུབ་མ་བྱས་པ་དང་། སྐབས་ཐོག་སྐབས་ཐོག་ལ་སྲིད་བྱུས་དང་འབྲེལ་བའི་ལས་དོན་དམ་སྒྲུབ་མ་བྱས་པར་སྣང་མེད་ངང་འཐུས་ཤོར་བཏང་བས་རེད་འདུག