བློ་སྦྱིན། (རྡ་ས།)
རང་དང་གཞན་གྱི་འཕྲལ་དང་ཕུགས་ཀྱི་མངོན་འདོད་འགྲུབ་པའི་ཐབས་ལམ་གང་ཞིག་བསྟེན་དགོས་མིན། ཐབས་ལམ་དེ་བསྟེན་ན་ཕན་མི་ཕན་དང་འོས་མི་འོས། དེ་བཞིན་ཐབས་ལམ་གང་ཞིག་རང་གཞན་གཉིས་སྨན་དང་འཕྲལ་ཕུགས་ཀུན་ཕན་ཡིན་མིན། ཁ་ཡོད་ལག་ཡོད་ཀྱི་དོན་དངོས་དང་མཐུན་མིན་སོགས་ནི། མངོན་འདོད་དེ་ཉིད་རང་ཉིད་ཀྱི་ཐོབ་ཐང་ཡིན་པ་ཙམ་དང་བདེན་པ་ཡིན་མིན་ཙམ་གྱི་གནད་དོན་མིན་པར། ཐབས་ལམ་གང་ཞིག་དེས་མི་རེ་འགའ་ཙམ་མ་ཡིན་པར་མི་རིགས་གང་ཞིག་གི་འཕྲལ་སེལ་ཛ་དྲག་གི་དཀའ་ངལ་དང་། དེ་བཞིན་དུ་འཕྲལ་ཕུགས་ཀུན་ནས་མི་རིགས་ཤིག་གི་མངོན་འདོད་ཅིག་བསྒྲུབ་ཐུབ་མིན་ལ་རག་ལས་ཤིང་། དེ་ཡང་ཐབས་ལམ་གང་དེས་མངོན་འདོད་དེ་ཉིད་འགྲུབ་སྲིད་པ་དང་འགྲུབ་ཐུབ་པ་ཙམ་མིན་པར་བདེ་བླག་ཏུ་སྒྲུབ་ཐུབ་མིན་གྱི་གནད་དོན་ཞིག་ལ་རག་ལས་པར་འདོད་དོ།།
དེར་བརྟེན་རང་བཙན་རྩོད་དང་དབུ་མ་རྩོད་མིན་གྱི་གནད་དོན་དེ་ནི། ཆབ་སྲིད་རྐྱང་པའི་ངོས་གནས་བལྟས་པས་མི་ཆོག་པར་དགག་ཕྱོགས་དང་སྒྲུབ་ཕྱོགས། འཕྲལ་དང་ཕུགས། སྲུང་སྐྱོབ་དང་ཁོར་ཡུག དཔལ་འབྱོར་ཡར་རྒྱས། རྒྱལ་ཁབ་འཛུགས་སྐྲུན། རང་དང་གཞན་སོགས་ཕྱོགས་མང་པོ་ཞིག་ནས་བསམ་བློ་བཏང་སྟེ། གཞི་ནས་གྲ་སྒྲིག་དང་འཆར་གཞི་ཡོད་པ། དམིགས་ཡུལ་དང་སྒྲིག་གཙོ་ཡོད་པའི་ཐོག་ནས་གཏམ་བཤད་་དང་ལས་འགུལ་སྤེལ་བ་སོགས་གང་ཡོང་ཅི་ཡོང་དང་། འུ་ཐུག་ཐབས་ཟད་དང་མེར་ཚིག་མེར་གཏུགས་ཡིན་རུང་བྱེད་དགོས་པ་ནི། ཆེས་ཐ་མའི་གདམ་ཀ་གཅིག་པུ་དེ་ཆགས་སོང་བ་མ་ཡིན་ནམ།
རང་བཙན་ང་ཚོའི་ཐོབ་ཐང་དང་ལོ་རྒྱུས་ཀྱི་བདེན་པ་ཡིན་ཡང་དེ་བརྩད་ན་རྒྱ་གཞུང་གིས་དེ་ལ་ཁ་ཡ་མི་བྱེད་པ་ཙམ་དུ་མ་ཟད། རྒྱལ་ཁབ་གཞན་དང་ཚོགས་སྒེར་སུ་ཞིག་ཡིན་རུང་དེ་ལ་ཐད་ཀར་བསྔགས་བརྗོད་དང་རོགས་རམ་བྱེད་རྒྱུ་ནི། ཧ་ཅང་གི་དཀའ་མོ་ཞིག་རེད། རྒྱུ་མཚན་ནི་འགག་ལ་ཐུག་ཚེ་སུ་ཡིན་ཀྱང་གཙོ་བོ་སྲུང་སྐྱོབ་བྱེད་དགོས་པ་དེ་ནི། རང་ཉིད་ཀྱི་ཁེ་ཕན་དེ་ཡིན་པས་རེད།
གཉིས་ཐད་ནས་མིས་རོགས་བྱེད་པ་ལ་ང་རང་ཚོར་རོགས་བྱེད་སའི་རྨང་གཞི་ཞིག་མེད་ན། མིས་རོགས་རམ་བྱེད་འདོད་ཡོད་ཀྱང་གཞི་རྩ་བྲལ་བ་ཡིན་སྟབས་རོགས་རམ་བྱེད་ཐབས་བྲལ་བ་དེ་རེད། དེར་བརྟེན་ཆེས་ཉུང་མཐར་ཡང་ང་རང་ཚོར་གང་འཚམས་ཀྱི་སྟོབས་ཤུགས་སམ་ཡང་ན་དཔེ་མེད་པའི་ཐོན་ཁུངས། དེ་མིན་ནའང་ང་རང་ཚོ་བོད་པ་རང་ཉིད་ལ་མཐུན་སྒྲིལ་རྡོ་རྩ་ཆིག་སྒྲིལ་ཡོད་པའི་ཐོག་ནས་དེང་རབས་ཀྱི་སློབ་སྦྱོང་སྤྱི་དང་ལྷག་པར་ཁྲིིམས་ལུགས། དམག་འཐབ་དང་གོ་ལག་སོགས་ལག་པ་འཆང་རན་ཡོད་པ་ཞིག་དགོས། དེ་ཚོ་གང་ཡང་མེད་ན་འབྲེལ་བ་གང་ཡང་མེད་པའི་རྒྱལ་ཁབ་ཁག་དང་ཚོགས་པ་སྐྱིད་སྡུག་ཁག་ལ་རང་བཙན་རྩོད་རོགས་ཀྱི་རོགས་སྐྱོར་འཚོལ་བ་ནི། གནས་སྐབས་རིང་རང་ཉིད་ཀྱི་སེམས་གསོ་ཙམ་མམ་རྨི་ལམ་ཙམ་ཡིན་པ་ལས་དོན་དངོས་ཐོག་ཧ་ཅང་དཀའ་མོ་ཞིག་རེད་འདོད།
ཡང་གཅིག་བཤད་ན་ང་ཚོས་རང་བཙན་བརྩད་ན་ཚུལ་ཇི་ལྟར་དུ་རྩོད་རྒྱུ་ཡིན་ནམ། གྲ་སྒྲིག་གང་ཞིག་ཡིན་ནམ། འཆར་གཞི་གང་ཞིག་ཡིན་ནམ། སྒྲིག་གཙོ་གང་དག་ཡོད་དམ། རྒྱབ་སྐྱོར་སུ་ལས་འཚོལ་ལམ། སུས་ང་ཚོར་རོགས་རམ་བྱེད་དམ། གལ་ཏེ་དམག་འཐབ་གཡུལ་འགྱེད་ཀྱི་སྒོ་ནས་རང་བཙན་རྩོད་རྒྱུ་མིན་པར། འཚེ་མེད་ཞི་བའི་སྒོ་ནས་རང་བཙན་རྩོད་རྒྱུ་ཡིན་ན་རྩོད་སྟངས་གང་འདྲ་ཞིག་གི་ཐོག་ནས་རྩོད་ཀྱི་ཡིན་ནམ། ང་ཚོས་རང་བཙན་རྩོད་ས་དེ་ནི་རྒྱ་དམར་རེད། རྒྱ་དམར་གཞུང་གིས་བདེན་པ་དང་ཁྲིམས་ལུགས་ཟེར་བ་དེ་ཁས་ལེན་ནམ། གལ་ཏེ་རྒྱ་དམར་གཞུང་གིས་ང་ཚོར་ཁ་ཡ་སྤུ་ཙམ་ཡང་མ་བྱས།
ཕྱིའི་རྒྱལ་ཁབ་ཁག་དང་འཛམ་གླིང་མི་མང་གིས་ཀྱང་རྒྱ་དམར་གྱི་ངོ་བསྲུང་སྟེ་རང་ཉིད་ཀྱི་ཁེ་ཕན་ཁོ་ན་གཙོ་བོར་བསྲུངས་ཏེ་བསྡད་ན། ང་ཚོ་རང་ཉིད་ལ་ཡང་སྟོབས་ཤུགས་དང་ཆིག་སྒྲིལ་ཐབས་ལམ་སོགས་ཀྱི་ཐད་ནས་ནུས་པ་དེ་ཙམ་མེད། ཕྱིའི་རྒྱལ་ཁབ་ཁག་དང་འཛམ་གླིང་མི་མང་གིས་ཀྱང་ཁ་ཡ་མ་བྱས་པར་བསྡད་ན། ཕྱི་དང་ནང་གི་རྒྱུ་རྐྱེན་གང་ཡང་འཛོམས་མེད་པར་བརྟེན། འབྲས་བུ་རང་བཙན་ཟེར་བ་འཐོབ་དཀའ་མོ་ཡིན་པས། ད་དུང་ང་ཚོས་ཨུ་ཚུགས་ཀྱིས་བོད་རང་བཙན་ང་ཚོའི་ཐོབ་ཐང་ཡིན། ངའི་ཕ་བསད་སོང་། མ་བསད་སོང་། ཡུལ་ཕྲོག་སོང་། ངས་རྒྱ་མི་བོད་ཡུལ་ནས་མཐར་སྐྲོད་གཏོང་རྒྱུ་ཡིན། ཞེས་པ་ལ་སོགས་པའི་སེམས་ཤུགས་དང་འཁོན་འཛིན་ཇི་འདྲའི་ནན་མོ་རེ་བྱས་ཀྱང་། འདོད་པའི་འབྲས་བུ་གང་ཡང་འགྲུབ་རྒྱུ་མེད་པར་བརྟེན་བར་མ་དོར་ང་རང་ཚོ་རང་ཉིད་དཀའ་ལས་ཁག་རོགས་དང་། ཐང་ཆད་རོགས། སེམས་ཤུགས་ཆགས་རོགས་སུ་ཕྱིན་པ་མ་ཡིན་ནམ།
གལ་ཏེ་བོད་རང་བཙན་བརྩད་དེ་ཐོབ་པའི་དབང་དུ་བཏང་ནའང་། དེ་རིང་གི་ཕལ་མོ་ཆེ་ཞིག་ནི་དེང་དུས་ཀྱི་སློབ་སྦྱོང་དང་སྲོལ་རྒྱུན་གྱི་སློབ་སྦྱོང་ལ་ངེས་པ་རྙེད་པ་དེ་འདྲ་མིན་པའི་ཁར། ད་དུང་དེ་སྔོན་གྱི་བྲན་གཡོག་ལམ་ལུགས་ཀྱི་གཤིས་ཀ་དང་། སྐུ་དྲག་རིང་ལུགས་ཀྱི་གཡའ་སོགས་མ་ཉམས་པར་ཡོད་པས། སང་ཉིན་དེ་ཚོ་རོ་ལངས་མི་རྒྱག་པའི་ངེས་པ་ཅི་ཡོད། ད་དུང་དེའི་སྒང་ལ་ཆོལ་ཁ་དང་ཆོས་ལུགས་ནང་ཕན་ཚུན་དབར་གྱི་འཐབ་རྩོད་དེ་ནི་ཆེས་རྣོ་ངར་ཅན་དང་ཚོར་ཤུགས་ཆེན་པོའི་ངང་ཡོད་པས། གལ་ཏེ་སྟབས་མ་ལེགས་པར་དེ་ཚོས་རྙོག་དྲ་སྐྱུགས་བྲོ་བོ་དེ་འདྲ་ཞིག་བསླང་སོང་བའི་ཉིན་མོར། བསྐོར་ར་འདུས་སམ། བོད་འདི་ནི་ཡང་མིན་ན་དེང་དུས་ཀྱི་སློབ་སྦྱོང་ཚད་ལོངས་པ་ཞིག་ཡོད་ན་གོ་རྟོགས་སད་པའི་རེ་བ་ཞིག་ཡོད་ལ། ཡང་མིན་ན་ཆོས་ཀྱི་སློབ་སྦྱོང་དང་ཉམས་ལེན་ཚད་ལོངས་པ་ཞིག་ཡོད་ན་གོ་རྟོགས་སད་པའི་རེ་བ་ཡོད་པ་ལས་གཞན། བོད་འདི་ལ་མི་རིགས་ཀྱི་ལ་རྒྱ་དང་། གོ་རྟོགས་སད་རྒྱུ་ཧ་ཅང་གི་དཀའ་མོ་ཞིག་རེད།
མ་ཟད་རང་བཙན་ཐོབ་པའི་དབང་དུ་བཏང་ཡང་རྒྱ་དམར་ཧམ་ཆེན་འདི་རང་དགར་ཅི་ལ་འདུག་བཟོད་དམ། མུ་མཐུད་བོད་ཀྱི་ས་ཁྱོན་དང་བོད་ས་ཁག་ནས་ཐོན་པའི་ཐོན་ཁུངས་དང་ཞིང་འབྲོག་མང་ཚོགས་ལས་ཐོབ་པའི་ཐོན་ཁུངས་དེ་ཚོར་ཧེབ་ལངས་ནས་བསྡད་ཡོད་སྟབས་འདྲེ་ལག་བརྐྱང་རྒྱུ་ཉག་གཅིག་ཡིན་པ་ནི་སྨོས་ཅི་ལ་དགོས།
དེ་ཡང་ཁྲིིམས་དང་ཡ་ང་སྙིང་རྗེ་གང་ཡང་མེད་པར་སྡིག་པ་མིག་བཙུམ་རང་བྱས་ནས་འཇམ་རྩུབ་དང་ངན་གཡོའི་བྱེད་ཐབས་སྣ་ཚོགས་ལ་བརྟེན་ནས་དེ་ལྟར་བྱས་ཚེ། ཅི་ཞིག་བྱེད་ཀྱི་ཡིན། དམག་རྒྱག་རྒྱུ་ཡིན་ནམ། སྐད་འབོད་དང་ཞུ་གཏུགས་རྒྱག་རྒྱུ་ཡིན། སྐད་འབོད་རྒྱག་ཆོག་ཆོག་ཅིག་ཡིན་པས་བརྒྱབ་ན་ལོས་འགྲིག་མོད་དེ། དེ་སུས་གོའམ། དེའི་ཕན་ནུས་གང་འདྲ་ཞིག་ཐོན་ཐུབ་བམ།
བོད་ལ་རང་བཙན་ཐོབ་པའི་ཉིན་ནས་བཟུང་སྟེ། བོད་འདི་དེ་སྔོན་ལྟར་ལུང་ཁུག་ནས་རང་གི་སྣང་བ་དག་སྟེ་མི་འདུག་པར་དེང་རབས་ཀྱི་ལམ་ཁར་ཅིས་ཀྱང་བསྐྱོད་དེ་རྒྱལ་ཁབ་འཛུགས་སྐྲུན་དང་ཡུལ་ལུང་ཡར་རྒྱས་ཀྱིས་མཚོན་པའི་མདོར་ན་དེང་རབས་བཟོ་ཞིང་ལས་དང་ཚན་རྩལ་སོགས་ཀྱི་སྒོ་ནས་རྒྱལ་ཁབ་གཞན་ཁག་གི་རྗེས་སུ་བསྙེག་ཨེ་ཐུབ་ལྟ་དགོས་ངེས་རེད། འོ་ན་དེ་རིང་གི་བོད་པ་ཚོའི་གནས་བབ་ལ་བལྟས་ནས་བཤད་ཚེ། བོད་པས་དེ་ཚོ་རང་རྐྱ་འཕེར་ངེས་ཐོབ་བྱེད་ཐུབ་བམ། མ་ཟད་དཔལ་འབྱོར་གལ་ཆེན་ཡིན་པས་དེ་ཡར་རྒྱས་ཀྱི་ཆེད་དུ་ཚོང་ལས་ཀྱང་ཞུགས་མ་ཐག་ནས་གལ་ཆེན་ཡིན་པས། དེ་ཚོ་ཁྱིིམ་མཚེས་རྒྱ་མི་དང་རྒྱ་གར་གྱིས་མཚོན་པའི་ཡུལ་གྲུ་ཁག་ལ་ཤིན་ཏུ་ལྟོས་དགོས་པ་མ་ཡིན་ནམ།
རྒྱ་དམར་གཞུང་གིས་བོད་ལ་རྒྱལ་ཁབ་གཞན་ཞིག་གི་ལྟ་སྟངས་ཐོག་ནས་བལྟས་ཀྱང་། རྒྱལ་ཁབ་གཉོམ་ཆུང་ཞིག་གི་ངོ་བོའི་ཐོག་ནས་བལྟ་རྒྱུ་ཡིན་པ་ནི་སྨོས་ཅི་ལ་དགོས། དེ་ལྟར་བྱས་ཏེ་ཚོང་འབྲེལ་བཀག་སྡོམ་གནོན་ཤུགས་སོགས་སྤྲད་ན། བོད་རྒྱལ་ཁབ་ལ་དཔལ་འབྱོར་དང་ཕྱི་འབྲེལ་སོགས་གང་ཅིའི་ཐད་ནས་རང་སྡུག་རང་གིས་ཉོས་པའི་སེལ་ཐབས་བྲལ་བའི་དཀའ་ངལ་མང་དག་འཕྲད་རྒྱུ་ཡིན་པས། དེ་དག་གི་ཚེ་སྐད་འབོད་བྱས་པ་དང་། རྒྱལ་གཅེས་སྐུ་གཤེགས་དཔལ་རྒོད་ཕོ་མོ་རྣམས་ལ་དགོངས་སེལ་རེ་ཞུས་པ་དང་། བོད་མི་མང་ལ་སེམས་ཤུགས་ཙམ་སྤར་ཐབས་བྱས་པས་ཕན་གང་ཞིག་འདོགས་ཐུབ་བམ།
གལ་ཏེ་ཁྱེད་ཀྱིས་གཞན་ལ་བརྗོད་པའི་སྐྱོན་དེ་རྣམས་ཚུར་རང་ལ་ཇི་ལྟར་བྱེད་ཀྱི་ཡིན། ཞེས་སྐད་ཆ་དྲིས་ཚེ་ཕར་ལ་འཕངས་པའི་སྐྱོན་རྣམས་རང་ལ་ལྡོག་ཚེ་ལན་གསལ་ཁ་གང་ཡང་མེད་པར་དེ་ནི་གནས་སྐབས་ལ་ལྟ་བཞིན་ལྟ་བཞིན་བྱེད་རྒྱུ་རེད་ཅེས་པ་ཙམ་སྨྲས་ཏེ། གཡོལ་ཐབས་དང་ཐ་ན་བསྙོན་ཚུན་ཆད་འདིངས་ཐབས་ལ་རེ་བསྡད་པ་ཡིན་ན། བདག་ཐེ་བའི་མི་རྣམས་ཀྱི་སེམས་ལ་དྭོགས་འཆར་ཇེ་མང་དང་། དྲི་བ་ཇེ་མང་རེད་ལགས།
དེ་ལྟར་དགག་ཕྱོགས་དང་སྒྲུབ་ཕྱོགས་རང་དང་གཞན་སོགས་ཕྱོགས་མང་པོ་ཞིག་ནས་བསམས་ཚེ། ལྟ་གྲུབ་ཀྱི་ཐོག་ནས་བོད་རང་བཙན་བརྩད་དེ་ཐོབ་ནའང་ལག་ལེན་ངོ་མའི་ཐོག་ནས་བལྟས་ཚེ། ཧ་ཅང་དཀའ་མོ་ཞིག་དང་འཕྲལ་ཕུགས་ཀུན་ནས་དྲིན་ཆུང་ཞིག་ཏུ་ཆགས་གྲབས་འདུག་སྙམ་པ་ནི་བདག་གི་རྣམ་རྟོག་གི་རིམ་ཙམ་སྟེ། གཅིག་བྱས་ན་བདག་ཁོ་ནའི་སེམས་ཁྲེལ་ཐོལ་བ་ཙམ་ཡིན་སྲིད།
དེས་ན་ལམ་དབུ་མ་ནི་ལྟ་གྲུབ་ཁོ་ནའི་ཐོག་ནས་ཐོག་ནས་སྐྱོན་མེད་པའི་ཡང་དག་པའི་ལྟ་གྲུབ་ཞིག་ཡིན་པ་ཙམ་ལ་ག་ཡིན་ཏེ། དོན་དངོས་དང་ལག་ལེན་ངོ་མའི་ཐོག་ནས་བོད་རང་ལ་འཚམས་པའི་ཆེས་མཐའ་མའི་ཐབས་ལམ་སྤྱང་གྲུང་དོད་ཤོས་དེ་དང་། འཕྲལ་ཕུགས་དང་རང་གཞན་ཀུན་ལ་ཞིབ་རྩིས་གཟབ་ནན་ཆེ་ཤོས་དང་བཀའ་དྲིན་ཆེ་ཤོས། རྒྱལ་སྤྱིའི་གནས་བབ་དང་འགྲོ་ཕྱོགས། ལྷག་པར་དུ་རྒྱ་ནག་གི་གནས་བབ། ཡང་སྒོས་སུ་བོད་ཀྱི་གནས་བབ། དེ་ཡང་མི་སྒེར་རེ་ཟུང་དང་མི་རབས་གཅིག་གཉིས་ཤིག དེ་བཞིན་དུ་ས་ཁུལ་འགའ་ཞིག་གི་ཁེ་ཕན་ཙམ་དང་གནད་དོན་ཙམ་མ་ཡིན་པར། བོད་གངས་ཅན་ལྗོངས་ཀྱི་སྣོད་བཅུད་ཐམས་ཅད་སྲུང་སྐྱོབ་དང་ཡུན་གནས་སྲ་བརྟན་ཡོང་བ་ལྟ་ཅི་སྨོས།
དེ་ཀུན་གྱི་སྙིང་པོར་གྱུར་པའི་བོད་ཀྱི་སྲིད་འབྱོར་རིག་གསུམ་སྲུང་སྐྱོབ་དར་སྤེལ། དེ་དག་ཀུན་གྱི་སྙིང་པོའི་ཡང་སྙིང་པོར་གྱུར་པ། ཕན་བདེ་མ་ལུས་པ་གང་ལས་འབྱུང་བའི་གནས་གཅིག་པུ། གསེར་གྱུ་ཡང་ཞུན་ལྟ་བུའི་རིས་སུ་མ་ཆད་པའི་བོད་བརྒྱུད་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་འདི་ཉིད་དང་། སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དང་འབྲེལ་བའི་བོད་ཀྱི་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རིག་གནས་ཀྱི་ཐོག་ནས་བོད་ཀྱི་སྣོད་བཅུད་ཙམ་མ་ཡིན་པར། ཁྱིམ་མཚེས་རྒྱལ་ཁབ་ཁག་ཐེ་བའི་འཛམ་གླིང་ཡོངས་སུ་རྫོགས་པར་ལེགས་སྐྱེས་དང་བདེ་སྐྱིད་བསྐྲུན་ཐུབ་པ་བྱས་ཏེ། སྒང་པ་བོད་པའི་རིན་ཐང་དང་མཁྱེན་བརྩེའི་ནུས་པས་འཛམ་གླིང་མི་མང་ལ་ཞབས་འདེགས་ཞུ་ཐུབ་རྒྱུ་དང་།
དེ་ལྟར་རིགས་པའི་རྒྱལ་པོ་རྟེན་ཅིང་འབྲེལ་བར་འབྱུང་བའི་དབུ་མའི་ཐབས་ལམ་ལ་བརྟེན་ནས་ཕྱི་ནང་གི་སྣོད་བཅུད་ཐམས་ཅད་སྒོ་ཐམས་ཅད་ནས་འཐུས་སྒོ་ཇེ་ཚང་དང་ཕུན་སུམ་ཇེ་ཚོགས་སུ་ཕྱིན་ཏེ། ཕུན་ཚོགས་སྡེ་བཞིའི་སྡེ་སྐྱིད་གསར་པའི་ཉི་མ་འཛམ་གླིང་གི་ཡང་རྩེ་བོད་གངས་ཅན་ལྗོངས་ནས་ཤར་ཐུབ་པ་ཡིན་ན། གནས་སྐབས་སུ་ལྷགས་པའི་ཆེས་ཡ་ང་ཞིག་ཡིད་སྐྱོ་ལ་ཐབས་རྡུགས་པའི་ད་ལྟའི་བོད་ཀྱི་གནས་བབ་མི་བཟོད་པའི་སྡུག་བསྔལ་འདི་བདེ་བླག་ཏུ་སེལ་ཐུབ་པ་ཙམ་མིན་པར། ཕྱོགས་གང་གི་ཆ་ནས་བསམ་བློ་གཟབ་མནན་དང་ཞིབ་ཚགས་བཏང་ཡང་། རང་གཞན་སེམས་ཅན་ཐམས་ཅད་ལ་འཕྲལ་ཕུགས་ཀུན་དུ་དགེ་བའི་ཐབས་ལམ་འདི་དང་དམིགས་ཡུལ་འདི་ལས་ལྷག་པ་ཞིག་སྲིད་པ་གསུམ་གྱི་ཁྱོན་ལ་ཉིན་མཚན་ཀུན་ཏུ་བཙལ་ཡང་རྙེད་མི་སྲིད་པའི་ཚོད་ཡིན་པ་འདི་རེད།
མཚམས་རེར་བདག་གི་སེམས་སུ་ཨ་ལ་ལ་ལ། འདི་འདྲ་བའི་ངོ་མཚར་ཆེ་ཞིང་གཟབ་མནན་ཆེ་ལ་རྣོ་ངར་ཅན། ཕྱོགས་གང་ཞིག་ནས་བསམས་ཀྱང་བསམ་བློ་དང་གྲ་སྒྲིག་ཞིབ་ཚགས་ཡོད་པ། རང་དང་གཞན་སུས་བལྟས་ཀྱང་ངོ་མཚར་དབང་མེད་དུ་སྐྱེ་བ། ཐོག་མཐའ་བར་གསུམ་དུ་བདེ་ཞིང་ལེགས་པ། ཆེས་མཐའ་མཇུག་གི་ཐབས་ལམ་གཅིག་པུར་གྱུར་པ་འདི་འདྲ་ཞིག་༸རྒྱལ་བ་རིན་པོ་ཆེ་ཁོ་ན་མ་གཏོགས་སུ་ཞིག་གི་དགོངས་པར་ཤོང་ཐུབ་བམ་སྙམ་པའི་ཡ་མཚན་ཡང་ཡང་སྐྱེས།
ཡིན་ནའང་མང་གཙོའི་སྤྱི་ཚོགས་ནང་རང་ཉིད་དམ་རྒྱལ་ཁབ་ཞིག་གི་གནས་སྐབས་དང་མཐར་ཐུག་གི་མངོན་འདོད་གང་ཞིག་བསྒྲུབ་པའི་ཕྱིར་དུ། དེ་ལ་རྒྱུ་རྐྱེན་དུ་མ་ཡོད་དགོས་པ་ནི་སྨོས་མེད་ཅིག་རེད། རྒྱུ་རྐྱེན་དེ་ཡང་འདྲེ་ཤར་སྒོར་བཞག་སྟེ་གླུད་ནུབ་སྒོར་གཏོང་བའམ། འོ་མ་བཞོ་བར་འདོད་ནས་རྭ་ལ་འཐེན་པ་ལྟར་མ་ཡིན་པར། འབྲས་བུ་མངོན་འདོད་དེ་དང་མཐུན་པ་ཞིག་དགོས་པ་ནི། རང་ཉིད་ཀྱིས་འདོད་མིན་ཙམ་དང་འཐད་པ་ཡོད་མིན་ཙམ་གྱི་གནད་དོན་མིན་པར། དངོས་པོའི་གཤིས་དང་འོས་མི་འོས་ཀྱི་གནད་དོན་ཞིག་དང་། འོས་མི་འོས་ཙམ་གྱི་གནད་དོན་ཙམ་ཡང་མིན་པར། དེ་དང་མཐུན་མི་མཐུན་དང་། རན་པོ་ཡོད་མེད་ཀྱི་གནད་དོན་གལ་ཆེན་ཞིག་རེད། འདི་ལ་བསམ་ཞིབ་གཟབ་མནན་བྱ་རྒྱུ་དེ་ནི་ཧ་ཅང་གི་གལ་ཆེ་བའི་གནད་དོན་ཅིག་ཡིན་ཏེ། གཞན་དུ་ན་འདོད་པའི་འབྲས་བུ་འཐོབ་རྒྱུའི་ཚབ་ཏུ་ལྡོག་ཕྱོགས་ནས་མི་འདོད་པའི་འབྲས་བུ་ཐོག་ཏུ་འབབ་རྒྱུ་ཡིན་པ་ནི་གཡོལ་ཐབས་མེད་པ་དང་བཟློག་ཐབས་བྲལ་བའི་གནད་དོན་ཞིག་ཡིན་པས་རེད།
དེ་ལྟར་སྐྱེས་བུ་སྒེར་དང་རྒྱལ་ཁབ་གང་ཞིག་ཡིན་ཀྱང་འཕྲལ་དང་ཕུགས་ཀྱི་མངོན་འདོད་དམ་བསྒྲུབ་བྱ་གང་ཞིག་ཡིན་མིན། འབྲས་བུ་དེ་ཡང་འདོད་པ་ཙམ་ལ་མ་བཞག་པར་རྒྱུ་གང་འདྲ་ཞིག་དགོས་ཀྱི་ཡོད་མེད། རྒྱུ་དེ་ཡང་རྒྱུ་ཙམ་གྱིས་མི་ཕན་པར་ཆ་ཚང་ཞིང་ཕུན་སུམ་ཚོགས་པའི་རྒྱུ་ཞིག་འཛོམས་ཚེ་གཞི་ནས་འབྲས་བུ་འདོད་དོན་དེ་འགྲུབ་ཐུབ་པར་མཐོང་ནས། ཐབས་ལ་བརྩོན་པ་ཞིག་དགོས་ལ། དེ་ལྟར་ལུང་རིགས་དུ་མས་ཐག་བཅད་ཅིང་དམ་བཅས་པའི་དོན་དེ་འདྲ་ཞིག་ལ་ལྟ་གྲུབ་ཅེས་ཟེར་བ་ཤེས་གལ་ཧ་ཅང་ཆེ། གཞན་དུ་ན་ཁྱེད་ལ་ཆབ་སྲིད་ཀྱི་ལྟ་གྲུབ་ཐད་ནས་རང་ཚུགས་ཤིག་མེད་པ་ཆགས་པ་མ་ཟད། མི་ཞིག་ཡིན་པའི་ངོས་ནས་བལྟས་ཀྱང་རང་ཚུགས་མེད་པའི་རི་མགོའི་དར་ལྕོགས་བཞིན་ཆགས་པ་རེད།
མང་གཙོའི་སྤྱི་ཚོགས་ནང་རང་ཉིད་ཀྱི་ལྟ་གྲུབ་གང་ཞིག་བསྟེན་མིན་ནི་རང་དབང་དང་རང་མོས་ཡིན་པ་ནི་བརྗོད་མི་དགོས་པ་ཞིག་རེད། ཡིན་ནའང་རང་ཉིད་ལྟ་གྲུབ་གང་ཞིག་ལ་མོས་པ་དང་དགའ་བོ་ཡོད་པའི་རྒྱུ་མཚན་གྱིས་ལྟ་གྲུབ་དེ་ལ་ཞེན་ཆགས་བྱས་ན་རང་ཉིད་མ་དྲང་བ་ཆགས་པ་མ་ཟད། དེ་ལ་ཞེན་ཆགས་དྲག་པོ་བྱས་ན་ནི་དེ་ལས་ཀྱང་སྡུག་ག་ཆགས་པ་རེད།
དེ་ལས་ཀྱང་ཐབས་རྡུགས་པ་ཞིག་ནི། ལྟ་གྲུབ་དང་དམིགས་ཡུལ་མི་འདྲ་བ་ཡོད་པ་ཙམ་རྒྱུ་མཚན་དུ་བྱས་ཏེ། རང་ཉིད་དང་ལྟ་གྲུབ་མ་འདྲ་བ་ཡོད་པའི་མི་རྣམས་དང་ཆབ་སྲིད་ཀྱི་གཡུལ་འགྱེད་བྱེད་པ་ནི། གནས་བབ་འདི་འདྲ་ཞིག་ཏུ་གྱར་བའི་རང་རེ་བོད་པ་རྣམས་ལ་ནི། རང་ཅག་གི་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་གྱི་གོང་བུའི་ནུས་པ་ལ་སྟོར་བཤིག་བཏང་བ་ཙམ་དུ་མ་ཟད་ཀྱི། དགྲ་དགའ་གཉེན་སྡུག་གི་ལས་ཀ་སྐྱུགས་བྲོ་བོ་ཞིག་རེད། དེར་བརྟེན་ཡུལ་དུས་གནས་སྐབས་དང་འཚམས་མིན་དེ་ཡང་གལ་འགངས་ཧ་ཅང་ཆེ་བའི་བདེན་དོན་གཞན་ཞིག་རེད། ལར་ནས་ཆབ་སྲིད་འགྲན་རྩོད་བྱེད་ས་དང་བདེན་པ་བརྡར་ས་དེ་ནི་རྒྱ་དམར་ཡིན་པ་ལས། བོད་རིགས་ནང་ཁུལ་ཨེ་ཡིན།
དཔེར་ན། ཉེ་ཆར་༢༠༡༦ ལོའི་སྲིད་སྐྱོང་འོས་མིར་བཞེངས་མཁན་བོད་དོན་འཐབ་རྩོད་པ་ཆབ་སྲིད་བཙོན་ཟུར་སྐུ་ཞབས་ཀླུ་མཁར་བྱམས་ལགས་ཀྱིས། བསྐོར་སྐྱོད་གཏམ་བཤད་ཚང་མ་དྲྭ་རྒྱའི་ཆ་རྐྱེན་ཞན་སྟབས་སློབ་སྦྱོང་བྱེད་རྒྱུའི་གོ་སྐབས་མ་བྱུང་ཡང་། གཞན་གྱིས་ལུང་འདྲེན་བྱས་པའི་སྐད་ཆ་འགའ་འདིར་འགོད་རྒྱུ་ཡིན་ཞིང་། གལ་ཏེ་ངས་འདི་ལྟར་བཤད་མེད་ཅེས་གསུང་རྒྱུ་ཡོད་ཚེ་འཕྲལ་དུ་གསལ་བཤད་གནང་རོགས་ཞུ། ཡིག་འཁྱར་ལ་བརྩིས་ཏེ་དེ་མེད་པ་བཟོས་ཆོག
“ཞིབ་ཏུ་༼མེ་ཕྲེང་༽ལས་ཤེས་པར་འཚལ། ༡ ཨ་ཚོགས་ཀླུ་མཁར་བྱམས་ཀྱིས་ ༼དེ་རིང་གི་ལའི་བླ་མ་དད་རྟེན་ཙམ་ལས་སང་ཉིན་གྱི་རེ་བ་རྒྱག་ས་མིན་༽ ཞེས་དང་། ༼བླ་རྒན་ལ་བགྲེས་ཡོལ་གྱི་ལམ་ཁ་ཞིག་མེད་པ་གསལ་བོ་རེད།༽ཅེས་དང་།
༢ ཡང་ཁོས་༼ཨ་རིའི་གྲོས་ཚོགས་ཀྱིས་དབུ་མའི་ལམ་གྱི་སྲིད་བྱུས་ལ་གསེར་གྱི་གཟེངས་རྟགས་དེ་ཕུལ་བ་ཡིན་ན་རྟགས་མ་དེ་འདྲ་ཞིག་ང་ལ་སྤྲད་པའི་དབང་དུ་བཏང་ཡང་གཏན་ནས་ལེན་མི་སྲིད་༽ཅེས་བཤད།
༣ ཡང་ཀླུ་མཁར་གྱིས་ཕྱི་ལོ་༢༠༡༠ ཟླ་༦ ཚེས་༡༡ ཉིན་དུས་བབ་དྲ་ཚིགས་སུ་སྤེལ་བའི་ཉི་མའི་སྲིབ་འཁྱག་གླེང་བ་ཞེས་པའི་ནང་། ༼༧གོང་ས་མཆོག་གཙོས་ས་ཡི་སེམས་དཔའ་རྣམ་པས་ཐོག་མར་རང་ཉིད་ལྷ་མིན་པ་ཁ་གསལ་གཏིང་གསལ་བྱ་རྒྱུའི་མཚོན། གཞན་གྱི་ཕྲུ་གུ་འཁོས་ཞན་ཚོར་གན་ཚང་གི་ཡང་སྲིད་དང། འདི་ཚང་གི་སྐྱེས་སྤྲུལ་ལ་ཐུགས་དམ་རྩེ་མཐུན་བྱུང་རབས་ཀྱི་ལྷ་སྒྲུང་བཟོ་ཚུལ་ལ་བལྟས་ཚེ། ༧གོང་ས་མཆོག་གིས་སྐབས་རེར་རང་ཉིད་ལྷ་ཡིན་ཁུལ་དང་མཚམས་རེར་མི་ཡིན་ཁུལ་བྱེད་ཀྱིན་ཡོད་བཟོ་འདུག༽
༤ ཕྱི་ལོ་༢༠༠༨ ཟླ་༦ ཚེས་༣༠ ཉིན་སྤེལ་བའི་དུས་བབ་དྲ་ངོས་སུ་ཡང་ཁོས། ༼རྒྱ་གཞུང་གིས་སྤེལ་བའི་རྒྱལ་གཅེས་ཆོས་གཅེས་ཀྱི་ལས་འགུལ་དང་ཤུགས་ལྡན་ནམ་རྒྱལ་འགོང་དམ་བསྒྲགས་ཀྱི་ལས་འགུལ་འདི་གཉིས་ཀྱི་ལོག་སྤྱོད་རང་བཞིན་ལ་ཧེ་བག་སྤུ་ཙམ་མེད་༽ཅེས་བཤད།
༥ ཡང་ཁོ་པས། ༼ཆབ་སྲིད་དང་ཆོས་ལུགས་ཀྱི་དགོས་མཁོ་སྦྲེལ་མའི་ཁ་རྩ་ནས །རྒྱལ་བ་སྐུ་ཕྲེང་བཅུ་བཞི་བས་ཀྱང་ཤུགས་ལྡན་བསྟེན་མཚམས་མི་འཇོག་ཀ་མེད་ཆགས་༽ཅེས་དང་།
༦ ཡང་ཁོས་༼གནས་ཆུང་དང། དཔལ་ལྡན་ལྷ་མོ་གཉིས་ཨབ་སྲས་འཁྱམས་པོར་སྔོན་ནས་འཆམས་པོ་མེད་གཤིས། ༧གོང་ས་མཆོག་གིས་ཁོང་གཉིས་དཔང་པོར་བཞག་ནས་ཟན་བསྒྲིལ་གནང་བ་སོགས་གནང་ན་འདུམ་ཐབས་འདི་འགོ་ནས་འཁྱོག་སོང་ཙང། བྱེད་ཐབས་དེ་འདྲས་རྟོགས་མཐོན་ཚོར་གོ་རྒྱུ་ཞིག་སྟེར་ན་མ་གཏོགས་ཨ་ཕོ་ལུག་རྫིས་འདུམ་དཔང་དེའི་གྲས་ནས་ཁས་ལེན་གྱི་མ་རེད།༽ ཅེས་བཤད། སོགས་མང་བ་མ་ཟད་ད་ལོ་གྱ་སྟོན་སྐོར་ལ་བྲིས་པའི་རྩོམ་ཉོག་དེ་ལས་ཀྱང་ཧ་ཅང་མང་པོ་རེད།”
མང་གཙོའི་སྤྱི་ཚོགས་ནང་སྨྲ་བརྗོད་རང་དབང་ཡོད་པ་ནི་སྨོས་ཅི་ལ་དགོས། འོན་ཀྱང་སྨྲ་བརྗོད་རང་དབང་ཟེར་བ་དེ་ལ་ཡང་རྒྱུ་མཚན་དང་གནས་ལུགས། ཁྲིམས་མཐུན་བཅས་ཡོད་དགོས་པ་ཡང་འགྲོ་བ་མིའི་ཐོབ་ཐང་ཡོངས་ཁྱབ་གསལ་བསྒྲགས་སུ་ཧ་ཅང་གསལ་བས། རྒྱུ་མཚན་དང་གནས་ལུགས་གང་ཡང་མེད་པར་འདོད་རྒྱལ་ལམ་བྱུང་རྒྱལ་དུ་མི་ལ་སྐྱོན་བརྗོད་བྱས་ཏེ་ནག་པོ་བཟོ་ཐབས་བྱས་ན་ཁྲིམས་འགལ་ཆེན་པོ་ཞིག་ཡིན་པ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཡོངས་ཁྱབ་གསལ་བསྒྲགས་ཀྱི་ཚངས་ཐིག་ལ་ཐུག་ཡོད།
“སྐྱོན་ཡོད་མེད་ལ་མ་ལྟོས་པར་སྐྱོན་བརྗོད་ཆོག་གི་རེད་མ་རེད།” ཅེས་ཀྱང་ཟེར་མི་ནུས་ཏེ། སྐྱོན་ཞིག་ཡོད་ན་བརྗོད་ཀྱང་ལོས་ཆོག་མོད་དེ། སྐྱོན་མེད་ན་ནི་ད་དུང་སྐྱོན་ཡོད་མེད་ལ་མ་ལྟོས་པར་སྐྱོན་བརྗོད་ཆོག་གི་རེད་མ་རེད་ཅེས་ཐོབ་ཐང་བརྩོད་པ་ནི། བླ་བརྡོལ་དང་སྨྱོ་བཤད་ཙམ་དུ་ཟད་པའི་ཕྱིར་རོ།།
༡ ༸གོང་ས་མཆོག་ནི་དེ་རིང་གི་བོད་མི་རེ་ཟུང་ཕུད་པའི་བོད་ནང་གཙོ་བོར་གྱུར་པའི་འཛམ་གླིང་གང་སར་བཞུགས་པའི་བོད་རྣམས་ཀྱི་དད་རྟེན་གཙོ་བོ་དེ་དང་རེ་བ་རྒྱག་ས་གཙོ་བོ་དེ་ཡིན་པ་མ་ཟད། སང་ཉིན་གྱི་དད་རྟེན་དང་རེ་བ་རྒྱག་ཡུལ་གཙོ་བོ་དེ་ཡིན་པ་དེ་རིང་གི་མིག་མཐོང་ལག་ཟིན་གྱི་རྒྱུ་མཚན་འདིས་འགྲུབ། དེ་རིང་དང་སང་ཉིན་གྱི་བོད་མི་ཙམ་མ་ཟད་དེ་རིང་དང་སང་ཉིན་གྱི་འཛམ་གླིང་གི་མི་མང་པོ་ཞིག་གི་དད་རྟེན་དང་རེ་བ་རྒྱག་ས་གཙོ་བོ་དེ་ཡིན་པ་ནི། ཉི་ཤར་སྤར་མོས་འགེབས་ཐབས་བྲལ་བའི་དེ་རིང་གི་བདེན་དོན་མངོན་སུམ་ཚད་མས་གྲུབ་པ་འདི་རེད།
༢ ༸གོང་ས་མཆོག་ནི་དུས་མཁྱེན་པ་ཡིན་པས། ༸གོང་ས་མཆོག་གིས་མི་ལོ་དུ་མའི་སྔོན་ནས་འཆར་གཞི་དང་དམིགས་ཡུལ་སྒྲིག་འཛུགས་བཅས་ཡོད་པའི་ལོ་མང་རིང་གི་དཀའ་སྤྱད་ཁུར་དུ་བཞེས་ཏེ། རིམ་གྱིས་བོད་པ་རྣམས་གོག་ཤེས་པ་ནས་ནུར་ཤེས་པ། ནུར་ཤེས་པ་ནས་ཡར་ལངས་ཤེས་པ། ཡར་ལངས་ཤེས་པ་ནས་འགྲོ་ཤེས་པ། འགྲོ་ཤེས་པ་ནས་ཡག་པོ་ཞིག་འགྲོ་ཤེས་པ་བཅས་ཀྱི་བར་གཉོར་སྐྱོང་བྱས་ཏེ། དུས་ལ་བསླེབས་སྐབས་རིམ་གྱིས་ཕྱེད་བགྲེས་ཡོལ་ནས་བརྩམས་ཏེ་བགྲེས་ཡོལ་ཆ་ཚང་ཞུས་ཟིན་པ་མ་ཟད། མི་ལོ་སུམ་བརྒྱ་ལྷག་གི་ལོ་རྒྱུས་ཡོད་པའི་གཞུང་ས་དགའ་ལྡན་ཕོ་བྲང་ཡང་མཇུག་ཡོངས་སུ་བསྡུས་སོང་བ་འདི། བོད་མི་ཙམ་མ་ཟད་དོ་སྣང་ཡོད་མཁན་གྱི་འཛམ་གླིང་མི་མང་ཚོས་ཀྱང་གསལ་བོར་ཤེས་ཀྱི་རེད།
དེས་ན་ད་དུང་༸གོང་ས་མཆོག་ལ་བགྲེས་ཡོལ་གྱི་ལམ་ཁ་ཞིག་མེད་པ་གསལ་བོ་རེད་ཅེས་ཚིག་ངན་སྨྲ་ནུས་སམ། དོན་དངོས་ཐོག་༸གོང་ས་མཆོག་གིས་”ང་ལ་འགྲོ་བ་མིའི་ཐོབ་ཐང་ཡོད་པ་རེད་མ་རེད། སྤྱི་འགྲེ་སྤྱི་མཚུངས་ལྟར་ལོ་ཡར་བསླེབས་སྐབས་བགྲེས་ཡོལ་གྱི་ཐོང་ཐང་ཡོད་པ་རེད་མ་རེད།” ཅེས་ཡང་ཡང་བཀའ་བསྩལ་པ་ང་གཅིག་པུ་མིན་པར་བསམ་ཡོད་ཀྱི་མི་ཚང་མས་གོ་ཡོད་ཤག་རེད།
༣ ཨ་རིའི་གྲོས་ཚོགས་ཀྱིས་༸གོང་ས་མཆོག་ལ་གསེར་གྱི་གཟེངས་རྟགས་གནང་བ་ནི། འགྲན་ཟླ་བྲལ་བའི་༸གོང་ས་མཆོག་གི་མཁྱེན་བརྩེ་ནུས་གསུམ་སྐུ་གསུང་ཐུགས་ཀྱི་མཛད་པ་འཕྲིན་ལས་དང་བཅས་པའི་ཡོན་ཏན་དང་རིན་ཐང་ལ་ངོས་འཛིན་དང་བསྔགས་བརྗོད་བསྟོད་བཀུར་གསལ་བོ་གནང་བ་ཞིག་ཡིན་པས། དེ་ཁྱེད་ཀྱིས་ལེན་ཅི་ལ་ཤེས། དཔེར་ན་ཉི་མའི་ཡོན་ཏན་གྱིས་ཡིད་རབ་ཏུ་ཕྲོགས་ཏེ་མི་རྣམས་ཀྱིས་ཉི་མ་ལ་བསྟོད་བསྔག་བྱེད་པ་དེ། ཉི་མ་ལ་འགྲན་ཟླ་བྱེད་བཞིན་པའི་སྲིན་བུ་མེ་འཁྱེར་གྱིས་ཡོན་ཏན་དེ་རྣམས་དང་ལེན་ཅི་ལ་བྱེད་ཐུབ་སྟེ། སྲིན་བུ་མེ་འཁྱེར་ལ་ཉི་མའི་ཡོན་ཏན་དེ་རྣམས་མེད་པའི་ཕྱིར་རོ།།
༤ རྒྱ་གཞུང་གིས་སྤེལ་བའི་རྒྱལ་གཅེས་ཆོས་གཅེས་ཀྱི་ལས་འགུལ་དང་དོལ་ཚོགས་ལ་བཀག་སྡོམ་བྱེད་པ་གཉིས་ལོག་སྤྱོད་ཡིན་པ་ཅི་ལ་མཚུངས། རྒྱ་གཞུང་གིས་ནི་བོད་མི་རིགས་དང་བོད་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་ཆོས་དང་རིག་གཞུང་རྩ་བ་ནས་སྟོར་འདོད་པའམ་བསྒྱུར་འདོད་ནས་དེ་འདྲ་བྱེད་པ་གང་ཞིག དོལ་ཚོགས་ལ་དམ་བསྒྲགས་བྱེད་པ་ནི་དེ་འདྲ་མ་ཡིན་པར། དེ་ལས་ལྡོག་སྟེ་དཔལ་ན་ལེན་དྲའི་ཆོས་བརྒྱུད་བོད་བརྒྱུད་ནང་བསྟན་ལ་དག་ཐེར་གནང་སྟེ་སྲུང་སྐྱོབ་ཀྱི་ཆེད་འབའ་ཞིག་ཡིན་པའི་ཕྱིར་རོ།།
དེས་ན་ཕྱི་མ་འདི་ལོག་སྤྱོད་ཡིན་རྒྱུ་ཕར་ཞོག འདི་གཅིག་པུའི་བཀའ་དྲིན་ལ་བསམས་ཀྱང་བོད་མི་རིགས་ཀྱི་བདེ་སྡུག་དང་། བོད་བརྒྱུད་ནང་བསྟན་ལ་བཀའ་དྲིན་གཞལ་ཐབས་བྲལ་བ་ཞིག་ཅི་ལ་མིན། ཆོས་ལ་ཆོས་ཀྱི་འགྲོ་སྟངས་ཁྲིམས་ལ་ཁྲིམས་ཀྱི་འགྲོ་སྟངས་ཡོད་པས། ལུགས་གཉིས་སོ་སོར་ཕྱེ་ན་མཁས་པ་ཡིན་པ་ལས། གཅིག་གིས་གཅིག་ལ་རྒྱས་འགེབ་བྱེད་པ་དང་། ཡང་ན་ཡོད་ཚད་ལྟ་སྟངས་གཅིག་གིས་རལ་གྲི་གནམ་གཡུག་དང་བརྒྱ་ཁ་གཅིག་ཆོད། རང་སྣང་གང་དྲན་བྱེད་བཞིན་ཐག་གཅོད་བྱས་ན། ངས་ཁྱེད་རང་གཞོན་སྐྱེས་དཔྱོད་ལྡན་དྲང་ཚུགས་ཅན་ཞིག་ཏུ་མི་མཐོང་ངོ་།།
༥ ཆབ་སྲིད་དང་ཆོས་ལུགས་ཀྱི་ཁ་རྩ་ནས་དོལ་རྒྱལ་བསྟེན་མཚམས་མི་འཇོག་ཀ་མེད་བྱུང་། ཞེས་ཟེར་མོད། ཆབ་སྲིད་དང་ཆོས་ལུགས་ཀྱི་ཁ་རྩ་གང་འདྲ་ཞིག་ལ་ཐུག་མིན་རེ་རེ་བྱས་ནས་གསུང་རྒྱུ་ཨེ་ཡོད། ཡོད་ན་གང་འདྲ་ཞིག་ཡིན། ཆོས་དང་ཆབ་སྲིད་ཀྱི་སློབ་སྦྱོང་དང་ལག་ལེན་ཚད་ལོངས་པ་མེད་པའི་ཆབ་སྲིད་པ་དང་ཆོས་ལུགས་པ་རེ་འགས། དོན་འདི་ཉིད་ཆབ་སྲིད་དང་ཆོས་ལ་ཁ་གཡར་ཏེ་༸གོང་ས་མཆོག་ལ་ངན་ཁག་དཀྲི་འདོད་དང་སྐྱོན་བརྗོད་བྱེད་ཐབས་བྱས་མོད། གནད་དོན་འདི་ཆབ་སྲིད་དང་ཆོས་ལུགས་ཀྱི་ཁ་རྩ་ནས་གནས་བཟོད་ཐུབ་མིན་ཙམ་མིན་པར། གནད་དོན་འདི་ཆེས་རྙོག་འཛིངས་ཅན་ཞིག་ཡིན་པ་འདིའི་ཐད་༸གོང་ས་མཆོག་གིས་ལོ་རྒྱུས་རབ་དང་རིམ་པ་དང་བརྟག་དཔྱད་རིམ་པ་བྱས་ནས། ཐག་གཅོད་དེ་འདྲ་གནང་བ་ཡིན་པ་གཅིག་དང་གཉིས་བྱས་ནས་ཡིག་ཆ་ཁག་ཡོངས་གྲགས་སུ་མཐོང་རྒྱུ་ཡོད་པ་འདི་རེད་ལགས།
༦ གནས་ཆུང་དང་དཔལ་ལྡན་ལྷ་མོ་གཉིས་སྔོན་ནས་ཨ་སྲས་འཁྱམས་པོར་འཆམ་གྱི་མེད་པ་ཁྱེད་རང་གིས་ཤེས་ཀྱི་ཡོད་ན། ཟན་རྟགས་བསྒྲིལ་ཏེ་ཐག་གཅོད་བྱེད་པའི་འདུམ་དཔང་དེ་འདྲ་ཨ་ཕོ་ལུག་རྫིས་ཁས་ལེན་མི་བྱེད་པའི་གནད་དོན་གང་ལ་ཐུག་ལགས། དེ་ལས་ལོ་རྒྱུས་ཉག་གེ་ཉོག་གེ་དེ་འདྲ་ལ་ཡིད་ཆེས་རྩ་བ་ནས་མེད་ཅེས་བཤད་ན་ཏག་ཏག་རེད། མ་བབས་ཤིང་མི་ཐུབ་པའི་གནད་དོན་དེ་འདྲ་ལ་ཐེ་བྱུས་བྱེད་བཞིན་༸གོང་ས་མཆོག་ལ་རྒོལ་བ་ནི། ཁྱེད་རང་སྨྱོས་པ་མིན་ན་ཁོག་ལ་སྒོར་མོ་མང་པོའི་གདོན་འདྲེ་འཛུལ་ཡོད་པ་མངོན་གསལ་རེད། དེ་མིན་ན་གཡོ་སྒྱུ་ཅན་གྱི་མི་རེ་འགས་ཁྱེད་ལ་ཕུ་བརྒྱབ་སྟེ་བར་སྣང་ཁམས་ལ་འགྱོགས་བཞིན། རྩེད་ཆས་བྱེད་པ་དང་ལག་སྣེར་གཡུག་གི་ཡོད་པ་ནི་གདོན་མི་ཟ་བ་ཞིག་ཡིན་པས། རིགས་བཟང་གི་ཕོ་རྒོད་ལགས། རང་ཚུགས་རེ་དང་དྲང་ཚུགས་རེ་མེད་ན། ས་འོག་དར་འཐག་གི་གྱ་གྱུ་དང་ངན་གཡོས་གང་བའི་དེ་རིང་གི་སྤྱི་ཚོགས་འདིར། རང་ཉིད་མི་བརྟན་པོ་དང་དྲང་མོ་ཞིག་ཡིན་ཞེས་བཤད་རྒྱུ་དཀའ་མོ་ཞིག་རེད་ལགས།
ད་དུང་ཉེ་སྔོན་ཁྱེད་ཀྱིས་གཏམ་བཤད་གནང་སྐབས་བོད་ནང་ཁྱེད་ཀྱི་ཕ་ཡུལ་ཕྱོགས་ན་བོད་མི་མང་པོ་ཞིག་གིས། རི་མགོར་དར་ལྕོག་འཛུགས་པ་དང་། བསང་ཕུད་པ་སོགས་བྱས་ཏེ། རྒྱབ་སྐྱོར་མང་པོ་ཡོད་རབས་དང་། ཁྱེད་དང་ལྟ་གྲུབ་གཅིག་པའི་སྤུན་ཟླ་མང་དག་ཅིག་གི་རེ་བ་དང་ཚབ་ཡིན་རབས་གསུངས་སོང་། ཕ་ཡུལ་ན་ཡོད་པའི་བོད་མི་མང་ཆེ་བས་༸རྒྱལ་བ་རིན་པོ་ཆེ་མཆོག་བོད་ལ་ཕེབ་འཇུག་དགོས་པ་དང་། ༸རྒྱལ་བ་རིན་པོ་ཆེ་མཆོག་གི་ཞལ་མཇལ་ཞིང་གསུང་ལ་ཉན་འདོད་སྐོམ་པ་ཆུ་ལ་རེ་བ་ཏག་ཏག་རེད། མ་ཟད་ད་བར་རྒྱལ་གཅེས་སྐུ་གཤེགས་དཔའ་རྒོད་ཕོ་མོ་བརྒྱ་ལྷག་གིས་སྲོག་བློས་བཏང་སྟེ། ཁོང་༸རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབ་འཇུག་དགོས་པ་དེ་རེད། ཁོང་ཚོ་ཕལ་ཆེ་བའི་རེ་བ་དེ་ནི་༸རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབ་པ་དང་། ཞལ་མཇལ་གསུང་ཐོས་ཡོང་བ་དེ་རེད། ད་དུང་རྒྱ་རིགས་མང་པོའི་རེ་བའང་དེ་རེད།
ང་ཚོས་ངེས་པར་དུ་སློབ་སྦྱོང་བྱེད་འོས་པ་ཞིག་ནི། དེ་སྔོན་རྒྱ་གར་གྱི་རང་བཙན་རྩོད་སྐབས་འཐབ་རྩོད་པ་སོ་སོའི་དབར་ཐབས་ལམ་གང་ཞིག་བསྟེན་མིན་ཐད་འདོད་ཚུལ་སྣ་ཚོགས་ཡོད་ཀྱང་། འཐབ་རྩོད་ཀྱི་མདེའུ་ནང་ཁུལ་ལ་སྐོར་གྱི་མེད་པ་དེ་རེད། མ་ཟད་བོད་ནང་དམར་ཕྱོགས་ཀྱི་རིག་གཞུང་གིས་བསྐྱེད་ཅིང་། བོད་ལ་བཅིངས་གྲོལ་དང་བཅོས་སྒྱུར་བྱེད་དགོས་པར་འདོད་པའི་བོད་ཀྱི་གཞོན་སྐྱེས་དུ་མས་ཀྱང་༸རྒྱལ་བ་རིན་པོ་ཆེ་མཆོག་ལ་དངོས་ཤུགས་བརྒྱུད་གསུམ་ནས་ཚིག་ཟུར་ཙམ་གྱི་ངན་སྨྲས་དང་སྐྱོན་བརྗོད་བྱས་མེད་པ་ནི། ཁོང་ཚོས་༸བོད་མི་རིགས་ཀྱི་ལ་རྒྱ་ལ་བསམས་པ་མིན་ན། ཁོང་ཚོས་༸རྒྱལ་བ་རིན་པོ་ཆེ་མཆོག་གིས་ད་བར་དུ་སྐུ་ཚེ་ཧྲིལ་པོ་བོད་མིི་རིགས་ཀྱི་རིག་གཞུང་སྲུང་སྐྱོབ་དར་སྤེལ་དང་། བོད་མི་རིགས་ཆགས་འཇིག་གི་མཚམས་ལས་སྐྱོབ་མཁན་དྲིན་ཆེན་བཀའ་དྲིན་གསལ་ཐབས་བྲལ་བ་གཅིག་པུ་དེ་ཡིན་པ་ཤེས་པའི་རྒྱུ་མཚན་གྱིས་ཡིན་པ་ལོས་ཡིན།
ད་དུང་ཁོང་ཚོས་བོད་དང་བོད་ཀྱི་རིག་གཞུང་བོད་མི་འདི་འཛམ་གླིང་གི་ནང་ན། མགོ་བོ་བཀྱག་ཆོག་པའི་རེ་བ་དང་ནུས་པ་དེ་ཡང་ཁོང་འབའ་ཞིག་གི་བཀའ་དྲིན་ཡིན་པ་ཤེས་པས་རེད། དེས་ན་ང་ཚོ་རང་དབང་ལུང་པའི་ནང་ཡོད་མཁན་དག་གིས་ནི་དེ་བས་ཀྱང་༸རྒྱལ་བ་རིན་པོ་ཆེ་མཆོག་གི་དྲང་པོ་གནང་གི་ཡོད་མེད་དང་། ག་རེ་གསུང་གི་ཡོད་མེད། གང་ཞིག་གནང་གི་ཡོད་མེད་གསལ་བོར་ཤེས་ཀྱི་ཡོད་སྟབས། བཀའ་དྲིན་ལ་བསམ་ཤེས་དང་ལ་རྒྱ་ཟེར་བ་དེ་ཚོ་མེད་པའི་དབང་དུ་བཏང་ཡང་། གལ་ཏེ་སྐྱོན་ཞིག་བརྗོད་རྒྱུ་ཡོད་པའི་དབང་དུ་བཏང་ཡང་རྒྱ་དམར་ལྟར་ཧམ་པ་དང་རྫུན་བཤད་ཁོ་ན་མིན་པ་མ་ཟད་མིས་ཅི་ཟེར་གྱི་ཁ་ལ་ཡང་མི་ཉན་པར་རང་ཚུགས་ཡོད་པའི་སྒོ་ནས་སྐྱོན་བརྗོད་བྱེད་དགོས་ལ། སྐྱོན་བརྗོད་དང་ངན་སྨྲས་ཤིག་བྱེད་ནའང་གཞི་ལ་ཡོད་པ་ཞིག་དང་དྲང་མོ་ཞིག་ཚད་ལ་རན་པ་ཞིག་བྱེད་རོགས་ཞེས་སྙན་སྐུལ་ལོ།།
ད་དུང་འདིའི་རིགས་མང་པོ་ཡོད་ཚོད་རེད་དེ། རེ་རེ་བྱས་ནས་མཁོ་སྒྲུབ་བྱས་མེད་ལ་ཁོམ་པ་ཡང་མི་འདུག་པས་བཞག་གོ གལ་ཏེ་བོད་ཀྱི་སྤྱི་ཚོགས་ནང་ན་བོད་མི་དྲང་པོ་རེ་ཡོད་ཚེ་ཁ་གྲགས་ཏེ་དྲང་གཏམ་རེ་བཤད་རོགས། གང་ཡིན་ཟེར་ན། བདག་༡༩༩༨ ལོར་རྒྱ་གར་ལ་སྐྱབས་བཅོལ་དུ་འབྱོར་བ་ནས་བཟུང་སྟེ། ད་བར་༸རྒྱལ་བ་རིན་པོ་ཆེ་མཆོག་གིས་སྔ་ཕྱི་རིམ་པ་བྱས་ནས་ཕེབས་པའི་བཀའ་སློབ་དང་གསུང་ཆོས་མང་པོར་ཞུགས་ཏེ། བློ་གཟུ་བོར་བྱས་ཏེ་སློབ་སྦྱོང་བྱས་པའི་ཁུལ་ཡིན་ལ། ཕྱོགས་གཡས་གཡོན་ཚང་མའི་སྐད་ཆ་དང་བྱ་སྤྱོད་དག་ལ་རྟོག་ཞིབ་བྱས་པ་ཡིན།
༸རྒྱལ་བ་རིན་པོ་ཆེ་མཆོག་གིས་དུས་ནམ་ཞིག་ལ་ཡིན་ཀྱང་ཕྱོགས་ཞེན་དང་ཉེ་རིང་ཆགས་སྡང་བྱེད་མི་ཉན་པར། བདེན་པ་བདེན་ཐུབ་དང་། ཁ་ཡོད་ལག་ཡོད་བྱེད་དགོས་པའི་བཀའ་སློབ་གནང་གི་ཡོད་པ་མ་ཟད། ཁོང་གིས་ང་ཚོར་བཅངས་པའི་ཐུགས་རེར་བོད་མི་མི་རེ་ངོ་རེ་མཁས་བཙུན་བཟང་གསུམ་འཛོམས་པ་རེ་ཡོང་ན་སྙམ་པ་དེ་ཡིན་པས། གལ་ཏེ་བོད་མི་སུ་རུང་ཞིག་ནས་སྐྱག་རྫུན་དང་ཧམ་བཤད་སོགས་བྱེད་ཀྱི་ཡོད་ཚེ། དེ་ལ་འགན་ཁུར་བའི་ཐོག་ནས་བདེན་རྫུན་གྱི་ཤན་འབྱེད་ཆོག་པའི་ཐོབ་ཐང་ཡོད་པ་འདི། མང་གཙོའི་སྤྱི་ཚོགས་ཀྱི་ཁེ་ཕན་ཡིན་པས་ཁྱེད་ལ་སོ་སོའི་བསམ་ཚུལ་རྣམས་བསྒྲགས་ཆོག་པའི་ཐོབ་ཐང་ལ་ལོངས་སུ་སྤྱོད་པའི་གོ་སྐབས་ཡོད་པ་བཞིན། བདག་གིས་ཀྱང་མང་གཙོའི་ཁེ་ཕན་ལ་ལོངས་སུ་སྤྱད་པའི་ཁུལ་ཡིན།
དེང་སང་མི་རེ་འགས་རང་སྣང་གང་དྲན་ངང་༸རྒྱལ་བ་རིན་པོ་ཆེ་མཆོག་ལ་གཞི་མེད་སྒྲོ་སྐུར་བྱས་ཏེ། ཞོ་ལྟར་ཆགས་གྲུབ་ཡོད་པའི་བོད་ཀྱི་སྤྱི་ཚོགས་ནང་ཁྲག་གི་ཐུར་མས་དཀྲུགས་ཅི་ཐུབ་བྱས་ཏེ་གཏོར་བཤིག་གཏོང་འདོད་པ་དེ་འདྲ་མང་པོ་ཡོད་པ་ལ་བསམས་ནས། ཁྱེད་རང་ལ་ཁ་བརྡ་ཐུང་ཐུང་ཞིག་བྱེད་འདོད་བྱུང་བ་དེ་ཙམ་ལགས། དེ་ཡང་ངས་ཁྱེད་རང་དྲང་བདེན་དང་ཡང་དག་པའི་གནས་ལུགས་རྒྱུ་མཚན་ལ་སྲོག་ལས་གཅེས་པར་འཛིན་ཅིང་། སྐྱོན་གྱི་རིགས་དང་མ་དྲང་བའི་གནད་དོན་གང་ཞིག་ཡིན་ཀྱང་གདོང་ལེན་བྱེད་ཕོད་པའི་ཕོ་རབས་བཀུར་འོས་ཤིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པའི་རྒྱུ་མཚན་གྱིས་ཡིན། །
མཇུག་མཐར་ཁྱེད་ཀྱི་སྐུ་ཁམས་བཟང་ཞིང་བོད་དོན་བདེན་མཐའ་མྱུར་དུ་སེལ་བའི་སྨོན་ལམ་འདེབས།
བཀའ་དྲིན་ཆེ།
ཀླུ་བྱམས་སྙིང་ལ་གདོན་འདྲེ་ཞུགས་པར་གྱུར། །
ཁུང་མེད་ལུང་མེད་རྫུན་གཏམ་གང་སར་སྒྲོག། །
རང་བཙན་ཁ་ཁྱེར་ནས་བོད་པ་བཀྲུག། །
རང་ཚུགས་རང་གི་བཟུང་ཤིག་བོད་པ་རྣམས། །
སེམས་རྣལ་དུ་གནས་ཏེ་བྲིས་པའི་རྩོམ་ཡིག་རྒྱུ་མཚན་ཅན་ཞིག་རེད། ཐུགས་རྗེ་ཆེ་ཞུ། ངའི་བློ་སྒོ་ཕྱེ་སོང་།
རང་བཙན་རྩོད་པ་རྣམས་ལ་སྤྱི་ཚོགས་མི་དགའ་བར་གྱུར་པ་རང་བཙན་བརྩད་པས་མིན་པར། རང་བཙན་རྩོད་མཁན་གྱིས་རྒྱ་ལ་རྣོ་ཁ་བསྒྱུར་མ་ཐུབ་པར་༧གོང་ས་མཆོག་ལ་སྐྱོན་བརྗོད་བྱས་པ་དེ་རེད། ད་ནི་ཁོ་ཚོས་རང་བཙན་བཤད་ན་བོད་མི་མང་པོ་མི་དགའ་ཞེས་ཚུར་ཤོད་བཞིན་པ་རེད། གོ་ལོག་རྐྱང་རེད།
བཀླགས་ཡོད། ངང་རྒྱུད་རིང་ཞིག་བྱས་ན་མ་གཏོགས། བྱེས་ཡུལ་འདིར་དྲང་མོ་དང་དོན་དངོས་རིགས་འགྲོ་ས་ཡོད་པ་མ་རེད། འོན་ཀྱང་། ངས་བྱེས་ཡུལ་འདི་ནས་དྲང་མོ་དང་དོན་དངོས་རིགས་རྩ་ནས་རྒྱལ་ཐུབ་ནི་མ་རེད་མི་ཟེར།
གོང་གི་རྩོམ་ཡིག་འདིས་གོ་བརྡ་ཆེར་འཕྲོད་ཐུབ་ཀྱི་མི་འདུག་ལ། དོན་དངོས་འཁྱོག་བཤད་ཀྱི་ཆའང་འདུག དབུ་མའི་ལམ་ལ་ངོས་ལེན་མེད་མཁན་རྒྱ་ནག་གཞུང་རེད་ལ་ཡིག་ཐོག་ནས་བསྒྲགས་ཟིན་པས། བོད་མིས་ངོས་ནས་ལོ་ངོ་བཞི་བཅུ་ལྷག་ལ་བསྟུན་ཤེས་དང་རེ་བ་བརྒྱབ་པར་དོན་འབྲས་མ་སོན་པ་མཚོན་ཡོད།
ད་ལྟ་ལམ་ཁ་གཅིག་ལྷག་པ་ནི་རང་བཙན་བསྐྱར་གསོ་རེད་ལ། ལམ་ཁ་འདི་རྒྱལ་སྤྱིའི་འཕེལ་ཕྱོགས་དང་བོད་ནང་གི་རེ་བ་གཉིས་ཀར་མཐུན་གྱི་ཡོད་པར་མ་ཟད། ངྷ་ས་རྒྱ་མིའི་རྩ་ཁྲིམས་འོག་ཏུ་འགྲོ་གི་ཡིན་ལབ་པ་ནས་བོད་དོན་རྒྱབ་བསྐྱོར་ཚོགས་པ་གང་མང་ཁ་གྱེས་ཡོད་པ་ཕྱིར་ཁྲིད་ཡོང་ཐུབ། དེའི་མ་ཚད་རང་བཙན་བསྐྱར་གསོ་ནི་བོད་ནང་གི་རེ་བསྐུལ་ཡིན་པ་དང་། བཙན་བྱོལ་བའི་ངོས་ནས་ལོ་རྒྱུས་ཀྱི་རྒྱུན་དང་འཐུས་ཚབ་ཀྱི་རྒྱུན། འཐབ་རྩོད་ཀྱི་རྒྱུན་བཅས་འཛིན་དགོས་ཀྱི་ཡོད་པ་གལ་ཆེན་ཆགས་ཡོད།
ཡིན་ནའང་། རང་བཙན་བསྐྱར་གསོས་སྣེ་ཁྲིད་རྗེས། དབུ་མའི་ལམ་གླེང་མ་ཆོག་པའམ། སྤེལ་མ་ཆོག་པ་དེ་འདྲ་རྩ་བ་ནས་མ་རེད། བོད་ལ་གཏམ་དཔེ་ཞིག་ཡོད་དེ། ཕོ་རབ་བར་གྱི་བརྒལ་བརྟག་ནི་གཅིག་ཕན་གཅིག་གྲོགས། ཕོ་འབྲིང་བར་གྱི་བརྒལ་བརྟག་ནི་ལེགས་ཆ་ལེན་རེས། ཕོ་ངན་བར་གྱི་བརྒལ་བརྟག་ནི་ཁྱོད་ཤི་ང་གསོན་ཡིན། དེ་བས། དབུ་མའི་ལམ་འབྱུང་ཁུངས་ནི་ཕོ་རབ་ཞིག་ཡིན་པའི་ཆ་ནས་བརྒྱུད་འཛིན་པ་ཚོས་ཕོ་ངན་གྱི་བྱེད་སྟངས་འོག་དྲུད་མི་ཡོང་བ་གནང་རྒྱུ་ནི་གལ་ཆེན་ཆགས་ཡོད།
འདི་ནི་ཨ་ཚོགས་ཀླུ་མཁར་བྱམས་སྒེར་ལ་འོས་ཐོབ་དང་མ་ཐོབ་ཀྱི་གནད་དོན་ཞིག་མ་རེད། ལོ་རྒྱུས་ཀྱི་དོན་སྙིང་ཆེན་པོ་ལྡན་ཡོད།
༡ བཙན་བྱོལ་ནང་ད་རིང་བར་དུ་མི་འདེམས་ནས་ཡོང་བ་རེད། ད་རེས་ནས་ཤོག་ཁག་འོས་འདེམས་ནང་ཞུགས་ཡོད་པས། དམངས་གཙོའི་འགྲོ་སྲོལ་ངོ་མ་དེ་ཆགས་ཡོད།
༢ རྒྱ་ནག་གཞུང་ལ་ངེས་པར་དུ་བརྡ་ལན་སྤྲོད་པའི་དུས་སུ་བབས་ཡོད་པར་མ་ཟད། བོད་ནང་གི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཡོངས་ལའང་བརྡ་ལན་སྤྲད་པའི་དུས་ལ་སླེབས་ཡོད།
༣དེའང་ཕྱི་ལོགས་སུ་ག་ཚད་ལས་འགུལ་ཛ་དྲག་དང་རང་བཙན་བསྐྱར་གསོའི་ལས་འགུལ་སྤེལ་ཐུབ་ན། བོད་ནང་དྲག་གནོན་བྱེད་རྒྱུ་ཤུགས་ཆུང་དུ་གཏོང་ཐུབ། རྒྱུ་མཚན་ནི་བོད་དོན་ནི་རྒྱ་ནག་གི་ནང་སྲིད་ཡིན་པར་ངོས་ལེན་མེད་པས། རྒྱལ་སྤྱིའི་སྟེང་གི་ཚོགས་པ་འདྲ་མིན་ལ་ཐེ་ཇུས་བྱེད་པར་ཁ་གཡར་ས་ཡོད། དེང་སྐབས་དབུ་མའི་ལམ་གྱིས་རྒྱ་ནག་རྩ་ཁྲིམས་ངོས་ལེན་བྱེད་ཀྱིན་པས། ཐེ་གཏོགས་བྱེད་ས་ལྷག་མེད་ལ། བོད་ནང་དྲག་གནོན་ཡང་ཤུགས་ཆེ་རུ་འགྲོ་བཞིན་ཡོད།
དེ་ནི་དབུ་མའི་ལམ་ནས་རྒྱ་གཞུང་གི་རྩ་ཁྲིམས་འོག་འགྲོ་གི་ཡིན་ལབ་ཟིན་པས། ནང་སྲིད་ཆགས་ཟིན་པ་རེད་ལ། སྐབས་དེར་ཁ་བྲལ་བ་ཟེར་ད་ཟེར། དེ་ལས་ཀྱང་ཡ་ང་བ་ནི་ཕྱི་རྒྱལ་བ་ཚོར་ཐེ་གཏོགས་བྱེད་མི་ཆོག་པའི་སྒྲུབ་བྱེད་དུ་དབུ་མའི་ལམ་གྱི་ངོས ལེན་ཁག་འདྲེན་གྱི་ཡོད་པ་རེད།
བོད་མི་སྒྲིགས་འཛུགས་ཀྱི་བོད་རང་བཙན་རྩོད་ཀྱི་ཡོད་རེད་ཟེར་ལོ་སུམ་བཅུ་བཞི་བཅུ་རིང་ལ་རྒྱ་ནག་གི་གསར་འགྱུར་ཁག་ནས་རྒྱ་ནག་མི་དམངས་མགོ་བསྐོར་གཏང་བ་རེད། །བོད་མི་སྒྲིགས་འཛུགས་རང་གི་བཙན་རྩོད་ན་རྒྱ་ནག་སྲིད་གཞུང་གི་དགོས་དོན་མཐུན་པ་རེད། །ང་རང་ཕྱི་རྒྱལ་ལ་མ་ཡོང་བར་དབུ་མའི་ལམ་ཞེས་གོ་མ་མྱོང་། །བོད་སྒྲིགས་འཛུགས་ལས་བྱེད་པ་དང་ཕྱི་ཕྱོགསུ་ཡོད་པའི་བོད་པ་རྣམས་ཀྱི་རྒྱ་ནག་གི་ཚུལ་ཡག་པོ་ཤེས་ཀྱི་མི་འདུག། །དབུ་ལམ་ནས་བཤད་པའི་བོད་རང་སྐྱོངས་ཐོབ་ཐང་རྩོད་པ་དེ་བོད་ཀྱི་གནས་དོན་ཐག་གཅོད་པ་ལ་ཐབས་ལམ་ཡག་ཤོས་གཅིག་དང་མཚམས་ཤོས་གཅིག་ལ་རྒྱ་ནག་གི་དཔོན་རིགས་མཐོ་ཤོས་ཚང་མས་ཤེས་ཀྱི་ཡོད་རེད། མ་ཟད་ནུབ་ཕྱོགས་རྒྱལ་ཁབ་ཀྱི་དམངས་གཙོ་དང་འགྲོ་བ་མི་ཡི་ཐོབ་ཐང་ཁྲིམས་ཀྱི་དབང་བསྒྱུར་བྱེད་པ་རྣམས་བཟང་པོ་དང་དགོས་པ་ཡོད་པ་ཞིག་ལ་མཐོང་བ་དང་ཤེས་ཀྱི་ཡོད་རེད། །ནུབ་ཕྱོགས་རྒྱལ་ཁབ་ཀྱི་ལམ་ལུགས་དེ་ངན་དང་རང་རྒྱལ་གྱི་གནས་བབ་དང་མི་མཚམས་པ་སོགས་གཞི་མེད་ཀྱི་སྐྱོན་བརྗོད་སྣ་ཚོགས་ཉིན་རེ་བཞིན་གསར་འགྱུར་ཁག་ནས་བྱེད་པ་དེ་ལ་དམིགས་གཅིག་ཡོད་རེད། །དེ་ནི་རྒྱ་ནག་མི་དམངས་མགོ་བསྐོར་གཏོང་ཆེད་ལས་གཞན་རྒྱུ་མཚན་ཡོད་མ་རེད། །དགོས་པ་མོ་ཙེ་ཏུང་ནས་བཟུང་བའི་རྒྱ་ནག་གི་མགོ་ཁྲིད་པ་དང་གཞུང་བའི་གཞུང་འཛིན་པ་རྣམས་ཀྱི་རང་གི་ཉེ་རིང་དགའ་ས་དང་གྲོགས་པོ་ལག་ནང་ལ་རྒྱ་ནག་གི་དཔལ་འབྱོར་ཁྱབ་སྲིད་དམག་མདོར་ན་ཚང་མ་ཁོ་ཚོས་བདག་བཟུང་བྱས་ནས་ཡོད་རེད། །དངོས་གནས་བཤད་ས་ལག་མཐིལ་ཙམ་ཡང་མི་དམངས་དབང་ཆ་ཡོད་མ་རེད། །ཁོ་ཚོས་ཁྲིམས་ལ་ས་རྒྱལ་ཁབ་ཀྱི་ཡིན་གནམ་རྒྱལ་ཁབ་ཀྱི་ཡིན་བཤད་ཡོད་རེད། །མི་དམངས་ལ་གནས་སྐབས་བད་སྤྱོད་གཏོང་བའི་དབང་བའི་དབང་ཆ་ལས་ཡོད་མ་རེད། །དེ་ལྟ་བུ་དབང་ཆ་དཔལ་འབྱོར་ཁེ་ཕན་དེ་ཤོར་དོག་གི་ཆེད་ལས་གནས་གཞན་ཡོད་མ་རེད། །
གྲོགས་བཟང་ལྷ་སྡེ་གནམ་ལོ་ཡག་ལགས་ལ།
གོ་བརྡ་ཆེར་མ་འཕྲོད་པ་ནི་བདག་གི་འབྲི་རྩལ་ཞན་པའི་སྟབས་ཀྱིས་བྱས་པ་ཡིན་པས། དེ་ལ་ངོས་ལེན་གཙང་མ་བྱེད་ཞོར་དུ། འབྲི་མཁན་གྱིས་འབྲི་མ་ཤེས་རུང་། ཀློག་མཁན་གྱིས་ཀློག་ཤེས་པ་བྱེད་རོགས་མཛོད་ཅེས་ཞུ།
འཁྱོག་བཤད་རྣམས་ནི་གང་དག་ཡིན་མིན་ཐད་ཀར་གསུང་ན་དགའ་བསུ་ཡོད། དབུ་མའི་ལམ་གྱི་སྲིད་བྱུས་བཟུང་བ་ནས་བཟུང་སྟེ། རྒྱ་མིས་བོད་ལ་དམ་དྲག་དང་མནར་སྤྱོད་གཏོང་ཤུགས་ཆེ་རུ་བཏང་ཡོད་པ་མ་ཟད། ཕྱིའི་རྒྱལ་ཁབ་ཁག་གིས་བོད་རོགས་པ་བྱེད་འདོད་ཀྱང་བོད་ཀྱི་གནད་དོན་དེ་བཞིན་རྒྱ་ནག་ནང་སྲིད་ཅན་དུ་བསྒྱུར་བ་ཡིན་སྟབས། ཕྱིའི་རྒྱལ་ཁབ་ཁག་ལ་ལག་པ་འཆང་ས་དང་ཁ་གྲག་ས་མེད་པ་བཟོས་ཏེ། ནག་ཉེས་ཆེན་པོ་བསགས་ཡོད་ཅེས་ཟེར།
ཕྱིའི་རྒྱལ་ཁབ་དང་ཚོགས་པ་ཁག་གིས་བོད་ལ་མནར་གཅོད་དང་གདུག་རྩུབ་བྱས་བཞག་པ་དེ་ཚོ་འགྲོ་བ་མིའི་ཐོབ་ཐང་དང་འགལ་བ་ཞིག་ཡིན་པས་དེ་གཙོར་བཟུང་གིས་རྒྱ་ནག་ལ་སྐྱོན་བརྗོད་བྱེད་པ་ལས། བོད་ལ་རང་བཙན་ཕྲོགས་སོང་དེ་འགྲིག་གི་མི་འདུག་ཅེས་སུ་ཞིག་གིས་བྱེད་ཀྱི་འདུག
དཔེར་ན་༸རྒྱལ་བ་རིན་པོ་ཆེ་མཆོག་གིས་ལོ་རྒྱུས་ཐོག་ཡོད་པའི་སྐུ་དབང་དང་དགའ་ལྡན་ཕོ་བྲང་གིས་བོད་ཀྱི་སྲིད་དབང་ལ་དབང་སྒྱུར་གནང་བའི་མཛད་པ་དུས་བསྟུན་གྱིས་བཅོས་སྒྱུར་གནང་སྟེ། སྐུ་དབང་ཆ་ཚང་བོད་གངས་ཅན་པ་ཡོངས་ལ་གནང་སོང་། ཁྱེད་ལྟར་ན་འདི་ཡང་ཁྲིམས་འགལ་ཞིག་ཡིན་ནམ། ལོ་རྒྱུས་ཐོག་བོད་རང་བཙན་ཡིན་པའི་དབང་དུ་བཏང་རུང་ཁུངས་འཁྱོལ་མིན་དཀའ་སེ་བ་ཞིག་རེད། ཡིན་པའི་དབང་དུ་བཏང་རུང་བཙན་བྱོལ་སྒྲིག་འཛུག་གིས་བོད་རང་བཙན་མ་རེད་ཅེས་གསུང་གི་འདུག་གམ། དེས་ན་ཉེས་པ་གང་ཡང་མ་བསགས་པའི་ཁྲིམས་འགལ་ཅན་དུ་འགྱུར་སྟངས་དེ་འདྲ་ནི་ཡ་མཚན་ཅན་ཞིག་རེད།
མ་ཟད་ནང་སྲིད་ཅན་དུ་ཅི་ལྟར་བསྒྱུར་བ་རེད་དམ། ཕྱི་འབྲེལ་དང་སྲུང་སྐྱོབ་ཕུད་པའི་རང་སྲིད་རང་སྐྱོང་གི་ཚད་མཐོའི་ཐོབ་ཐང་དང་རང་དབང་ཚང་མ་བོད་རང་ལ་ཡོད་དགོས་ཞེས་རྩོད་ཀྱི་ཡོད་པས། ནང་སྲིད་ཅན་དུ་བསྒྱུར་བའི་ཐ་སྙད་དེ་ནི་ནན་གྱིས་བཙལ་བའི་ཀླན་ཀའི་ཚིག་ཅིག་ཡིན་པ་ཙམ་ལས་དོན་སྙིང་གང་ཞིག་འདུག་གམ།
བོད་ཐོག་དམ་དྲག་དང་མནར་གཅོད་གཏོང་ཤུགས་ཆེ་ཆུང་ནི། གཙོ་བོ་བོད་ནང་གི་བོད་མི་ཚོའི་རྣམ་འགྱུར་དང་། སྐབས་གང་ཡིན་གྱི་དཔོན་པོ་རེ་ཟུང་གིས་རང་ཉིད་ཀྱི་རྐུབ་བཀྱག་དང་གོ་ས་མཐོ་རུ་གཏོང་འདོད་དེ། བྱས་རྗེས་དང་ངོ་སོ་འདོད་དེ་དེ་ལྟར་བྱེད་ཀྱིན་ཡོད་པ་ལས་དེ་ནི་དབུ་མའི་ལམ་གྱི་སྲིད་བྱུས་ལ་འབྲེལ་བ་གང་ཞིག་ཡོད་དམ།
རང་བཙན་དང་རང་བཙན་ཟེར་བཞིན་ཚད་ལས་བརྒལ་བ་དང་ཐལ་ཆ་ཆེ་བའི་ལས་ཀ་བྱེད་རྒྱུ་མང་དྲགས་པའི་རྐྱེན་གྱིས། ཁོང་ཁྲོ་ང་ཚོར་ལངས་ཀྱང་གནག་ས་དེ་བོད་ནང་གི་བོད་མི་ཚོར་བྱེད་པ་མ་ཡིན་ནམ། དེས་ན་ང་ཚོ་རང་དབང་ལུང་པར་ཡོད་མཁན་ཚོས་ལས་འགུལ་གང་ཞིག་སྤེལ་ཀྱང་གཙོ་བོ་བོད་ནང་གི་བོད་མི་ཚོའི་བདེ་སྡུག་ལ་འགན་འཁྱེར་བའི་ཐོག་ནས་དུས་བསྟུན་བྱེད་དགོས་པ་ལས། རང་ཉིད་ཀྱི་ཚོར་ཤུགས་ཙམ་དང་འདོད་ཚུལ་ཙམ་ལ་ཞེན་ཆགས་བྱས་པས་གང་ཡང་མི་ཡོང་བར་མཐར་གཏུགས་ན་རང་གཞན་གཉིས་འཕུང་ཆགས་རྒྱུ་ཉག་གཅིག་ཡིན་པའི་གནས་ལུགས་འདི་སེམས་ལ་ཟུངས་ཤིག
ད་བར་མི་འདེམས་ནས་ཡོང་བ་དང་། འགྲོ་སྟངས་དེ་མང་གཙོའི་འགྲོ་སྲོལ་ཞིག་ཡིན་པ་ལ་དེ་དེ་བཞིན་ནོ་ཞེས་ཞུ།
ཡིན་ནའང་རྒྱལ་སྤྱིའི་འགྲོ་ཕྱོགས་དང་བོད་ནང་གི་མི་མང་ཆེ་བའི་མངོན་དེ་རང་བཙན་ཡིན་མིན་ད་དུང་ཡང་ཐག་གཅོད་རྒྱུ་སྔ་མ་དྲག་པར་སྐད་ཆ་དྲང་མོར་བཤད་དགོས་པར་མངོན། ང་ཚོས་རང་བཙན་བརྩད་ན་རྒྱ་དམར་གྱིས་ང་ཚོར་ཁ་བྲལ་མི་ཟེར་རམ།
དགོངས་འཆར་ལྷུག་སྩོལ་གནང་བར་བཀའ་དྲིན་ཆེ།
བློ་སྦྱིན་ལགས། ཁྱེད་ཀྱི་དོགས་གཞི་སེལ་བར་ཚིག་ཁ་ཤས་ལས་དགོས་ཀྱི་མི་འདུག
༡ རྒྱ་མིའི་རྩ་ཁྲིམས་འོག་ཏུ་འགྲོ་གི་ཡིན་ཞེས་ཡིག་ཆ་སྤྲད་པ་དེས་བོད་དོན་རྒྱ་ནག་གི་ནང་སྲིད་དུ་བསྒྱུར་ཚར་རེད། དེ་ནས་བཟུང་སྟེ་ཕྱིའི་རྒྱལ་ཁབ་ལ་བོད་དོན་ཐད་ཇུས་གཏོགས་བྱེད་ས་ལྷག་ཡོག་མ་རེད། དེའི་ཡར་སྔོན་རྩོད་གཞི་ཅན་ཡིན་པས། ཇུས་གཏོགས་གང་ཙམ་བྱས་ཆོག་གི་ཡོག་པས། མེར་བསྲེག་གནང་ནས་ངོ་རྒོལ་བྱེད་དགོས་ཐུག་ཡོག་མ་རེད།
༢ བཙན་བྱོལ་བོད་གཞུང་གི་མཚན་གནས་སྒྲིག་འཛུགས་ལ་བསྒྱུར་བ་ནི་རྣམ་པ་འགྱུར་བའི་བོད་རྒྱ་ཁོངས་ཡིན་པའི་ངོས་ལེན་རེད།
༣ དབུ་མའི་ལམ་གྱི་ཚེ་ཚད་རྒྱ་ནག་སྲིད་གཞུང་གི་ཚེ་ཚད་ལ་སྦྲེལ་ཡོད་པས། རྒྱ་གཞུང་འཐོར་རྗེས་གཞི་འཛིན་ས་གང་ཡང་ལྷག་ཡོག་མ་རེད། དེ་ལས་རང་བཙན་བརྩད་ན། མ་འོངས་པར་ཆེས་ཉུང་ན་ཡང་རང་ཐག་རང་གཅོད་ཐོབ་ཤོར་གྱི་མ་རེད།
གྲོགས་བཟང་བློ་གསལ་ལགས།
བོད་རྒྱ་ཁོངས་ནས་འདུག་རྒྱུ་ཡིན་ཞེས་པ་དང་དེ་དང་། བོད་རྒྱ་ཁོངས་ཡིན་ཞེས་པ་གཉིས་ལ་ཁྱད་པར་ཡོད་པ་རེད་པེ།
དབུ་མའི་ལམ་གྱི་ཚེ་ཚད་རྒྱ་ནག་སྲིད་གཞུང་གི་ཚེ་ཚད་ལ་སྦྲེལ་ཡོད་པ་གསུང་སྟངས་ལས། མ་འོངས་པར་རྒྱ་ནག་མང་གཙོར་འགྱུར་དུས། རྒྱ་ནག་ལ་རྩ་ཁྲིམས་དང་སྲིད་གཞུང་མེད་འགྲོ་བ་ཡིན་ནམ། མི་དགོས་པ་ཡིན་ནམ།
ང་ཚོས་རང་བཙན་མ་བརྩད་པར་དབུ་མའི་ལམ་ལ་ཕྱིན་པ་ཡིན་སྟབས་མེར་བསྲེགས་གནང་དགོས་ཐུག་པ་རེད་གསུང་གི་ཡོད་དམ།
གཏམ་དྲང་པོ་ཞིག་གསུང་རྒྱུ་ནི་ང་ཚོ་བོད་པའི་གཤིས་ཀ་འགྲན་ཟླ་བྲལ་བ་དེ་རེད་ལགས།
ྱཐུགས་རྗེ་ཆེ་གནང་།
བློ་སྦྱིན་ལགས།
༡ རྒྱ་ཁོངས་མ་ཡིན་ན་རྒྱ་ཁོངས་ནས་འདུག་དོན་ཅི། དེ་བས། བཙན་བྱོལ་བོད་གཞུང་གི་མཚན་གནས་བརྗེ་བོ་བརྒྱབ་པ་རེད་ལ། དེ་ནི་རྒྱ་གཞུང་ནས་ནམ་རྒྱུན་བོད་རྒྱ་ཁོངས་ཡིན་ཟེར་བ་དེར་བསྟུན་ཐབས་རེད། བོད་ལ་མཚོན་ན། དོན་དག་མ་འགྲུབ། གོད་ཆག་བྱུང་ཟེར་བ་ལྟར་ལགས།
༢ དབུ་མའི་ལམ་གྱི་དགོས་འདུན་ཀྲུང་ཧ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་འོག་ཏུ་འགྲོ་རྒྱུ་དང་གུང་ཁྲན་ཏང་གི་དབུ་ཁྲིད་ལ་ངོས་ལེན་དང་། མང་གཙོ་མི་རྩོད་རྒྱུ་སོགས་རེད་ལ། དེ་ལྟར་ཡོངས་གྲགས་གནང་དང་གནང་ཟིན་པས། རྒྱ་ནག་དམངས་གཙོར་འགྱུར་རྗེས་བོད་ལ་ཀྲུང་གོའི་རྩ་ཁྲིམས་ལ་ངོས་ལེན་ཡོད་མཁན་ཞིག་གི་ཐོབ་ཐང་ལས་རང་ཐག་རང་གཅོད་ཀྱི་ལམ་ཁ་འགག་ཟིན་ཡོད།
༣ དུས་ཚོད་ཀྱི་ཆ་དང་། གནས་སྟངས་ཀྱི་ཆ་ནས་རྡ་ས་ནས་པེ་ཅིན་ལ་ཀྲུང་ཧ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་འོག་ཏུ་འགྲོ་ཡིན་ཟེར་བའི་ཡིག་ཆ་སྤྲད་པའི་རྗེས་ནས་བཟུང་། མེར་བསྲེག་ངོ་རྒོལ་རིམ་པས་བྱུང་ཡོད། གཅིག་ནས་བོད་ནང་དྲག་གནོན་ཆེ་རུ་སོང་བ་སོགས་རེད་དེ། དྲག་གནོན་བྱེད་དོན་ནི་རྒྱ་གཞང་གིས་རྡ་སའི་ཁས་ལེན་དེ་དག་བེད་སྤྱོད་བྱས་ནས་ནང་སྲིད་ཡིན་པའི་ཆ་ནས་དྲག་པོའི་སྲིད་བྱུས་ལག་བསྟར་བྱས་པ་ཞིག་རེད།
འོ། ཡང་མི་ཀླད་མེད་འགའ་ཞིག་གིས་བདེན་པའི་བདེན་གཏམ་འདི་ལའང་འགོག་རྒོལ་བྱེད་བཞིན་གདའ་བས་སྙིང་རེ་རྗེ། འགོག་རྒོལ་བ་ཁྱེད་རྣམས་ཀྱིས་རྩོད་རྒྱུའི་རང་བཙན་དེ་བོད་མིའི་ལག་ན་མེད་ཅིང་། ཧི་མ་ལ་ཡའི་རི་བོའི་ཕར་ན་བསྡད་པའི་རྒྱ་དམར་གུང་ཁྲན་པའི་འགྲམ་ན་ཡོད། རྩོད་དགོས་ན་དེར་སོང་སྟེ་རྩོད་རོགས།
རང་གི་ལག་ན་ཡོད་པའི་ནོར་བུའི་ནོར་ཉམས་མ་ཆོད་པའི་ཅོལ་ཆུང་རང་ཤེད་ཅན་ཐ་ཤལ་བ་རྣམས་ནས་གལ་ཏེ་གོང་གི་རྩོམ་བྲིས་དེ་ལེགས་པར་བཀླགས་ཡོད་ན་རང་ཉིད་ཀྱི་རྨོངས་གཏམ་ལ་ལན་འདེབས་དྲང་ཚུགས་ཅན་ཞིག་འབྱུང་རྒྱུས་མཚོན། རང་གི་རྨོངས་གཉིད་ལས་སངས་ཏེ་བདེན་པ་མཐོང་རྒྱུའི་རེ་བ་ཞིག་གདའ། འོན་ཀྱང་རང་ཉིད་ཀྱི་ལས་ངན་གྱི་རྒྱུའམ། རྒྱ་དམར་གྱི་གཡོ་བྱུས་སམ་བོད་མིའི་ལས་ངན་གྱིས་བྱུང་བའི་གདོན་འདྲེའི་དངུལ་དངོས་ཀྱིས་བརླམས་པ་རྣམས་ལ་བཤད་ཀྱང་ཅི་ལ་ཕན། དེ་རྣམས་ལས་རེ་བའང་མེད།
འོན་ཀྱང། བོད་མི་རྩམ་གཟན་པ་གཞུང་དྲང་བ་ཞིག་ཡིན་ཕྱིན། རང་ཉིད་ཀྱི་ལྟ་བ་ཇི་འདྲ་ཞིག་འཛིན་རུང་། རང་གི་ཕ་མའམ་དེ་ལས་ལྷག་པའི་བཀའ་དྲིན་བྱིན་པའི་༸གོང་ས་མཆོག་ལ་དམའ་འབེབས་སམ་ཟུར་ཟ་བྱས་དང་བྱེད་བཞིན་པ་ནི། མིའི་ཤ་ཚུགས་བཟུང་ཡང་དུད་འགྲོའི་བྱེད་བབ་ལས་སྐྱོ་བ་ཡིན། ཁྱེད་རྣམས་ནས་རང་བཙན་ཁ་ལ་འཁྱེར་ཏེ་རྩོད་པ་རང་ངོར་རྒྱག་པ་ནི། ཤེས་ལྡན་གཟུར་གནས་རྣམས་བློ་སེམས་སྐྱོ་དགོས་པ་ཞིག་དང་། བོད་མི་རྒྱལ་གཅེས་པ་སྐུ་སྲོག་མཆོད་མེར་ཕུལ་བ་རྣམས་ཀྱིས་བློས་བཏང་ལ་བརྩི་མེད་ཀྱིས། དགྲ་ཡི་ལག་ཆར་སོང་བ་ཡིན་པས་བློ་སེམས་ནང་དུ་བཀུག་སྟེ་སོམས།
དེས་ན། དབུ་མའི་ལམ་བུ་རྣམས་ནས་སོ་སོའི་ནུས་པ་བཏོན་ཏེ་བོད་ཀྱི་བདེན་མཐའ་སེལ་ཐབས་གནང་རྒྱུ་དང་། རང་བཙན་པ་རྣམས་ནས་ཀྱང་འཆར་གཞི་འདི་དང་འདི་ཡིན་པ་དང་། ལས་དོན་བྱེད་ཕྱོགས་འདི་དང་འདི་ཡིན། རྒྱ་དམར་སྡུག་རྩུབ་ཅན་ལ་ཁ་གཏད་འདི་ལྟར་བཅག་སྟེ་རང་བཙན་ལེན་རྒྱུ་ཡིན་ཞེས་འཆར་གཞི་ལྡན་པའི་ཐོག་ནས་རྩོད་དགོས་པ་ལས། དགྲ་ཡི་ལག་ཆར་མ་སོང་བ་གནང་རྒྱུ་གལ་ཆེ། བོད་རྒྱལ་ལོ།།