•མྱི་རྐྱང་སྨྱོན་པ།
ཉིན་འདི་དག་ལ་དྲྭ་ལམ་ཀུན་ཏུ་དགུ་བའི་བཅུ་བདུན་གྱི་གྲོས་ཚོགས་ར་བའི་ཕྱི་ནང་གི་གནས་ཚུལ་མང་བོ་ཞིག་གླེང་གཞིར་གྱུར་འདུག དོན་དངོས་གླེང་མཁན་དང་། བསམ་བཞིན་དཀྲུག་སློང་མཁན་སོགས་མོད་པོ་ཞིག་ཡོད་པ་ནི་དེང་གི་བརྡ་འཕྲིན་གྱི་དུས་འདིར་དར་སོ་ཆེ་བའི་ནད་ཡམས་ཤིག་ཡིན་པས་དེ་དག་ལ་རེ་རེ་བཞིན་ལན་འདེབས་པ་ནི་དུས་ཚོད་གྲོན་པའི་རྒྱུ་ལས་མ་མཆིས་ཏེ་ཁོང་ཚོས་བསམ་བཞིན་སྣོག་རྒྱག་པས་སོ།།
འོན་ཏེ། ཉིན་དེའི་མགོ་མཇུག་བར་གསུམ་གྱི་གནས་ཚུལ་དང་། བཀའ་སྤྱི་སོགས་ཀྱིས་གསལ་བཤད་བཀའ་རྒྱ་བཏང་བ་དག་ལ་གསལ་བཤད་ཉུང་ཙམ་བྱ་འདོད་བྱུང་།
དང་བོ། སྙན་ཞུ་དང་བཀའ་ལན།
དགུ་བའི་བཅུ་དྲུག་༩-༡༦ གི་དགོང་མོར་ཚོགས་དྲུང་ལས་ཁུངས་ནས་ང་ཚོའི་སྙན་ཞུ་(༢༠༡༥/༨/༢༩ ཉིན་སྤྱི་འཐུས་རྒྱུན་ལས་ལ་ཕུལ།)དང་དགོས་འདུན་ཁག་ལ་བཀའ་ལན་ཞིག་ཡིག་ཐོག་ནས་འབྱོར། དགོས་འདུན་ཁག་གསུམ་ལ་ནམ་རྒྱུན་གྱི་བཀའ་ལན་དེ་ག་རང་ཕེབས་ཡོད་ལ། འདི་ལས་གཞན་ཞིག་ཡོང་བའི་རེ་བའང་བྱས་མེད། ཡིན་ནའང་། དགོས་འདུན་བཞི་བ་ “བཙན་བྱོལ་བོད་མིའི་ཆོས་དོན་ལྷན་ཚོགས་ཀྱི་ཁྲིམས་ཡིག་གི་ཁྱབ་ཚད་ཀྱིས་ཇོ་ནང་བ་ལ་ངེས་པར་ཁྱབ་པས་མཚོན་བཅའ་ཁྲིམས་བསྐྱར་བཅོས་ཀྱིས་ཐག་གཅོད་ཡང་དག་པ་གནང་དགོས་” ཞེས་པའི་ཐད་ལ། “བཙན་བྱོལ་བོད་མིའི་ཆོས་དོན་ལྷན་ཚོགས་ཀྱི་ཁྲིམས་ཡིག་གྲོས་ཚོགས་ནས་གཏན་འབེབས་གནང་བ་ཙམ་ལས་ད་ཕན་ཆ་ཚང་བ་གང་ཡང་ལག་བསྟར་ཐུབ་ཀྱི་མེད་པའི་གནས་སྟངས་མཁྱེན་ཆུབ་ལྟར་དང་།” ཞེས་ཆོས་དོན་གྱི་ཁྲིམས་ཡིག་གིས་ཇོ་ནང་བར་ཁྱབ་དགོས་ཞེས་དུས་ཁྲིམས་ཡིག་ཆ་ཚང་ལག་བསྟར་ཐུབ་ཀྱི་ཡོད་མེད་ཀྱི་བཀའ་ལན་དེ་ནི་ “འདྲེ་ཤར་སྒོ་དང་། གླུད་ནུབ་སྒོ་” ཞེས་པ་དང་མི་མཚུངས་སམ།
མང་བོ་ཞིག་གིས་ཇོ་ནང་ཆོས་བརྒྱུད་འདི་བོད་མིའི་ཆོས་དོན་གྱི་ཁྲིམས་འོག་ཏུ་མེད་པ་རེད་ཅེ་ན་རྣར་མི་འགྲོ་བ་ཞིག་ཡིན་ཚོད། “བཙན་བྱོལ་བོད་མིའི་ཆོས་དོན་ལྷན་ཚོགས་ཀྱི་ཁྲིམས་ཡིག་”ཅེས་པའི་”ལེའུ་དང་བོ། དོན་ཚན་གསུམ་པ། ཁྲིམས་ཡིག་གི་ཁྱབ་ཚད།”ཅེས་པར་འདི་ལྟར་བཀོད་ཡོད། “བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་ལས་ཁུངས་ཀྱི་ཁྱབ་ཁོངས་སུ་ཡོད་པའི་བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་ལ་ཁྱབ་པ་ཡིན།” ཞེས་ཁྲིམས་ཡིག་གི་ཁྱབ་ཚད་གསལ་བོར་བྱས་ཡོད་ཕྱིར། ལག་ལེན་བསྟར་ཐུབ་མིན་གྱི་བཀའ་ལན་དེ་ནི་ང་ཚོར་མཚོན་ན་ཇི་འདྲའི་འབེན་ལ་མ་ཕོག་པའི་མདེའུ་ཞིག་གོ།
བཅའ་ཁྲིམས་བསྐྱར་བཅོས་ཐད། “ད་ལམ་ཞུ་དོན་ཐད་བོད་མི་མང་སྤྱི་འཐུས་རྒྱས་འཛོམས་བཞུགས་(ཞུགས་)མོལ་ལྷན་འཛོམས་ཤིག་འཕྲལ་མྱུར་གནང་འཆར་ལྟར་དེ་མཚམས་གསལ་ཆ་ཡོང་ངེས།”ཞེས་ཕེབས་པས་ང་ཚོས་རེ་བ་ཆེན་པོའི་སྒོ་ནས་༧གོང་ས་རྒྱལ་བའི་དབང་བོ་མཆོག་གིས་ཇོ་ནང་ལ་གནང་བའི་བཀའ་སློབ་སྔ་ཕྱི་ཁག་དང་། དེ་བཞིན་ཆོས་བརྒྱུད་བླ་ཆེན་ཁག་(ས་སྐྱ་གོང་མ་རིན་པོ་ཆེ། དགའ་ལྡན་ཁྲི་རིན་པོ་ཆེ། དཔལ་རྒྱལ་བ་ཀརྨ་པ་མཆོག བོན་གྱི་སྨན་རི་ཁྲི་འཛིན་མཆོག རྙིང་མའི་སྨིན་གླིང་ཁྲི་ཆེན། བྱ་བྲལ་སངས་རྒྱས་རྡོ་རྗེ། རྙིང་མའི་ད་ལྟའི་ཁྲི་འཛིན་འཁྲུལ་ཞིག་རིན་པོ་ཆེ། འབྲི་གུང་བ་དཀོན་མཆོག་བསྟན་འཛིན་ཀུན་བཟང་ཕྲིན་ལས་ལྷུན་གྲུབ།)གི་རྒྱབ་གཉེར་བཀའ་ཡིག་རྣམས་བསྐྱར་དུ་སྟ་གོན་བྱས་ཏེ་སང་ཉིན་ལ་རེ་སྒུག་བྱས་པ་ཡིན།
གཉིས་པ། སྐུ་སྲུང་དང་བརྙན་དུམ།
ཚེས་༡༧ ཞོགས་པའི་དུས་ཚོད་ ༧:༣༠ ནས་ང་ཚོས་བཀའ་ཡིག་དེ་དག་སྤྱི་འཐུས་སྐུ་ངོ་རེ་རེའི་ཕྱག་ཏུ་འབུལ་བཞིན་”ཡང་དག་པའི་ཐག་གཅོད་ཅིག་གནང་རོགས། སྐུ་མཁྱེན་”ཞེས་ཞུ་བ་ཕུལ་ལ། ལས་འགུལ་བ་བྱིངས་ཀྱིས་༧གོང་ས་རྒྱལ་བའི་དབང་བོ་མཆོག་གི་ཞབས་བརྟན་གསོལ་འདེབས་སྐྱོར་བཞིན་བཞུགས། རོབ་ཙམ་གླེང་ཟིན་པ་ལྟར་གྲོས་ཚོགས་ཉིན་དང་བོ་དང་གཉིས་པ་ལ་མཐོང་ལམ་དུ་མེད་པའི་སྐུ་ངོ་ག་ཟི་བ་ལགས་ཀྱིས་སྤྱི་འཐུས་སུ་ལའང་མེད་པའི་ག་ཟི་སྒེར་གྱི་སྐུ་སྲུང་སྟོབས་པོ་ཆེ་གཅིག་དང་། བདེ་སྲུང་གིས་གོ་སྒྲིག་བྱས་པའི་སྐུ་སྲུང་གཅིག་བཅས་སྐུ་སྲུང་གཉིས་མཉམ་ཁྲིད་ཀྱིས་ཕེབས་སོང་།
ཁོང་ལའང་སྤྱི་འཐུས་གཞན་དག་ལྟར་བཀའ་ཡིག་ཁག་འབུལ་སྐབས་དེ་དག་སྡེབ་གཅིར་གྱིས་ས་རུ་གཡུགས་བྱུང་། “དེ་ལྟར་མ་གནང་རོགས་”ཞེས་མཁན་ངག་རྡོར་ལགས་ཀྱིས་ཕྱག་ལ་བསྐྱར་གཏད་གནང་སྐབས་སྐུ་སྲུང་བས་”རྙོག་གྲ་བཟོ་མ་ཡོང་”ཞེས་བཀག་ཏེ་རྫིག་ཉམས་བསྟན་བྱུང་བས་ང་ཚོ་ཧད་དེ་འདུག་དགོས་བྱུང་། ངས་མེ་ལྟར་འབར་བའི་ཚ་གདུག་ཁྲོད་བསམ་གཞིག་བྱེད་ཀྱིན་སེམས་ཁྲལ་བྱས།
ཅིའི་ཕྱིར་སྒེར་གྱི་སྐུ་སྲུང་ཁྲིད་དེ་རྫིག་ཉམས་བསྟན་པ་ཡིན་ནམ། གྲོས་ཚོགས་ནས་སྤྱི་འཐུས་སྐུ་ངོ་སུ་ཞིག་དྲང་བོར་འགྲེང་ཡོང་ངམ། དཔའ་དང་དཔུང་ངོམ་ན་བདེན་སྨྲ་བ་སུ་ཞིག་གིས་ཕྱག་ལག་གནམ་ལ་འཕྱར་ཕོད་དམ། ༧གོང་ས་མཆོག་ལ་ལག་པ་ཕྱི་བར་དགའ་བ་དག་གིས་ཁོང་གི་བཀའ་ཡིག་ལ་ཇི་ལྟར་གཟིགས་སྲིད་དམ།
དེ་ལྟར་སེམས་ཀྱིན་ཉིན་གུང་བར་བསྒུགས་པ་ཡིན། ཕྱི་དྲོའི་ཞལ་ལག་བཞེས་ཏེ་ཚོགས་ཁང་དུ་ཕེབས་དུས་སྔོན་མའི་སྐུ་སྲུང་གཉིས་ཀྱི་ཐོག་བསྐྱར་དུ་བདེ་སྲུང་ངོས་ནས་སྐུ་སྲུང་གཅིག་ཁར་སྣོན་གྱིས་ཕེབས་བྱུང་། འདིས་ཅི་ཞིག་མཚོན་ནམ། ཇོ་ནང་བའི་ཞི་འབོད་པ་དག་ལ་མཐོང་ཆུང་གི་ཉམས་ཤིག་དང་། དཔའ་དང་དཔུང་གཤིབ་མཁན་ལ་ངོ་སོའི་ཚུལ་ཞིག་ཀྱང་མི་འདུག་གམ་སྙམ་ན། ཧ་ཅང་ཡིད་ནག་གཏིང་ནས་ཆད་སོང་།
ང་ཚོ་ཇོ་ནང་བའི་ཚུལ་ལྡན་འབངས་མི་དག་ཆར་རླུང་ཁྲོད་དུ་གྲང་འདར་རྒྱག་དུས་དང་། ཉི་ཙད་འོག་སྲེག་ལ་བྱེད་དུས་བདེ་སྲུང་ཞེས་ལྟ་མཁན་སུ་ཡང་མ་བྱུང་། དེ་ནས་གྲྭ་བཟང་བོ་ལགས་ཀྱིས་ཡང་བསྐྱར་བཀའ་ཡིག་ཁག་ཁོང་ལ་འབུལ་གྱིན། “ས་ཇོ་གཉིས་ཀྱི་ཆོས་དམ་ཚིག་གི་འབྲེལ་བ་ལ་ཐུགས་བསམ་གནང་རོགས། བོད་མིའི་མཐུན་སྒྲིལ་ལ་གཏོར་བཤིག་མ་གནང་རོགས་”ཞེས་ཞུས་ཀྱང་སྔར་བཞིན་ས་རུ་གཡུགས།
འོན་ཏེ། ག་ཟི་བས་གསར་འགྱུར་བརྒྱུད་ལམ་ཁག་ཏུ་”ས་ལ་ཟགས་པ་ལས་ཁོང་གིས་ས་ལ་གཡུག་པ་དེ་འདྲ་བྱས་མེད།”(བོད་ཀྱི་བང་ཆེན་དུ་གསལ།)ཅེས་ཤོབ་རིང་འཐེན་གྱིན་ཡོད། ཞི་འབོད་པ་ཁག་ཅིག་གིས་མཐེ་བོང་གནམ་ལ་ཀེར་ནས་”དེ་ལྟར་མ་གནང་རོགས། ང་ཚོས་སྐྱབས་འཇུག་ཞུ་གི་ཡོད།” ཅེས་པར་ཁོང་གི་སྐུ་སྲུང་(བདེ་སྲུང་གིས་བཏང་བ་དེ་གཉིས་མིན།)དེས་བསྐྱར་དུ་”རྙོག་གྲ་བཟོ་མ་ཡོང་ཨ། ང་ཁམས་པ་ཡིན།” ཞེས་འཇིགས་སྐུལ་གནང་། དེ་ནི་བསམ་བཞིན་དཀྲུག་ཤིང་སློང་བ་ཞིག་ལས་”ཁམས་པ་ཡིན་”ཞེས་གླེང་དགོས་དོན་མཆིས་སམ།
གཞན་ཁོང་ཚོས་བརྒྱུད་བསྐུར་བྱེད་ཀྱིན་པའི་བརྙན་ཐུང་དེའང་༢༠༠༨ ལོའི་ལྷ་སའི་དོན་རྐྱེན་ཞེས་པའི་བརྙན་དུམ་དེ་དང་ཇི་འདྲའི་འདྲ་བ་ལ། དེ་ལྟའི་གྲ་སྒྲིག་ཡོད་པ་ཞིག ཁོང་ཚོའི་བརྙན་དུམ་དེས་ང་ཚོར་བདེན་དཔང་མང་བོ་ཞིག་མཁོ་འདོན་གནང་སོང་། ཁོང་ཚོས་བརྙན་དུམ་དེར། “ཇོ་ནང་ཞི་འབོད་པས་ས་སྐྱའི་སྤྱི་འཐུས་རྡུང་རྡེག་གཏོང་བ།”ཞེས་ཁ་བྱང་ཞིག་བཏགས་ཏེ་སྤེལ་གྱིན་འདུག ཁ་བྱང་ཙམ་གྱིས་ས་ཇོའི་བར་ལ་དཀྲུག་ཤིང་བྱེད་འདོད་པ་དེ་གསལ་བོར་བསྟན་ཡོད།
ཡིན་ནའང་ས་སྐྱ་སྤྱིའི་ངོས་ནས་མ་ཡིན་པར་ག་ཟི་ཁོང་ཉིད་མི་གཞན་གྱི་ལག་ཆར་གྱུར་ཟིན་པའི་བདེན་དཔང་མང་དུ་ཡོད་ཀྱང་གནས་སྐབས་བསྐྱུར། གང་ལྟར་བརྙན་དུམ་དེའི་མགོ་འཛུགས་སྟངས་དང་མཇུག་བསྡུ་ཚུལ་གང་ལ་བལྟས་ཀྱང་གྲ་སྒྲིག་ཡོད་པ་ཞིག་ཡིན་པ་ཤེས་ཐུབ། འོན་ཏེ། བརྙན་དུམ་དེར་ཞིབ་ཀྱིས་བལྟས་དུས་ནང་དུ་འཆར་བ་ནི་མཐེ་བོང་བསྒྲེངས་ནས་ཞུ་བ་བྱེད་ཀྱིན་པ་ཙམ་ལས་མེད་ཕྱིར་བརྙན་ཐུང་དེས་ཁོང་ཚོའི་ལག་ཆ་ཡག་པོ་ཞིག་མ་ཡོང་བ་འདྲ།
གསུམ་པ། ཐག་གཅོད་དང་བཀའ་རྒྱ།
ཉིན་དེའི་ཚོགས་འདུ་གྲོལ་སོང་། སྤྱི་འཐུས་སྐུ་ངོ་མང་བོ་ཞིག་ལ་ནམ་རྒྱུན་གྱི་ཁྲོ་ཉམས་དེ་མེད་པར་འཛུམ་དམུལ་དམུལ་གྱིས་ཕྱི་རུ་ཕེབས་ཡོང་། སྐབས་དེར་ང་ཚོའི་སེམས་སུ་ཐག་གཅོད་ཡག་པོ་ཞིག་གནང་ཡོད་པའི་བརྡ་རེད་སྙམ་ནས་ཅུང་ཙམ་བྲོད་པོ་བྱུང་། སྐབས་དེར་གཏམ་འཁྱར་ཚུལ་གྱིས་”གྲོས་ཚོགས་ནས་ཐག་གཅོད་མ་ཐུབ་པར་བཀའ་ཤག་ལ་ཕུལ་འདུག”ཅེས་རྣ་རྩར་ལྷུང་བས་ལྷག་ཏུ་ཞེ་རྩ་དྲོ་བ་ཞིག་བྱུང་།
བཀའ་ཤག་གི་རྩ་དོན། “ཆིག་སྒྲིལ་”དང་འབྲལ་ཐབས་མེད་པའི་ནང་ཁུལ་གྱི་དོན་དག་འདི་ཙམ་ཞིག་ནི་ཧ་ཅང་ཆུང་ངུ་ཞིག་ལ་ངོས་བཟུང་བ་ཡིན། ཅང་མ་འགོར་བར་བོད་ཀྱི་སྲིད་སྐྱོང་མཆོག་དང་། སྤྱི་འཐུས་ཚོགས་གཙོ་གཞོན་བཅས་མཉམ་ཕེབས་ཀྱིས་ཡོངས་བསྒྲགས་བྱས་སོང་།
བོད་གཞིས་བྱེས་གཉིས་ཀྱི་རེ་ལྟོས་བཅང་སའི་བཀའ་སྤྱི་ལྷན་རྒྱས་ཀྱིས་ཐག་གཅོད་འདི་འདྲ་ཞིག་གནང་ཡོང་བ་བློ་ལས་འགོངས་པ་ཞིག ཚོགས་གཙོ་མཆོག་གིས། ཇོ་ནང་ལ་ཆོས་བརྒྱུད་ཆེན་པོའི་ཐོབ་ཐང་ཐོབ་འོས་མིན་ལ་གསུང་ཚིག་གཅིག་ཀྱང་མེད་པར། སྐབས་བཅོ་ལྔ་བའི་གྲོས་ཚོགས་འཐུས་མི་ཚང་མས་གང་ཐུབ་ཀྱིས་འབད་པ་བྱས་རབས། སྔོན་མར་རྒྱབ་སྐྱོར་གནང་མཁན་༡༧ཙམ་བྱུང་བ་དེ་ཡང་ཚད་ལས་འདས་པ་ཡིན་རབས། རྣམ་འགྱུར་སྟོན་སྟངས་དེའང་འཚེ་བ་མེད་པའི་ཐོག་ནས་ཡོང་དགོས་རབས་སོགས་མང་བོ་ཞིག་གསུངས་སོང་།
ལྷག་ཏུ་ཡ་མཚན་པ་ཞིག་ལ། “འདས་པའི་ཉིན་གསུམ་པོའི་རྣམ་འགྱུར་སྟོན་སྟངས་དེས་སྤྱི་འཐུས་མང་བོ་ཞིག་ལ་བློ་ཕམ་བྱུང་འདུག བློ་ཕམ་བྱུང་སོང་།”ཟེར། ལག་ཏུ་ཁ་བཏགས་བཟུང་ནས། ལག་གཉིས་ཐལ་མོ་སྦྱར་ཏེ་”དྲང་བདེན་ལ་རྒྱབ་སྐྱོར་གནང་རོགས།”ཞེས་གྲལ་བསྒྲིགས་ནས་གསོལ་འདེབས་དང་རེ་ཞུ་བྱས་པ་དེས་བློ་ཕམ་འདུག ད་དུང་། “སྤྱི་འཐུས་སྐུ་ངོ་དག་གིས་དགོངས་ཚུལ་གསུང་དུས་རྒྱབ་སྐྱོར་བྱེད་མཁན་ཉུང་དུ་སོང་འདུག” ཅེས་དང་། “སྐབས་བཅོ་ལྔ་བའི་ངོས་ནས་འབད་བརྩོན་གང་ཐུབ་བྱས་རེད། སྐབས་བཅུ་དྲུག་པའི་སྐབས་སུ་རྒྱབ་གཉེར་ཐོབ་ཐབས་ལ་འབད་བརྩོན་གནང་དགོས་པའི་ཐག་གཅོད་གནང་སོང་།”ཞེས་ལམ་སྟོན་གནང་ཁུལ་མཛད་པ་དང་། ཁྱེད་ཚོ་འདི་ལྟར་ཆར་ཆུ་དང་ཉི་ཙད་འོག་ན་དགེ་འདུན་པ་མང་བོ་བཞུགས་ན་ཐུགས་བློ་མི་བདེ་ཚུལ། ཕྱིའི་གསར་འགོད་པ་སོགས་ཀྱིས་མཐོང་ན་ཡག་པོ་མེད་ཚུལ། གསལ་བཤད་གནང་རྗེས་མི་བཞུགས་རྒྱུའི་འབད་བརྩོན་གནང་ན་ཡག་པོ་ཡོང་ཚུལ་སོགས་ཀྱང་མང་དུ་གསུངས།
ཡིན་ནའང་བསམ་ཡུལ་ལས་འདས་པ་ཞིག་ལ། “༧གོང་ས་མཆོག་གིས་ཇོ་ནང་བར་བསྩལ་བ་དག་ལ་སྤྱི་འཐུས་ངོས་ནས་དགོངས་ཚུལ་གཞན་མེད། ཁོང་གི་བཀའ་ཡིག་དེའང་ཀློག་མཁན་ཡོད་”ཅེས་ཡིད་ཆེས་དཀའ་བའི་བཀའ་སློབ་ཀྱང་བསྩལ། དོན་དངོས་སུ་༧གོང་ས་མཆོག་གིས་ཇོ་ནང་བར་དེ་ལྟར་གནང་བ་འོས་མིན་པའི་ལམ་ཁ་ཞིག་ཀྱང་ཐོལ་གྱིས་བསྟན། གཞན། “ཆོས་ལུགས་ཚོགས་ཆེན་ཐེངས་བཅུ་གཅིག་པར་བཞག་པའི་གྲོས་ཆོད། ཇོ་ནང་ལྟ་གྲུབ་དང་ཆོས་བརྒྱུད་རང་རྐྱ་ཐུབ་པ་ཞིག་ཡིན་པ་དེ་མ་རེད་ཅེས་སྤྱི་འཐུས་སུ་གཅིག་གིས་ལབ་མ་མྱོང་།” ཟེར། འདི་ནི་མངོན་སུམ་ལ་སྣོག་རྒྱག་པ་ཞིག་ཡིན་པ་གསལ་བོ་ཡིན།
གྲོས་ཚོགས་ཚོགས་དུས་དགུ་བའི་སྐབས་སུ། ག་ཟི་བ་ལགས་ཀྱིས་ལག་པ་དགུང་ལ་ཕྱར་ནས་ས་སྐྱའི་ཁོངས་གཏོགས་ཡིན་རབས་ཀྱི་ལུང་ཚིགས་དམ་དུམ་འགའ་དྲངས་ནས་རྫིག་ཉམས་བསྟན་པ་དེ་བརྗེད་ཟིན་ནམ། ཁོང་གི་ཕྱག་རོགས་དག་གི་ལག་པ་རིང་བོ་དེ་མིག་ལས་ཡལ་ཟིན་ནམ། ཁོང་ཚོས་ཆོས་ལུགས་ཐེངས་ ༡༡ པའི་གྲོས་ཆོད་དེ་མ་རེད་ལབ་ནས་དགག་པ་མིན་ན་ཅི་ཞིག་དགག་པ་རེད།
བཞི་བ། ཟས་བཅད་དང་རེ་ཞུ།
དེ་ལྟར་སྤྱི་འཐུས་ཚོགས་གཙོ་གཞོན་སྲིད་སྐྱོང་བཅས་པས། བོད་སྤྱི་བའི་བདེ་སྡུག་དང་བོད་པ་ནང་ཁུལ་ལ་འདི་ལྟའི་གནད་དོན་མི་འབྱུང་ཐབས་ལ་འབད་བརྩོན་གནང་རོགས་ཟེར། ང་ནི་རེ་ཞིག་ཅི་དྲན་འདི་དྲན་མེད་པར་གྱུར། སྐུ་ངོ་དག་གིས་གྲོས་ཚོགས་ནང་བྱུང་བའི་གནད་དོན་དག་སྒེར་ལ་གཡོགས་ཤིང་གཡོལ་འགྲོ་ལ། ཕྱི་ལོགས་ཀྱི་རྙོག་འཛིངས་དག་ནང་དུ་ཁུར་ནས་ཧ་ཅང་ཐུགས་ཕམ་ཡོད་མདོག་བསྟན། འདི་ཙམ་གྱིས་མི་དཔོན་སྐུ་ངོ་དག་འཁྱོགས་ནས་ཡོད་པ་ཤིན་ཏུ་རབ་ཏུ་གསལ། “སྐབས་བཅུ་བཞི་བའི་བཀའ་ཤག་ངོས་ནས་ཇོ་ནང་འདི་ཆོས་བརྒྱུད་རང་རྐྱ་བ་ཞིག་ལ་ངོས་འཛིན་གྱིས་ཐོབ་ཐང་ཆ་ཚང་སྤྲད་ཡོད། དམིགས་བསལ་ཚོགས་ཆེན་སྐབས་ཇོ་ནང་ལ་དམིགས་བསལ་ཞབས་སྟེགས་གཅིག་ཕུལ་ཡོད། དེ་བཞིན། ཆོས་ལུགས་ཚོགས་ཆེན་སྐབས་ ༡༢ པར་ཞབས་བཀྱག་གཉིས་ཕུལ་ཡོད།” ཅེས་སྲིད་སྐྱོང་མཆོག་གིས་སྐད་གཟེངས་མཐོན་པོས་བསྒྲགས།
མ་གཞི་ནས་དམིགས་བསལ་ཡིན་ན་འདྲ་མཉམ་མིན་པ་ནི་རྒྱུན་ཤེས་ཤིག་རེད་མོད། སྲིད་སྐྱོང་འབུམ་རམས་པ་ལགས་ཀྱིས་ཐུགས་སྣང་གནང་གི་མི་འདུག ཚོགས་ཆེན་སོགས་སུ་ཆོས་བརྒྱུད་ཁག་གི་སྤྱི་འཐུས་གཉིས་ཀྱིས་གཙོས་མཁན་པོ་སོགས་མི་བརྒྱད་ཞུགས་ཆོག་ཀྱང་ང་ཚོ་ཇོ་ནང་བར་དམིགས་བསལ་གྱི་ས་མིག་གཅིག་ལས་མེད་ན་ཆ་ཚང་བ་དང་འདྲ་མཉམ་ཞིག་རེད་དམ།
འདི་ལྟར་རེ་རེ་བཞིན་ལན་འདེབས་བྱས་ན་ཡིག་ཚོགས་མང་བས་རེ་ཞིག་བཞག དྲང་བོ་མ་ཡིན་པ་དང་། ཐོབ་མི་འོས་པའི་རྒྱུ་མཚན་ཏིལ་ཙམ་བགྲང་དུ་མེད་པར། བཀའ་བའི་བཀའ། བླ་མའི་ལུང་། གཞིས་བྱེས་ཇོ་ནང་བའི་མངོན་འདོད། ས་ཡ་དྲུག་གི་མཐུན་སྒྲིལ། འཕྲལ་ཕུགས་གང་ལའང་བསམ་གཞིག་ཅི་ཡང་མེད་པར་ཐག་གཅོད་བྱས་ཤིང་། ཞོར་དུ་ང་ཚོ་ཇོ་ནང་བར་ཞྭ་མོ་ནག་པོ་ཞིག་ཀྱང་བསྐོན་ཡོང་དུས། བཀའ་སྤྱི་སུ་ཞིག་ཡིན་རུང་ལགས་སོ་ཞེས་དང་དུ་བླངས་པའི་ཡི་ག་ཡོད་མ་སོང་། ༧གོང་ས་རྒྱལ་བའི་དབང་བོ་མཆོག་གིས་གནང་བའི་ཇོ་ནང་འདི་ཆོས་བརྒྱུད་ཆེན་པོ་ཡིན་པའི་བཀའ་ཡིག་དང་། ཐོབ་ཐང་དང་བདེན་པ་ཡོད་པའི་ཞལ་སློབ་གནད་སྨིན་ཡོད་རྐྱེན། མུ་ནས་འབད་བརྩོན་གནང་འོས་པའི་གནས་ལུགས་གསལ་བོར་རྟོགས།
དམངས་གཙོའི་གཞུང་ཞིག་ཡིན་ཕྱིན་དཔོན་གྱིས་འབངས་ཀྱི་སྡུག་བསྔལ་དང་རེ་ཞུ་སྣང་མེད་གཏོང་མི་འོས་པ་དང་ཐག་གཅོད་འོས་ལ་ཐག་ཀྱང་ཆོད་པ། དཀའ་ངལ་འདི་རིགས་བསལ་ན། བོད་མིའི་ཆོས་རིག་འཛིན་སྐྱོང་ལ་ཕན་པ། རྡོག་རྩ་གཅིག་སྒྲིལ་ལ་མི་གནོད་པ་སོགས་ཕན་འབྲས་བླ་ན་མེད་པ་དང་། འདི་མུར་བཞག་ན་གཞུང་དམངས་དང་། ཆོལ་ཁ། ཆོས་བརྒྱུད། ཐ་ན་མི་སྒེར་ལ་སོགས་པར་མི་འདོད་པའི་ངན་འབྲས་ཆུ་བུར་བཞིན་རྡོལ་ངེས་པ་ཞིག་ལ་ངོས་འཛིན་གྱིས། བོད་སྤྱིའི་གནས་བབ་དང་། ཇོ་ནང་བའི་ཛ་དྲག་གནས་སྟངས་འདི་དག་ལ་བསམ་ནས་རང་ཉིད་དུས་ཡུན་ངེས་མེད་ཀྱི་ཟས་བཅད་ལ་འདུག་རྒྱུ་གཏན་འཁེལ་བྱས་པ་ཡིན། འོན་ཏེ། དམངས་གཙོ་དང་འཚེ་མེད་ཞི་ལམ། དབུ་མའི་ལྟ་གྲུབ་སོགས་དང་འགལ་བའི་ལས་གཞར་ཡང་མི་བྱ་བའི་ཆོད་སེམས་བརྟན་པོ་བཅངས་ཡོད། སྤྱི་འཐུས་སྐུ་ངོ་རྣམ་པ་ཡིན་ནའང་། ཕན་གནོད་ཀྱི་ལས་ལམ་ཀུན་ལ་བསམ་གཞིག་ནན་གྱིས་བཏང་ཏེ་བསྐྱར་དུ་ཐག་གཅོག་ཅིག་གནང་བའི་རེ་བ་དང་འབོད་སྐུལ་ཞུས་པ་ཡིན།
མཇུག་གཏམ་གྱི་དོད།
དྲང་བོ་དང་གནས་ལུགས་མེད་པའི་རྒྱུ་མཚན་བསྙད་དུ་ཡོད་ན་ཨུ་ཚུགས་བྱེད་འདང་མིན་ལ། དཔའ་དང་དཔུང་བསྡུར་ནས་བཙན་འཕྲོག་དང་ཧམ་ཟོས་བྱེད་འདོད་ཡིན་ན་རེ་ཞིག་མཚམས་འཇོག་འདང་མིན། ནང་ཁུལ་གྱི་གནད་དོན་ནང་ཁུལ་ནས་འཕྲལ་དུ་ཐག་གཅོད་བྱེད་པའི་རེ་འབོད་ཀྱང་བསྐྱར་དུ་ཞུས་པ་ཡིན།
ཕྱི་ལོ་ ༢༠༡༥ ཟླ་ ༩ ཚེས་ ༡༩ ཉིན་གྱི་ཕྱི་དྲོར་མཇུག་གྲུབ་པར་བྱས།
ཀ་ཟི་དགེ་བཤེས་ཟེར་བ་དེའི་བྱེད་སྟངས་ཁྱེད་ཚོས་བརྙན་ལེན་མ་ཐུབ་པ་དེ་ཁྱོད་ཚོ་འཇོན་ཐང་ཅི་ཡང་མེད་པ་མཚོན། ལས་ཀ་བྱེད་སྟངས་ཅི་ཡང་ཤེས་མི་འདུག ཁོང་ཚོས་འཁྲབ་ན་ཁྱོད་ཚོས་ཀྱང་དང་པོ་ནས་ཁོའི་བྱེད་སྟངས་ལ་བརྙན་བླངས་ནས་དྲ་རྒྱར་བཀྲམ་དགོས་རེད། ད་གསལ་བཤད་ཉ་གེ་ཉོག་གེ་འདྲ་བྲིས་ན་འཕྱི་ཚར་བ་རེད། ཧཧཧཧཧ
ཇོ་ནང་བ་ལ་སྤྱི་འཐུས་སྤྲད་ན་མ་འགྲིག་པ་གང་ཡང་མི་འདུག་བསམ་ཀི། འོན་ཀྱང་་མི་རྐྱང་གིས་ག་གཟིས་ཡིག་ཆ་ས་ལ་གཡུགས་པ་དང་སྐུ་སྲུང་བས་རྙོག་དྲྭ་བཟོ་མ་ཡོང་། ང་ཁམས་པ་ཡིན་ཟེར་བ་སོགས་མཐོང་ཐོས་བྱུང་འདུག་ཡང་གྲྭ་བ་ཞིག་གིས་ངར་ངར་རྫིག་རྫིག་གསོད་ཐུབ་ན་བསད་ཀྱིན་ཡིན། ཇོ་བོ་རིན་པོ་ཟེར་བ་སྤྱན་གྱིས་གཟིགས་མེད་པ་འདྲ། ཧ་ཧ། ཀུ་རེ་ཡིན།
གྲོགས་པོ་རྣམ་གཉིས་ཀྱིས་གསུང་བ་བདེན། ང་ཚོས་བདེན་པ་ཁོ་ན་གླེང་འདོད་པ་ལས་ཕུང་དཀྲུག་བྱེད་འདོད་ཀྱི་ཀུན་སློང་ཙམ་ཡང་མེད་པས་དེ་ལྟར་མ་འཇོན་པ་རེད། དེ་གཅིག་ཡིན། བརྙན་དུབ་ཞིག་ཏུ་ག་ཟི་གསོད་ཐུབ་ན་གསོད་ཀི་ཡིན་ཞེས་སྐད་ཅོར་ཞིག་ཡོད་པའི་བརྙན་དུམ་ཞིག་འདུག དེ་ང་ཚོ་ཇོ་ནང་བ་ཞིག་སྐད་སྒྲ་ཡིན་མིན་ལའང་བློ་དོགས་བྱུང་། རྒྱུ་མཚན་ནི་བཀའ་སྤྱི་ཁག་གི་བཀའ་རྒྱ་དེའི་རྗེས་སུ་སྦྱར་འདུག་པས་ཡིན། ག་ཟི་མཐོང་སར་མེད་པ་ཞིག་ལ་དེ་ལྟར་བཤད་སྲིད་དམ། དེ་ཕལ་ཆེར་ཅིག་གིས་བསམ་བཞིན་དུ་བཟོས་པ་ཞིག་ཡིན་པ་འདྲ་མོད། ད་དུང་གསལ་བོ་མ་བྱུང་བས་བཤད་ཚོད་མ་ཐིག བརྙན་དུམ་དེར་ཞིབ་གཟིགས་ཀྱིས་ཞིབ་འཇུག་གནང་རོགས།
དྲང་མོ་བཤད་མི་འདུག་ག་་་་་བསད་དགོས་ན་གསོད་ཀྱི་ཡིན་་ཟེར་སྐད་རྒྱག་མཐའ་ཇོ་ནང་བའི་མི་ཚང་མས་ཐལ་མོ་བརྡབ་སོང་ཨ། ག་རེ་བྱུང་ཡོད་མེད་ཚང་མ་འབྲི་ན་ཡག་ཀི།
ཏྲེ་ཧོར་ལགས་ཀྱིས་བསམ་བཞིན་སྣོག་རྒྱག་སོང་། ཧ་ཧ། ཡ་དེ་རེད།
དོན་ངོ་མར་བཙན་བྱོལ་ན་ཇོ་ནང་བའི་མི་འབོར་ཇི་ཙམ་ཡོད། དེ་གལ་ཆེན་པོ་རེད
ད་སྐབས་ཀྱི་ཇོ་ནང་བའི་ལས་འགུལ་འདིས། ཆོས་རྒྱུད་སྤྱི་འཐུས་མེད་པར་བཟོ་ཐུབ་རྒྱུ་དེ། ངའི་རེ་བ་ཨང་དང་པོ་ཡིན། གཉིས་པ་ནི་ཇོ་ནང་བར་ཆོས་རྒྱུད་སྤྱི་འཐུས་རག་རྒྱུ་དེ་ལོས་ཡིན། མི་ཚོས་ཅི་ཞིག་བཤད་ན་བཤད། ཇོ་ནང་བར་ཆོས་རྒྱུད་སྤྱི་འཐུས་དགོས་པའི་རིགས་པའི་སྙིང་བོ་ནི། ཆོས་རྒྱུད་སྤྱི་འཐུས་ཟེར་བ་ཞིག་ཡོད་པ་གཞིར་ཞོག ཆོས་རྒྱུད་དུ་གྲགས་པ་གཞན་ཚོར་དེ་ཡོད་དགོས་ལ། ཇོ་ནང་བར་ཅིའི་ཕྱིར་དེ་ཡོད་མི་ཆོག་པ་རེད་ཅེས་པ་འདི་རེད།
ང་ཇོ་ནང་པར་རྒྱབ་སྐྱོར་ཞུ་མཁན་ཞིག་ཡིན་མོད་རྙོག་དྲ་གང་བྱུང་བ་དེ་ང་ཚོས་བརྙན་ཐུང་དེ་ལས་གསལ་བོ་མཐོང་སོང། དེ་ལ་མཁན་པོ་ངག་དབང་རྡོ་རྗེ་གཙོས་བའི་ཁྱེད་ཅག་གིས་འགྲེལ་བཤད་རྫུན་མ་མ་བྱས་ན་ཡག་པོ་འདུག་བསམ་སོང་།
ང་ཁམས་པ་ཡིན། ཀླད་པ་སྟོང་པ་ཡིན། ཧ་ཧ་ཧ། གང་ལྟར་ཇོ་ནང་པར་རྒྱབ་སྐྱོར་ཡོད།
སྤྱི་འཐུས་ཚེ་རིང་པོའི་སྐུ་སྲུང་གིས་༼ང་ཁམས་པ་ཡིན།༽ཟེར་བ་འདི་གཅིག་པོའི་ཀྱང་ཇོ་ནང་གི་གནད་དོན་འདི་ཐུག་ས་གང་ཡིན་གསལ་པོ་བཟོས་འདུག་གོ ཧ་ཧ་ཧ ད་བོད་པའི་གྲོས་ཚོགས་འདི་རུལ་ཚར་འདུག་ག
ཇོ་ནང་ཚང་གིས་ཆོས་ལུགས་ཁར་འཁྱེར་ནས་ཆབ་སྲིད་ཀྱི་གོ་ས་རྩོད་བཞིན་པ་འདིར་ངོ་རྒོལ་ཡོད། ལྷག་པར་དུ་ཁམས་པ་དང་ཨ་མདོའི་བར་དང་ས་སྐྱ་དང་ཇོ་ནང་གི་དབར་གྱི་འགལ་ཟླ་བཟོ་བའི་རྣམ་པ་ཇེ་གསལ་འགྲོ་ཡི་འདུག་པས་དེར་ངོ་རྒོལ་མཐའ་གཅིག་ཏུ་ཡོད།
ངས་ནི་མི་འདིའི་རྩོམ་སྔོན་མ་དེར་མཆན་བཏབ་ཚར་ཡིན། སྐུ་ཞབས་ཞོགས་དུང་སོགས་ཀྱིས་ང་ཚོ་ཆོས་ལུགས་པས་འཕོང་ཟེར་བ་དེ་ཁག་མི་འདུག་ག འུ་ཚོའི་གནས་སྟངས་ལ་བསམ་ན་འད་འདྲ་ཕར་འཐེན་ཚུར་འཐན་བྱས་ནས་སྡོད་པ་ལས་སྤྱི་བའི་ལས་དོན་ལ་ཐུགས་ཁུར་དེ་ཙམ་བཞེས་ཀྱིན་མེད་པ་རེད། ཉེན་ཁ་ཆེས་ཆེ་བ་དེ་གང་ན་ཡོད་ཟེར་ན་བཙལ་བྱོལ་གྱི་ཇོ་ནང་བ་ཚོས་གཞིས་ལུས་ཇོ་ནང་བ་ཚོའི་སེམས་ཁ་བསྒྱུར་ཅི་ཐུབ་བྱས་ནས་བོང་ནང་ལོགས་བཙན་བྱོལ་གཞུང་ལ་ངོ་རྒོལ་ཞིག་བྱས་ན་སྙམ་གྱིན་ཡོང་པ་འདྲ། ཁ་སང་དེ་རིང་རྔ་བ་ནས་བོད་སྤྱི་བའི་དོན་དུ་སྐད་འབོད་བྱེད་ཀྱིན་པ་རེད། ཇོ་ནང་བས་བོད་ཕྱི་ནས་སྐུ་བཀྱག་རྩོད་ཀྱིན་ཟས་བཅད་ངོ་རྒོལ་ཟླ་གསུམ་ཟེར་བ་དེ་རེད། ཨུ་ཚུགས་ཆེ་ག བློ་ཁོག་ཡོད་ཀ གྲུབ་མཐའི་ཆེད་དུ་བློས་གཏོང་བྱེད་ཀ ངས་སྔོན་ཆད་བཤད་པ་ལྟར་སྐུབ་བཀྱག་ཅིག་མ་ཡོད་པ་དེེས་ཁྱོད་ཚོར་ཅི་ཞིག་ཐོབ་ཐང་བཅག་སོང་བ་རེད། སངས་རྒྱས་མི་ཐུབ་པ་ཨེ་རེད། ལྟོག་ཤི་ཐེབས་འགྲོ་བ་ཨེ་རེད། ཁ་དྲོ་བཀྲིས་བསམ་བློ་གཏོག་རོགས། ངས་གོ་ཐོས་ལ་འོས་ཤོག་བླུགས་ནས་མ་ཐོབ་པ་རེད་ཟེར། དེ་བདེཇ་པ་ཡིན་ན་ ད་བྱེད་ཡ་མི་འདུག་ག ཡང་བསྐྱར་གྲོས་ཚོགས་ནང་དུ་འོས་ཤོག་འཕེན་པའི་གོ་སྐབས་ཙམ་གནང་རོགས་ཟེར་ན་འགྲིག་ག ཨུ་ཚུགས་ཁོ་ན་ཚད་པ་དེ་མང་གཙོ་ཡིན་ནམ
ཇོ་ནང་བར་སྤྱི་འཐུས་ཀྱི་ཐོབ་ཐང་དགོས་ངེས་རེད། འོན་ཀྱང་ད་ལྟའི་ཇོ་ནང་བའི་ངོ་རྒོལ་བྱེད་སྟངས་དེར་བལྟས་ན་བློ་ཕམ་བྱུང་། ད་ནི་ཇོ་ནང་བ་ཟེར་བ་ཆོས་ལུགས་གི་རྙོག་གྲ་གཉིས་པ་ཞིག་ཏུ་མགོ་བཙུགས་སོང་། དང་པོ་དེ་དོལ་རྒྱལ་རེད།