ས་འཛིན་དཀར་པོས།
རང་ཉིད་སྒེར་པ་ཙམ་ཞེན་ལས་ཞུགས་དུས།།
རང་གཞན་ཕུང་བའི་ལས་ཉེས་སློང་ལ་རན།།
རང་རེའི་མི་རིགས་ཞེས་པར་བསམ་ཤེས་ན།།
རང་ཅག་དུས་བསྟུན་རིག་པའི་གོ་རྟོཊ་སད།།
ལུང་ཆུང་གྲུབ་མཐའི་ཕྱོགས་སུ་ལྷུང་སོང་ན།།
ལུང་ཁུག་ཀླད་སྟོང་གོ་ལོག་རྫོགས་ཉེན་ཡོད།།
ལུང་པ་གཅིག་པའི་རྒྱལ་ཁམས་ཤེས་གྱུར་ན།།
ལུང་ཚན་མི་མཁོ་དུས་རབས་རིག་གནས་པ།།
མི་གཅིག་རུས་པའི་གོ་རྟོགས་ལོག་གྱུར་ན།།
རུས་གཅིག་བོད་ལ་སྨན་པའི་གོ་སྐལ་མེད།།
མཐོ་སྒང་རུས་པ་གཅིག་པའི་བོད་ཤེས་ན།།
བོད་ལ་སྨན་པའི་དུས་བསྟུན་བློ་རིག་ལྡན།།
ལངས་ཕྱོགས་མི་གཅིག་ཙམ་དེ་རྩོད་གྱུར་ན།།
མ་འོངས་བོད་ལ་ཕན་པའི་བསམ་ཤེས་བྲལ།།
ལྟ་གྲུབ་མི་གཅིག་རུས་གཅིག་རྟོགས་ཤེས་ན།།
འབྱུང་འགྱུར་བོད་ལ་སྨན་པའི་རིག་པ་སད།།
མི་གཅིག་དད་པའི་ཕྱོགས་ལྷུང་མང་གྱུར་ན།།
མ་འོངས་དད་དང་དམ་ཚིག་བཙོག་ཉེས་ལ།།
སོ་སོའི་མོས་ཁམས་བསྟུན་པའི་དད་ཤེས་ན།།
གཅིག་དད་བོད་ཀྱི་བསྟན་པ་ཕྱོཊ་ཀུན་ཁྱབ།།
ཕྱིའི་ལུས་མདོག་གི་དཀར་ནག་རྩོད་གྱུར་ན།།
མི་འགྱང་གངས་ཅན་བོད་ལ་བྱས་ཉེས་ཤར།།
རུས་གཅིག་བོད་པའི་ལོ་རྒྱུས་བསྒྲོག་ཤེས་ན།།
རུས་པར་གས་ཆག་མེད་པའི་ལོ་རྒྱུས་གནས།།
ཁ་ཁོག་དད་པའི་ལས་རིགས་བཀོལ་གྱུར་ན།།
ཁ་ལྡན་གངས་ཅན་བོད་ཡུལ་སྨན་སྐལ་བྲལ།།
ཁ་དང་ཁོག་པ་མཚུངས་པའི་བཀོལ་ཤེས་ན།།
ཁ་སེམས་དཀར་བས་མི་རིགས་སྨན་པའི་བུ།།