སྐྱོ་བྲག་དགའ་དབང་།
རང་ཉིད་ཀྱི་དད་ཞེན་གྱི་དབང་གིས་རྒྱ་གར་རྡོ་རྗེ་གདན་བྱང་ཆུབ་ཤིང་གི་དྲུང་དུ་ནམ་ཁོམ་ལ་སོངས་ནས་ཅི་ནུས་ཀྱི་སྒོམ་རིམ་ལ་འཇུག་གི་ཡོད། ཕྱིས་མཆོད་རྟེན་གྱི་ར་བའི་ནང་དུ་ལག་འདོགས་ཁ་པར་ཁྱེར་མི་ཆོག་པ་བཟོས་ཕྱིར། ཆུ་ཚོད་དགོས་པ་བྱུང་བ་ན། སངས་རྒྱས་མི་གཟུགས་སུ་བསྟན་པ་རྒྱལ་དབང་ཀརྨ་པས། ཁྱོད་ཀྱིས་འབོ་དཀར་རིན་པོ་ཆེའི་ཡང་སྲིད་རྩད་འཚོལ་ཐད། ལས་ཀ་ཡག་པོ་བྱས་བྱུང་བས། ངས་ཁྱོད་ལ་བརྔན་པ་ཆུ་ཚོད་སྤུས་ལེགས་ཤིག་གནང་ངམ། གསུངས་པར། ངས། སྤྱིར་ང་སོ་སྐྱེ་ཐ་མལ་བ་ཡིན་ཕྱིར་འདོད་པ་ཡོད་པ་རེད་ལ། ལྷག་ཏུ་འདི་ནི་ལས་ཀ་ལེགས་གྲུབ་བྱུང་བའི་བརྔན་པ་ཡིན་ཕྱིར། ཞུ་ཡི་ཡིན་ཞུས།
ཁོང་ལ་དད་པ་ཅན་གྱིས་ཕུལ་བའི་ཆུ་ཚོད་འཛམ་གླིང་གི་གྲགས་ཅན་གྲས་ཡིན་པ་(ROLEX) རོ་ལེཀ་སི་ཞིག་འདུག་པ། ཕྱག་གཡོན་པར་ཡུད་ཙམ་མནབས་ཏེ་བྱིན་གྱིས་བརླབས་ནས། ཁྱོད་ཀྱི་སྲུང་བ་ཡིན། ཉར་ཚགས་ཡག་པོ་གྱིས། གསུངས་ནས་གནང་བྱུང་། ང་ཚོས་རིན་པ་ཅི་ཙམ་ཡིན་མིན་དྲ་རྒྱའི་བརྒྱུད་ནས་བལྟས་པ་ན་བློར་ཤོང་དཀའ་བའི་རིན་པ་ཆེན་པོ་རེད་གདའ། སྐྱབས་གཅིག་འཁོར་ལོའི་མགོན་པོ་གོ་ཤྲི་རྒྱལ་ཚབ་རིན་པོ་ཆེ་དང་། སྐྱབས་རྗེ་འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེ། འབོ་དཀར་རིན་པོ་ཆེའི་ཡང་སྲིད་བཅས་པས་ཀྱང་ཐུགས་སྨོན་བྱིན་བརླབས་རེ་མཛད་དེ། ཁྱོད་ལ་རྒྱལ་དབང་མཆོག་གིས་བརྔན་པ་དཔེ་མེད་ཆེན་པོ་གནང་གདའ་བ་སྲུང་བའི་ཆེད་དུ་རྒྱུན་ཉར་གྱིས་ཨ། ཞེས་ནན་དུ་གདམས་ཀྱི་འདུག །
ཡིན་ནའང་། རིན་ཐང་ཆེ་བའི་ཆུ་ཚོད་གྱོན་ནས་སོང་བསྡད་ན་རྐུན་མས་ལག་པ་གཅོད་པའི་ཉེན་ཁ་ཡོད་སྐད་རེད་ལ། སོ་སོའི་ཟས་གོས་འཇོན་ལ་མ་འཇོན་ལ་ཞིག་གིས་ཆེས་རིན་ཐང་ཆེ་བའི་ཆུ་ཚོད་ཅིག་གྱོན་བསྡད་ན་ལན་པོ་ཡང་མི་གདའ། ལག་སྒམ་གྱི་ནང་དུ་ཁུར་ནས་འགྲོ་བ་ནའང་གནམ་གྲུའི་འགག་སྒོ་སོགས་ནས་ཅི་ཞིག་ཡིན་པའི་འདྲི་རྟོག་གི་དཀའ་ངལ་ཡང་སྤྲད་ཡོང་གི་འདུག །ག་ཤེད་ཅིག་ཏུ་ཉར་བསྡད་ནའང་རང་གི་གཤིས་སྤྱོད་དང་འཚམས་པོ་ཁྱོན་ནས་མི་འདུག །གཞན་དག་ལ་བཙོང་དགོས་ནའང་སེམས་ཀྱིས་བཏང་ཐུབ་པ་ཞིག་མ་རེད་ལ། སྤྱི་ཚོགས་ཀྱི་མིག་སྔར་མཛེས་པོ་ཞིག་ཀྱང་ག་ལ་ཡིན།
ཅི་དགེའི་བསམ་མནོ་མང་པོ་བཏང་མཐར། རྩ་བའི་བླ་མའི་སྐུ་རིམ་ཞབས་བརྟན། དྲིན་ཆེན་ཕ་མའི་དགེ་རྩ་དགོངས་རྫོགས། བསྟན་པ་སེམས་ཅན་གྱི་བདེ་དོན་ཆེད་དུ་དམིགས་ཏེ། དུད་འགྲོ་གཉོམ་ཆུང་རྣམས་ཀྱི་ཚེ་ཐར་དུ་བཏང་ན། ངག་དབང་གྲགས་པའི་འཆི་བསླུ་ལས། བྱ་དང་ཉ་དང་རི་དྭགས་སྦྲུལ། །རྐུན་པོ་གསད་པའི་ཕྱོགས་གཏོགས་རྣམས། །སྲོག་སྐྱབས་པ་ཡིས་འཕྲལ་དུ་ནི། །ཚེ་ཐུང་བ་ཡང་ཚེ་རིང་འགྱུར། །ཞེས་པའི་དགེ་བ་འབྱུང་ངེས་ཤིང་། དེ་ཡང་ལུགས་ཀྱི་བསྟན་བཅོས་སྐྱེ་བོ་གསོ་ཐིགས་ལས། རྒྱ་མཚོ་དང་ནི་རི་རབ་གླིང་ལ་སོགས། །འཇིག་རྟེན་ས་རྣམས་བདག་གི་ཁུར་མིན་གྱི། །འཇིག་རྟེན་བྱས་པ་མི་གཟོ་གང་ཡིན་པ། །དེ་ནི་བདག་གི་ཁུར་ཆེན་དག་ཏུ་འབྱུང༌། །མི་གང་སེམས་ནི་མི་རྒོད་ཅིང༌། །བྱས་པ་གཟོ་དང་བྱས་པ་ཚོར། །བྱས་པ་ཆུད་གསོན་མི་བྱེད་པ། །དེ་ནི་མཁས་པས་རབ་ཏུ་བསྔགས། །ཞེས་པ་ཡིན་ཕྱིར། ང་ཚོའི་ནང་མིའི་སྒོ་ཟོག་དྲིན་ཆེན་ཚོའི་སྲོག་སྐྱོབ་ཆེད་དུ་བཏང་བ་ཡིན།
འདིར་བཏང་ན། ཚེ་ཐར་གྱི་དགེ་བའི་ཕན་ཡོན་ཐོག་ཏུ་ཁོ་བོའི་ཕ་མ་རྒས་འཁོགས་ཀྱི་སྐྱིད་སྡུག་འགན་ཁུར་བའི་སྤུན་མཆེད་ཀྱི་ལག་པར་ཆུ་ཚོད་འབྱོར་ནས་བྱིན་རློབས་ལྡན་པའི་རིན་ཆེན་དུ་འདུ་ཤེས་པས་གཏན་ཉར་བྱེད་ངེས་པས་ན། རིན་པོ་ཆེ་རྣམ་པས་ཉར་ཚགས་དགོས་རབས་ཆེ་ཐང་དུ་གདམས་པའང་ཆུད་ཟོས་སུ་འགྲོ་ཡི་མ་རེད་ལ། སྤྱོད་འཇུག་ལས། གཞན་གྱི་རྟོག་ཆེན་བྱས་ནས་ནི། །བདག་གི་ལུས་ལ་ཅི་སྣང་བ། །དེ་དང་དེ་ཉིད་ཕྲོགས་བྱས་ནས། །ཁྱོད་ཀྱིས་གཞན་ལ་ཕན་པ་སྤྱོད། །ཅེས་པ་བཞིན། སྤུན་ཟླས་ང་ལའང་རྟོག་ཆེན་ཡོད་ངེས་པའི་འདོད་སྐོང་དུའང་འགྱུར་བར་རེ་བ་ཡིན་ནོ། །
ཧཧཧཧ་་་་་ཆུ་ཚོད་དེས་རིན་གོང་ནང་བཞིན་གཏོང་སྒོ་ཆེད་འདུག་་་་་ངོ་མ་ལག་ལེན་ཡག་པོ་འཁེལ་འདུག་གདའ་་་་་་་་
ཡག་པོ་རེད། ཁྱེད་ཀྱིས་བྱ་བ་བཟང་བོ་ཞིག་སྒྲུབས་འདུག །
ཆུད་ཚོད་དེ་གོང་ཆེ་བ་ལ།།
རྒྱལ་བ་ཀརྨ་དཔལ་མཆོག་ནས་སྲུང་ང་ཡིན་ཉར་ཚགས་
ཡག་པོ་བགྱིས་གསུང་འདུག་ན་ཁྱེད་ཀྱི་མ་ཉར་བ་གཞན་
ལ་སྤྲད་པ་དེ་བླ་མའི་བཀའ་དང་མཐུན་ཡོད་དམ་།
སྐྱོ་བྲག་དགའ་དབང་མཆོག་གིས་རང་གི་ཉམས་མྱོང་གི་གཏམ་དག་བྲིས་པར་དགའ་བསུ།
་
ལུགས་ཀྱི་བསྟན་བཅོས་སྐྱེ་བོ་གསོ་ཐིགས་ལས།
རྒྱ་མཚོ་དང་ནི་རི་རབ་གླིང་ལ་སོགས།
འཇིག་རྟེན་ས་རྣམས་བདག་གི་ཁུར་མིན་གྱི།
འཇིག་རྟེན་བྱས་པ་མི་གཟོ་གང་ཡིན་པ།
དེ་ནི་བདག་གི་ཁུར་ཆེན་དག་ཏུ་འབྱུང༌། །
མི་གང་སེམས་ནི་མི་རྒོད་ཅིང༌།
།བྱས་པ་གཟོ་དང་བྱས་པ་ཚོར།
།བྱས་པ་ཆུད་གསོན་མི་བྱེད་པ།
དེ་ནི་མཁས་པས་རབ་ཏུ་བསྔགས། །
རང་བློ་རྒྱས་ཆེད་མིང་ཚིག་འགའ་ཞིག་གི་འབྲི་ཚུལ་དག་ལ་དཔྱོད་ན། ཆུད་ཟ། ཆུད་གཟོན། ཆུད་གསོན། འདིར་ཡོད་ཆུད། ཅེས་པ་ཆུ་ལ་བྱེད་སྒྲ་སའི་ཚབ་ལ་ད་བྲིས་པས་ཆུད། ཅེས་བྱུང་། ལི་ཤི་གུར་ཁང་ཤོག་གྲངས་༢༩་པ་ན། ཆབ་མི་འཚལ་བ་ནིཆུད་མི་ཟ་བ། ཞེས་བྲིས།
ཞེས་པའི་ལེགསྡང་། སྤྱོད་འཇུག་ན།
་
གཞན་གྱི་རྟོག་ཆེན་བྱས་ནས་ནི།
བདག་གི་ལུས་ལ་ཅི་སྣང་བ།
དེ་དང་དེ་ཉིད་ཕྲོགས་བྱས་ནས།
ཁྱོད་ཀྱིས་གཞན་ལ་ཕན་པར་་སྤྱོད། ། ལེའུ་༨པའི་ཚིགས་༡༥༦པའོ།
་
ཕན་པ་སྤྱོད། ཅེས་དིང་སང་གི་འབྲི་བ་པོ་ཕལ་ཆེ་བས། ར་ཡིག་འདོར་བ་ནི། བོད་སྐད་ཉམས་པ་ཆེ་རུ་གཏོང་བའི་རྟགས་སོ།
ཞེས་པའི་ལེགསྡང་། ཞེས་དོན་མེད་ཅིག་ཤོར་འདུག མེད་པར་མཛོད་ཅིག
ཅོ་རི་ཉི་མ་ངས་ཤེས། ༡༩༩༣ལོར་ཧའ་ཝར་གཙུག་ལག་སློབ་ཚེན་ནས་ཐོན་འབུམ་རམས་པ་ཚན་རིག་སྐོར་ནས་ཐོན་པ་རེད། ཨོ་བྷ་མའི་སློབ་སྟོན་པ་རེད་ལ། ཞོར་ཁ་བརྡ་ལ་ཁ་བརྡར་བཞིན་ཡོད།
མིང་འདྲ་མིན་ལ་ཁག་འདོགས་ཏེ་དཀོར་ཟས་རག་ཚད་ཁྱིམ་ཚང་ལ་སྤྲད་པ་དེ་ནི། ཁྱིམ་ཚང་དཔལ་འབྱོར་ཅན་ལ་བསྒྱུར་འདོད་རེད། འབྲེལ་ཡོད་རྣམས་ཀྱིས་གཟབ་ཙམ་གནོངས།
ཆུད་ཟ་དང་ཆུས་ཟ་གཉིས་ལ་ཁྱད་ཡོད་དམ་མེད། ཇི་ལྟར་བྱུང་བ་ལན་རྒྱས་པ་ཞིག་འབྲི་དགོས། བདག་རང་ལ་ལོང་འབྱུང་ན། འབྲི་ངེས། གནས་སྐབས་རིང་ཁྱེད་རྣམས་ལས་འགའ་རེས་འབྲི་གྲོགས བོད་ཀྱི་སྐད་ལ་ཕན་ངེས་ཞུའོ།