ཅོ་རི་ཉི་མ། (ལྡོང་སྲས་ཀྱིས་མཚམས་སྦྱོར་བྱས།)
རིང་ནས་སྙིང་དུ་བརྣགས་པའི་འདོད་པའི་དོན།།
ཡོངས་རྫོགས་བོད་ལྗོངས་རང་དབང་གཙང་མའི་དཔལ།།
ལྷུན་འགྲུབ་ཆོས་སྲིད་ཟུང་འབྲེལ་དགའ་སྟོན་ལ།།
སྤྱོད་པའི་སྐལ་བཟང་མྱུར་བ་ཉིད་དུ་སྩོལ།།ཞེས་པའི་གདུལ་བྱ་ཡིན།
བོད་དམངས་སྙིང་དུ་བརྣགས་པའི་འདོད་པའི་དོན།།
ཡོངས་རྫོགས་བོད་ལྗོངས་རང་བཙན་གཙང་མའི་དཔལ།།
དམངས་གཙོ་ཕོ་བྲང་ཏ་ལའི་དགའ་སྟོན་ལ།།
སྤྱོད་པའི་སྐལ་བཟང་མྱུར་དུ་སྩོལ་དུ་གསོལ།།ཞེས་པ་དམངས་ཀྱི་རེ་འདུན་ཡིན།།།
༡༩༥༩ ལོར་༧གོང་ས་མཆོག་དང་བོད་གཞུང་དགའ་ལྡན་ཕོ་བྲང་གཉིས་གཙོར་བོད་འབངས་ཆིག་འབུམ་ལྷག་རྒྱ་བལ་འབྲུག་གསུམ་གྱི་ལུང་པའི་ནང་དུ་སྐྱབས་བཅོལ་ལ་བསླེབས་པ་རེད། འཛམ་གླིང་རྒྱལ་སྤྱི་དང་ལྷག་པར་དུ་ཨ་རི་རྒྱ་གར་སོགས་ཀྱིས་བོད་ཀྱི་རྒྱལ་ཁོངས་སུ་རྒྱ་དམར་གུང་ཁྲན་ཏང་གིས་བཙན་འཛུལ་བྱས་པ་མིག་གིས་མཐོང་ཡོད་ལ་བོད་ཡུལ་བཙན་འཕྲོག་བྱས་པ་ཤེས་ཡོད། མ་ཟད་བོད་ཀྱི་ས་ཤོར་སྐབས་སུ་མདོ་ཁམས་ཆུ་བཞི་སྒང་དྲུག་གི་བསྟན་སྲུང་དང་བླངས་དམག་སྒར་ལ་ཨ་མེ་རི་ཀས་གོ་ལག་ཆ་ཡི་རྒྱབ་སྐྱོར་གནང་མྱོང་ཡོད་ལ་གོ་ལག་དེ་དག་བེད་སྤྱད་ནས་རྒྱ་དམག་གི་ལག་འོག་ནས་༧གོང་ས་མཆོག་དང་བོད་གཞུང་དགའ་ལྡན་ཕོ་བྲང་འབངས་མི་ཆིག་འབུམ་དང་བཅས་སྐྱབས་བཅོལ་དུ་བསླེབས་ཐུབ་པ་བྱུང་བ་རེད། ༧གོང་ས་མཆོག་དང་བོད་གཞུང་དགའ་ལྡན་ཕོ་བྲང་བོད་འབངས་ཆིག་འབུམ་ལྷག་ཕྱིའི་རྒྱལ་ཁབ་ཏུ་སྐྱབས་བཅོལ་ལ་ཤོར་སོང་བས་རྒྱུ་མཚན་གྱིས་བོད་རང་བཙན་མེད་པར་བཟོ་མ་ཐུབ་པ་རེད།
༡༩༥༩ ལོར་རྒྱ་དཔོན་ཀྲུང་དན་གྱིས་ལྷ་ས་དམག་གིས་བཟུང་ཚར་ནས་མའོ་ཀྲུའུ་ཞི་ལ་བོད་ཟས་ཚར་ཟེར་བའི་སྙན་གསོལ་ཞུས་པ་རེད། སྐབས་དེ་དུས་མའོ་ཀྲུའུ་ཞི་ཡིས་ཏ་ལའི་བླ་མ་ག་པ་ཡོད་དམ་ཞེས་དྲིས་པ་རེད། དམག་དཔོན་ཀྲུང་དན་གྱིས་ཏ་ལའི་བླ་མ་རྒྱ་གར་ལ་བྲོས་ཤོར་སོང་ཞེས་ལན་བཏབ་པ་རེད། མའོ་ཀྲུའུ་ཞི་ཡིས་ཏ་ལའི་བླ་མ་ཤོར་ཚར་ན་བོད་ཟ་ཐུབ་མེད་པ་རེད་ཞེས་གསུངས་ཡོད། རང་བཙན་ཆ་ཚང་ཤོར་མེད་པའི་རྒྱུ་མཚན་ཆེན་པོ་གཅིག་རེད།
༡༩༥༩ ལོར་༧གོང་ས་མཆོག་བོད་ཀྱི་ཡབ་མེས་དམ་པ་གཙོ་བོ་གྱུར་པའི་བོད་གཞུང་དགའ་ཕོ་བྲང་བོད་འབངས་ཆིག་འབུམ་དང་བཅས་པ་ཕྱིའི་རྒྱལ་ཁབ་ཁག་ཏུ་སྐྱབས་བཅོལ་བསླེབས་པར་འཛམ་གླིང་རྒྱལ་སྤྱི་དང་ཨ་རི། རྒྱ་གར་སོགས་ཀྱི་སྲིད་གཞུང་ཁག་ཏུ་དེབ་སྐྱེལ་ཡོད་མེད་ལ་མ་ལྟོས་པར་དོན་དངོས་པོའི་ཐོག་ནས་༧གོང་ས་མཆོག་བོད་རྒྱལ་ཁབ་ཀྱི་དབུ་ཁྲིད་དང་བོད་གཞུང་དགའ་ལྡན་ཕོ་བྲང་ལ་ངོས་ལེན་བྱས་ཡོད།
མ་ཟད་དེང་སང་གི་གནས་སྟངས་སུ་བལྟས་ནའང་འཛམ་གླིང་ཐོག་གི་རྒྱལ་ཁབ་མང་པོས་བོད་ཀྱི་དབུ་ཁྲིད་དེར་དབུ་ཁྲིད་ཤིག་དང་བཙན་བྱོལ་གཞུང་འདི་བོད་མི་རིགས་ཀྱི་སྲིད་གཞུང་ཞིག་ཡིན་པར་བོད་ཀྱི་རྒྱལ་དར་འདི་རྒྱལ་དར་ཞིག་ཡིན་པར་སེམས་ཀྱིས་ངོས་ལེན་གནང་གི་ཡོད། བཙན་བྱོལ་བོད་གཞུང་གི་ཡིག་ཆ་རྣམས་ཀྱང་ཕྱིའི་རྒྱལ་ཁབ་ཁག་གིས་ངོས་ལེན་གནང་གི་ཡོད། གནད་དོན་འདིའི་ཐོག་ནས་ཕྱེད་རང་བཙན་ཡོད་པར་མཚོན་གྱི་ཡོད།
རྡ་ས་རི་བོའི་སྟེང་གི་དམངས་གཙོ་ལམ་ནས་འོས་བསྡུ་བྱུང་བའི་སྲིད་འཛིན་བློ་བཟང་སེང་གེ་མཆོག་དང་བོད་གཞུང་བཀའ་ཤག་མ་ལག་དང་བཅས་པ་ངོ་བོ་རང་བཙན་གྱི་ཐོག་ཏུ་གནས་ཡོད། ཕྱོགས་གང་ལ་བསམ་ཀྱང་བོད་རྒྱལ་ཁབ་ཀྱི་རྒྱལ་དར་དང་རྒྱལ་གླུ། བཙན་བྱོལ་བོད་གཞུང་གི་བཅའ་ཁྲིམས་དང་མ་འོངས་རྩ་ཁྲིམས། བོད་རྒྱ་ཆེའི་མི་དམངས་ཀྱི་ཤ་རུས་ཁྲག་གསུམ་དང་ལུས་སེམས་སུ་འཐིམ་ནས་ཡོད་པ་ནི་བོད་རྒྱལ་ཁབ་དང་བོད་རང་བཙན་ཡིན། གནས་ལུགས་འདི་དག་གིས་ཕྱེད་རང་བཙན་ཡོད་པར་མཚོན་གྱི་ཡོད།
ལྷག་པར་དུ་བོད་རྒྱལ་ཁབ་ཀྱི་དབུ་ཁྲིད་༧གོང་ས་མཆོག་འཛམ་གླིང་རྒྱལ་ཁབ་ཁག་གིས་མཐོང་ཆེན་པོ་ཡོད་པ་ནི་རང་བཙན་ཡོད་པའི་རྒྱལ་ཁབ་ཀྱི་དབུ་ཁྲིད་ཚོ་ལས་མཐོང་ཆེ་བ་མེད་ནའང་ཆུང་བ་རྩ་ནས་མེད།ནུབ་ཕྱོགས་ཡུ་རོབ་གླིང་དུ་རྒྱལ་ཁབ་ཁག་ཅིག་གིས་བོད་ཀྱི་རྒྱལ་དར་རང་གི་སྲིད་གཞུང་ཁང་སོགས་ཀྱི་ཐོག་ཏུ་བཙུགས་ཡོད་ལ་བོད་རང་བཙན་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱས་དང་བྱེད་བཞིན་པ་རེད། ཡུ་རོབ་ནང་གི་སྟོབས་ཆེ་ཤོས་ཧྥི་རན་སི་དང་འཇར་མི་ནིས་སོགས་རེད། རྒྱལ་ཁབ་འདི་དག་གིས་བོད་རང་བཙན་ལ་རྒྱབ་སྐྱོར་གནང་གི་ཡོད། མ་ཟད་༢༠༠༨ ལོར་ཡུ་རོབ་གྲོས་ཚོགས་འཐུས་མིས་༧གོང་ས་མཆོག་ལ་རང་བཙན་ཐོག་ཏུ་ཕེབས་དང་ང་ཚོས་རྒྱབ་སྐྱོར་བྱེད་ཆོག་ཞེས་ཞུས་སོང་། འདི་དག་གིས་རྣམ་པ་འགྱུར་བའི་རང་བཙན་ཡོད་པར་མཚོན་གྱི་ཡོད།།
ཨ་རིའི་གྲོས་ཚོགས་ཀྱི་ངོས་ནས་ཉེ་ཆར་བཙན་བྱོལ་ནང་དུ་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དང་བོད་མིའི་ངོ་བོ་སྲུང་སྐྱོབ་བྱེད་ཀྱི་ཡིན་ཞེས་གསུངས་པ་འདིས་བོད་རང་བཙན་ལ་རྒྱབ་སྐྱོར་མཚོན་གྱི་ཡོད་ལ་དོན་དངོས་པོའི་ཐོག་གི་རང་བཙན་ལ་རྒྱབ་སྐྱོར་གནང་སྟངས་ཤིག་ཏུ་ངོས་འཛིན་བྱེད་ཆོག
སྲིད་འཛིན་བློ་བཟང་སེང་གེས་མཛད་སྒོའི་གཏམ་བཤད་ནང་བོད་ཀྱི་རང་དབང་བསྐྱར་གསོ་བྱེད་ནས་༧གོང་ས་མཆོག་བོད་ཀྱི་མི་རྗེ་ཕོ་བྲང་པོ་ཏ་ལའི་ནང་དུ་གདན་འདྲེན་ཞུ་རྒྱུའི་འབད་བརྩོན་བྱེད་རྒྱུ་ཡིན་ཞེས་དང་། སྲིད་འཛིན་བློ་བཟང་སེང་གེ་མཆོག་གིས་བོད་ཁྱིམ་སློབ་ཟུར་བསྟན་འཛིན་རིག་གྲོལ་ལགས་ཀྱིས། བོད་ཡུལ་གྱི་ས་ཕོན་ཆེན་པོ་ཞིག་བཞུགས་སྒར་ངྷ་རམ་ས་ལར་ཁྱེར་ཡོང་བའི་སྐབས་སུ་བོད་ཀྱི་སའི་ཐོག་ཏུ་རྒྱལ་དར་འཛུགས་པ་དང་། བོད་རང་དབང་བསྐྱར་གསོ་དང་༧གོང་ས་མཆོག་བོད་ཀྱི་རྒྱལ་ས་ལྷ་སར་གདན་འདྲེན་ཐོག གཞིས་བྱེས་བོད་མི་ཚང་མ་ཉིན་གཅིག་བོད་ལ་མཇལ་འཛོམས་ཐུབ་པའི་ཉིན་མོ་ཞིག་འཆར་རྒྱུ་དེ་བོད་མི་སྤྱི་ཡོངས་ཀྱི་རེ་བ་དང་འབད་བརྩོན་བྱ་ཡུལ་དེ་ཡིན་ཞེས་གསུངས་ཡོད། བོད་རང་དབང་བསྐྱར་གསོ་ཟེར་དུས་རང་བཙན་མ་གཏོགས་སྔར་ནས་ཡོད་བསྡད་པ་ཞིག་ད་ལྟའི་ཆར་བསྐྱར་གསོ་བྱ་རྒྱུ་ཞིག་མེད། གསུངས་སྟངས་འདི་དག་གིས་སྲིད་འཛིན་བློ་བཟང་སེང་གེའི་སེམས་ཁམས་བོད་རང་བཙན་དང་འདྲེས་ནས་ཡོད་པར་གསལ་སྟོན་བྱས་ཡོད། འདི་ཡང་ཕྱེད་རང་བཙན་ཡོད་པའི་མཚོན་རྟགས་ཤིག་ཡིན།
༧གོང་ས་མཆོག་གིས་སྲིད་འཛིན་བློ་བཟང་སེང་གེའི་མཛད་སྒོའི་ཐོག་ཏུ་བོད་མི་རིགས་རིག་གཞུང་དང་བཅས་པ་འཛམ་གླིང་ཐོག་ཏུ་ནག་བསུབས་བཏང་མ་ཐུབ་ཙམ་བྱུང་ཡོད་ཞེས་གསུངས་ཡོད། འཛམ་གླིང་ཐོག་ཏུ་བོད་རྒྱལ་ཁབ་ཀྱི་སྲིད་གཞུང་བཀའ་ཤག་མ་ལག་དང་བཅས་པ་ལྷག་ཡོད་པ་ནི་གཙོ་བོ་༧གོང་ས་མཆོག་དང་བོད་ཀྱི་ཕ་མེས་དམ་པ་ཚོའི་བྱས་རྗེས་ཡིན་པར་ཤེས་དགོས། གནས་ཚུལ་འདི་དག་གི་ཐོག་ཏུ་བོད་མི་སེམས་ལྡན་ཞིག་ཡིན་ན་བཀའ་དྲིན་ལ་བསམ་གཞིགས་བྱེད་དུས་མིག་ཆུ་སེམས་སུ་ལྷུང་ཡོང་བ་ཆོས་ཉིད་ཤིག་ལོས་ཡིན། བཀའ་སློབ་འདིས་ནག་བསུབས་མ་ཐུབ་པར་ཕྱེད་རང་བཙན་ལྷག་ཡོད་པར་བསྟན་གྱི་ཡོད།
མ་འོང་བོད་རང་བཙན་ལེན་སྟངས།
བཙན་བྱོལ་ནང་གི་རྩོམ་པ་པོའི་ཚོགས་གཙོ་ཆབ་བྲག་ལྷ་མོ་སྐྱབས་ལགས་ཀྱིས་སྡོམ་ཚིག་འདི་འདྲ་ཞིག་གནང་ཡོད། བདག་གིས་གོ་སྐབས་གང་ཞིག་རེ་བ་རྒྱག་གིན་ཡོད་ཟེར་ན་རྒྱ་ནག་དམངས་གཙོར་འགྱུར་བའི་ཉི་མ་དེའོ། དེའི་བར་ལ་ང་ཚོས་གཞན་མ་ཐུབ་ན་ཆོག
ངེས་པར་ཐུབ་དགོས་པ་གཅིག་ཡོད་པ་ནི་རང་གི་རིག་གཞུང་དང་རང་ཉིད་མཉམ་གནས་ཐུབ་རྒྱུ་འདི་རེད། ཞེས་གསུངས་ཡོད། སྡོམ་ཚིག་འདི་ནི་ཁོང་མི་གཅིག་གི་བསམ་ཚུལ་ཙམ་མིན་པར་བོད་མི་ཤེས་ཡོན་ཅན་མང་ཆེ་བའི་བསམ་ཚུལ་ཞིག་རེད།
འཚེ་མེད་ཞི་བདེའི་ལྟ་གྲུབ་ལ་གཞིར་བཅོལ་བའི་ཐོག་ནས་ང་རང་ཚོའི་ངོས་ནས་རང་བཙན་དང་རང་སྐྱོང་གང་བཤད་ཀྱང་གུང་ཁྲན་ཏང་གི་དཔོན་རིགས་ཚོའི་ངོས་ནས་ངོས་ལེན་བྱས་མེད་ལ་མ་འོངས་པར་ཡང་ངོས་ལེན་བྱེད་ཀྱི་མ་རེད། ད་་་ང་ཚོ་ལ་ཐབས་ཤེས་གཅིག་ཡོད་པ་ནི་གུང་ཁྲན་ཏང་ཤི་སྒུག་བྱེད་རྒྱུ་འདི་རེད། གུང་ཁྲན་ཏང་ཚེ་ཐུང་རེར་གཏོང་རྒྱུ་དེ་རེད། ང་ཚོས་གུང་ཁྲན་ཏང་ཤི་སྒུག་བྱེད་པའི་དུས་ཡུན་ནང་རང་ཉིད་ཤི་མི་འགྲོ་བ་གནང་དགོས་པ་ནི་གནད་འགག་ཆེ་ཤོས་རེད། རང་ཉིད་དང་མཉམ་དུ་རང་གི་སྐད་ཡིག་གཙོ་བོར་གྱུར་པའི་བོད་མི་རིགས་ཀྱི་ངོ་བོ་མཚོན་པའི་རིག་གཞུང་རྣམས་ལ་བདག་པོ་རྒྱག་ཐུབ་དགོས། སྐད་ཡིག་དང་རིག་གཞུང་བདག་པོ་རྒྱག་སྟངས་༢༠༠༩ ལོར་བྲིས་པའི་ཐ་སྙད་གསར་པའི་སྐོར་གྱི་རྩོམ་ཡིག་ནང་དུ་གསལ་སྟོན་བྱས་ཡོད་ལ། མ་འོངས་བཀའ་སྤྱི་གཉིས་སུ་སྙན་ཞུ་འབུལ་རྩིས་ཀྱང་ཡོད་པས་འདིར་གསལ་བཤད་དགོས་པར་མ་མཐོང་།
རང་བཙན་རྩོད་དུས་སུ་དང་པོར་རྩོད་ས་ངོས་འཛིན་ལ་དབྱེ་ན་གཉིས་ཡོད། གུང་ཁྲན་ཏང་དང་འཛམ་གླིང་རྒྱལ་སྤྱི་གཉིས་རེད། དང་པོར་གུང་ཁྲན་ཏང་གི་མཉམ་དུ་བོད་རང་བཙན་བཤད་ས་མེད། བོད་རང་བཙན་བཤད་ན་གུང་ཁྲན་ཏང་གིས་ང་ཚོ་གསོད་ཀྱི་རེད། གནད་དོན་གཅིག་རེད།
གཉིས་ནས་གུང་ཁྲན་ཏང་འདིས་རྒྱ་ནག་མི་དམངས་ཀྱི་སྐུ་ཚབ་མཚོན་ཐུབ་ཀྱི་མེད་ལ་རྒྱ་ནག་རྒྱལ་ཁབ་ཀྱི་བདག་པོ་ཡང་མིན་པས་སྐད་ཆ་བཤད་ཀྱང་ཕན་ཐོགས་མེད། རྗེས་སུ་རྒྱ་ནག་ནང་དུ་དམངས་གཙོའི་ལམ་ནས་འོས་བསྡུ་བྱུང་བའི་སྲིད་འཛིན་དང་དབུ་ཁྲིད་སླེབས་དུས་སུ་བདག་པོའི་མཉམ་དུ་རང་བཙན་དང་རང་སྐྱོང་གང་བཤད་ནའང་དོན་དངོས་དང་མཐུན་པ་རེད། གྲུབ་འབྲས་ཤིག་ཀྱང་ཡོང་ངེས་རེད།
རྒྱལ་སྤྱིའི་ནང་དུ་བོད་རང་བཙན་རྩོད་སྟངས།
འཛམ་གླིང་འདིའི་ཐོག་ཏུ་མི་སྡེ་ཡི་སྤྱི་ཚོགས་ཤིག་དང་ཡུལ་ལུང་ཞིག་ལ་རྒྱལ་ཁབ་ཀྱི་ཐོབ་ཐང་ཡོད་མེད་དང་རང་བཙན་ཡོད་མེད་གཞིར་འཛིན་ས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ནང་དུ་དེབ་སྐྱེལ་ཡོད་མེད་རེད། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཁོངས་སུ་རྒྱལ་ཁབ་༡༩༢ ཡོད། རྒྱལ་ཚོགས་ཀྱི་ཚོགས་ཁོངས་སུ་འཛུལ་ཞུགས་བྱེད་པར་ཚོགས་ཁོངས་ཀྱི་རྒྱལ་ཁབ་དེ་དག་གིས་ངོས་ལེན་གནང་དགོས། གུང་ཁྲན་ཏང་གིས་ངོས་ལེན་གནང་གི་མ་རེད་ཏེ་ཁོ་རྒྱལ་ཁབ་གཅིག་གཅིག་པོ་རེད། དམངས་གཙོའི་སྤྱི་ཚོགས་ནང་དུ་གཅིག་གི་ཤུགས་ཙམ་མ་གཏོགས་མེད། གུང་ཁྲན་ཏང་ལ་རེ་བ་མི་རྒྱག་ཁོ་ཕར་ཞོག
ད་་་རྒྱལ་སྤྱིའི་་ཚོགས་ཁོངས་ཡིན་པའི་རྒྱལ་ཁབ་༡༩༡ གི་ངོས་ནས་བོད་རང་བཙན་ལ་ངོས་ལེན་ཡོང་ཐབས་བྱེད་དགོས། རྒྱལ་ཁབ་དེ་དག་གི་ནང་ནས་རྒྱལ་ཁབ་༣༧ ཙམ་གྱི་ནང་དུ་བཙན་བྱོལ་བོད་མི་གནས་སྡོད་བྱེད་ཀྱི་ཡོད། བཙན་བྱོལ་བོད་གཞུང་གི་ཚོགས་ཁོངས་ཡིན་པའི་བོད་རིགས་སྤྱི་མཐུན་ཚོགས་པ་བཙུགས་ཡོད། རང་རང་གིས་རང་ཉིད་ཀྱི་སྐྱབས་བཅོལ་ཡུལ་གྱི་རྒྱལ་ཁབ་དེ་དག་གིས་བཙན་བྱོལ་གཞུང་འདི་སྐྱབས་བཅོལ་གཞུང་ཞིག་དང་བོད་རྒྱལ་ཁབ་འདི་རྒྱལ་ཁབ་ཅིག་ཡིན་པར་ངོས་ལེན་ཡོང་ཐབས་ཁྲིམས་གཏུག་བྱེད་དགོས།
བཙན་བྱོལ་བོད་གཞུང་གི་ངོས་ནས་ཀྱང་འཚེ་མེད་ཞི་བདེའི་ལྟ་གྲུབ་ལ་གཞིར་བཅོལ་ནས་བཙན་བྱོལ་བོད་མིའི་སྐྱབས་ཡུལ་གྱི་རྒྱལ་ཁབ་ཁག་གི་ཁྲིམས་ཁང་ནང་དུ་ཁ་མཆུ་རྒྱག་དགོས་ལ། རྒྱལ་ཁབ་རེ་རེའི་ངོས་ནས་བཙན་བྱོལ་བོད་གཞུང་འདི་སྐྱབས་བཅོལ་གཞུང་ཡིན་པ་དང་བོད་རང་བཙན་ཡིན་པར་རྒྱལ་སྤྱིས་ངོས་ལེན་ཡོང་ཐབས་ཀྱི་རྒྱབ་སྐྱོར་འཚོལ་དགོས། འཛམ་གླིང་ཐོག་གི་དམངས་གཙོ་རྒྱལ་ཁབ་ཁག་ཏུ་ཁྲིམས་གཏུག་བྱེད་ས་དང་དྲང་བདེན་བཤད་ས་ཡོད། ང་ཚོས་རྒྱབ་སྐྱོར་ཐོབ་ངེས་ཡིན་པས་ཡིད་ཆེས་བྱེད་ཆོག
སྲིད་འཛིན་བློ་བཟང་སེང་གེ་མཆོག་གིས་བོད་དོན་འཐབ་རྩོད་ཀྱི་ནུས་པ་བཅུ་དང་རྩ་དོན་གསུམ་གསུངས་ཡོད་པ་རྣམས་བེད་སྤྱོད་ཀྱིས་དམངས་གཙོ་རྒྱལ་ཁབ་ཁག་ཏུ་ཁྲིམས་གཏུག་བྱ་ཆོག ལྷག་པར་དུ་༧གོང་ས་མཆོག་གི་གཟི་བརྗིད་ཀྱི་ནུས་པ་ཧ་ཅང་ཆེན་པོ་རེད། འདི་བེད་སྤྱོད་བྱེད་ཆོག བོད་ཀྱི་ཁོར་ཡུག་གི་ནུས་པ་བེད་སྤྱོད་བྱེད་ཆོག ད་དུང་ཁ་མཆུ་མ་ཐོབ་ན་ཞི་བའི་ངོ་རྒོལ་གྱི་ཐོག་ནས་སྲོག་བེད་སྤྱོད་གཏོང་ཆོག བོད་མི་མང་པོས་བོད་ཀྱི་རྩ་དོན་ཐོག་ཏུ་ཤི་དགོས་པ་བྱུང་ན་གྲ་སྒྲིག་ཡོད་ཞེས་བཙན་བྱོལ་བོད་གཞུང་ལ་དེབ་སྐྱེལ་བྱས་ཡོད། འདི་དག་ནི་ཁྲིམས་གཏུག་གི་ནུས་པ་ཐོན་པའི་ཆ་རྐྱེན་ཡིན།
ཁྲིམས་གཏུག་ཐུབ་པའི་ཁྲིམས་རྩོད་པ།
ང་ཚོ་ལ་རྒྱལ་སྤྱིའི་ཁྲིམས་ལུགས་སུ་མཁས་པའི་སྲིད་འཛིན་བློ་བཟང་སེང་གེ་མཆོག་བསླེབས་ཡོད་པ་ནི་ཁྲིམས་རྩོད་ཐུབ་པའི་ཁྱད་ཆོས་གལ་ཆེ་ཞིག་ཚང་བ་རེད། དེང་སང་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་ནང་དུ་རྒྱལ་སྤྱིའི་ཁྲིམས་རྩོད་པའི་ཁྱད་ལས་སློབ་སྦྱོང་ཡོད་པ་བོད་མི་མི་ཉུང་བ་ཞིག་ཡོད། ཁྲིམས་རྩོད་པ་བོད་མི་འདི་དག་ནི་བོད་དོན་འཐབ་རྩོད་ཀྱི་ཆེད་དུ་གལ་ཆེན་པོ་ཆགས་ཡོད། མ་འོངས་པར་ཡང་ཁྲིམས་རྩོད་པའི་ཁྱད་ལས་པ་བོད་མི་མང་པོ་ཐོན་ངེས་རེད། ང་ཚོས་ཁྲིམས་གཏུག་ཐུབ་པའི་ཆ་རྐྱེན་རེད། ཁྲིམས་རྩོད་པ་འདི་དག་བཙན་བྱོལ་བོད་གཞུང་གི་ངོས་ནས་བདག་པོ་ཡག་པོ་རྒྱག་དགོས་ལ་བེད་སྤྱོད་ཡག་པོ་གཏོང་དགོས། འཛམ་གླིང་ཐོག་ཏུ་ཡོད་པའི་བོད་མི་ཁྲིམས་རྩོད་པ་རྣམས་ཀྱིས་རྒྱལ་སྤྱིའི་ཁྲིམས་ལུགས་དང་མཐུན་པ་ས་གནས་ཡུལ་ཁྲིམས་དང་མཐུན་པའི་ཐོག་ནས་བཙན་བྱོལ་བོད་གཞུང་གི་ཁྲིམས་གཏུག་བྱེད་སྟངས་གཏན་འབེབས་བྱ་དགོས། བཙན་བྱོལ་བོད་མི་རྣམས་ཀྱིས་ཁ་ཕྱོགས་དང་ལམ་ཕྱོགས་གཅིག་གི་ཐོག་ནས་བཙན་བྱོལ་བོད་གཞུང་འདི་རྒྱལ་སྤྱིས་ངོས་ལེན་ཡོད་པའི་སྐྱབས་བཅོལ་གཞུང་ལ་སྒྱུར་ཐུབ་པ་བྱེད་དགོས།
འཇམ་དབྱངས་ནོེར་བུ་ལགས་ཀྱིས་སྔར་ནས་སྟོན་བསྡད་པའི་བོད་རང་བཙན་གྱི་དཔང་རྟགས་རྣམས་དང་དཔང་རྟགས་གང་ཡོད་པ་ཚང་མ་གྲ་སྒྲིག་ཡོད་པའི་ཐོག་ནས་ཁྲིམས་ཁང་ནང་དུ་སྟོན་དགོས། བཙན་བྱོལ་བོད་གཞུང་གིས་ཁ་མཆུ་རྒྱག་སྟངས་གཏན་འབེབས་ཚར་དུས་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པ་ཁག་གིས་ས་གནས་ས་ཐོག་ཏུ་ལག་ལེན་བསྟར་དགོས། ཁྲིམས་རྩོད་པ་དང་དཔང་རྟགས། འཛམ་གླིང་ཐོག་གི་སྐད་ཡིག་མང་ཤོས་བཙན་བྱོལ་བོད་མིས་ཤེས་ཀྱི་ཡོད་པ། འཛམ་གླིང་རྒྱལ་ཁབ་མང་པོའི་ཁྲིམས་ལུགས་ཤེས་ཀྱི་ཡོད་པ་སོགས་བོད་མི་རིགས་འདི་ལ་ཁྲིམས་གཏུག་ཐུབ་པའི་ཆ་རྐྱེན་བཟང་པོ་ཞིག་ཚང་བསྡད་ཡོད་ད། ཀི་ཧུ་ཧུ།་་ཀི་ཧུ་ཧུ།་་ཀི་ཧུ་ཧུ།།
ནོར་བུ་རང་ལ་ཡོད་དུས་ནོར་བུའི་ནོར་ཉམས་ཆོད་དགོས་ཟེར་བ་འདི་འདྲ་ལ་གོ་དགོས་པར་འདོད་དོ།
རྒྱ་ནག་གི་དམངས་གཙོ་ལ་བོད་མིའི་འགན་ཁུར།
རྒྱ་མི་རིགས་དུང་ཕྱུར་མང་པོའི་རང་དབང་དམངས་གཙོ་ལ་བོད་མིས་འགན་ཁུར་དགོས། རྩོད་རོགས་བྱེད་དགོས། དམངས་གཙོ་དོན་གཉེར་བའི་རྒྱ་རིགས་རྣམས་དང་བློ་སེམས་གཅིག་སྒྲིལ་གྱི་ཐོག་ནས་རྒྱ་ནག་དམངས་གཙོ་ཅན་དུ་འགྱུར་བ་ལ་ཤུགས་རྒྱག་དགོས། ང་ཚོས་ངེས་པར་དུ་བསམ་བློ་གཏོང་དགོས་པ་ནི་མི་དམངས་བཅིངས་འགྲོལ་དམག་ཟེར་བ་འདི་རྒྱ་ནག་མི་དམངས་གསོད་མཁན་ལག་དམར་བ་ཞིག་ལ་མི་འགྱུར་ཐབས་བྱེད་དགོས། འདི་ལ་གཟབ་དགོས།
གུན་ཁྲན་ཏང་དམངས་གཙོ་ལ་སྒྱུར་དགོས་པ་ནི་སྤྱིར་མི་སེར་དུང་ཕྱུར་༡༣ གྱི་རང་དབང་དང་སྒེར་བོད་མི་རིགས་ཀྱི་ཐོབ་ཐང་དང་འབྲེལ་བ་ཆེ་བས་བོད་ཕྱི་ནང་གཉིས། བོད་གཞུང་དམངས་གཉིས་ཀྱིས་ཤུགས་བརྒྱབ་ནས་རྒྱ་ནག་དམངས་གཙོ་ལ་སྒྱུར་ཐུབ་པ་བྱ་དགོས།
མི་དམངས་བཅིངས་འགྲོལ་དམག
གུང་ཁྲན་ཏང་དམངས་གཙོར་སྒྱུར་བ་ལ་མི་དམངས་བཅིངས་འགྲོལ་དམག་ལ་བསམ་བློ་གཏོང་དགོས། མི་དམངས་བཅིངས་འགྲོལ་དམག་འདི་རྒྱ་ནག་མི་དམངས་གསོད་པའི་ཤན་པ་ལག་དམར་བ་ཞིག་ལ་མི་འགྱུར་ཐབས་བྱེད་དགོས། རྒྱ་ནག་ནང་དུ་དམངས་གཙོའི་ལས་འགུལ་བས་གྱེན་ལངས་ཆེན་པོ་བྱུང་ན་མི་དམངས་བསྡམས་གསོད་བྱེད་མདོག་ཁ་བོ་རེད། འཇིགས་སྣང་ཆེ་ཤོས་འདི་རེད། རྒྱ་ནག་དམངས་གཙོ་དོན་གཉེར་བ་ཚོས་བསམ་བློ་གཏོང་དགོས་པའི་སྐད་ཆ་གཅིག་རེད།
མི་དམངས་བཅིངས་འགྲོལ་དམག་གིས་མི་སེར་མི་གསོད་པའི་གདེང་ཚོད་མེད་ན་རྒྱ་ནག་དམངས་གཙོ་ལ་སྒྱུར་འདོད་བྱེད་ན་ནོར་འཁྲུལ་རེད། དང་པོར་མི་དམངས་བཅིངས་འགྲོལ་དམག་ལ་བསླབ་བྱ་རྒྱག་དགོས། དེ་ཡང་དམག་མི་དེ་དག་ལ་ཨ་མ་ཡོད་མདོག་ཁ་བོ་རེད། རང་རང་གི་ཨ་མ་ལགས་ཚོས་རང་གི་བུ་དེ་ཨ་མ་རང་ཉིད་མི་གསོད་པའི་དམག་མི་ཞིག་དང་སྤུན་ཟླ་མི་གསོད་པ། རྒྱ་ནག་མི་དམངས་དུང་ཕྱུར་༡༣ གྱི་ཐོག་ཏུ་མེ་མདའ་མི་རྒྱག་མཁན་གྱི་མི་དམངས་བཅིངས་འགྲོལ་དམག་མི་ཞིག་ཡོང་ཐུབ་པའི་བསླབ་བྱ་རྒྱག་དགོས།
རྒྱ་ནག་གི་རྩོམ་བྲིས་པ་དང་སྒྱུ་རྩལ་བ། གླུ་བ་དང་གླུ་མ་བཅས་ཀྱིས་མི་དམངས་བཅིངས་དམག་ལ་མི་དམངས་གསོད་མི་ཉན་པའི་བསླབ་བྱ་རྒྱག་རོགས་བྱོས། རྒྱ་རིགས་དུང་ཕྱུར་མང་པོའི་སྲོག་གི་ཆེད་དུ་བསམ་བློ་ཐོངས། རྒྱ་མཁས་དབང་ཚོ།།
མཇུག་སྡོམ།
འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ནང་དུ་དེབ་སྐྱེལ་ཐུབ་པའི་ཉིན་མོ་དེ་ནས་བོད་རང་བཙན་ཐོབ་ཚར་བ་རེད་ལ་གུང་ཁྲན་ཏང་ཤི་སོང་ན་ས་ཆ་ཚུར་ལེན་གཅིག་པོ་རེད། གུང་ཁྲན་ཏང་སྡོད་པའི་རིང་དུ་བོད་མི་རྣམས་ཀྱིས་མ་འོངས་བོད་རང་བཙན་ཐོབ་དུས་སུ་བོད་ཀྱི་ཆབ་སྲིད་དང་དཔལ་འབྱོར་རིག་གནས། ཕྱིའི་རྒྱལ་ཁབ་ཁག་གི་ཁྱད་ལས་བོད་ཡིག་ནང་དུ་སྒྱུར་བ་དང་ཁ་བ་རི་པ་ལ་དགོས་མཁོ་ཆེ་བའི་རིག་གནས་རྣམས་ནང་འདྲེན་བྱེད་དགོས། དེ་འདྲ་མ་ཐུབ་ན་རང་བཙན་ཐོབ་ཀྱང་བདེ་སྐྱིད་མི་ཐོབ། རང་བཙན་ཐོབ་ཀྱང་རང་ཡུལ་ཟིན་མི་ཐུབ། རང་བཙན་ཐོབ་ཀྱང་འཚོ་བ་མི་འཁྱོངས། ངེས་པར་དུ་བྱ་ཐུབ་པ་བྱེད་དགོས།
ངས་ཅིག་བཤད་པ་འདི་༧གོང་ས་མཆོག་གི་རྒྱ་སྐྱིད་བོད་བདེ་ཡི་ལྟ་གྲུབ་དང་མི་འགལ་ལ་བཀྲས་མཐོང་གི་རང་ཐག་རང་གཅོད་ཀྱི་ལམ་ཕྱོགས་དང་མཐུན་གྱི་ཡོད། བདེན་པ་ཁྲིམས་ལུགས་ཀྱི་མདུན་སར་ཨུ་ཚུགས་རྒྱག་སྟངས་འདི་ཟམ་གདོང་གི་བདེན་པའི་ཨུ་ཚུགས་ཟེར་ནའང་འདི་འདྲ་ཞིག་མིན་ནམ་སྙམ། དགེའོ།
རྩམ་པ་ཡུན་རིང་ཟས་པའི་རིན་འབབ་ལ།།
རྩམ་གཟན་བོད་མི་རྣམས་ཀྱི་ཞབས་དྲུང་དུ།།
རྩམ་ཕྲུག་ཅོ་རིའི་སྙིང་གིས་མ་བཟོད་པར།།
རྩམ་སྐད་འདི་དག་ཁ་ནས་ཤོར་སོང་ངོ་།།
༢༠༡༡ ལོའི་སྤྱི་ཟླ་༡༢ པའི་ཚེས་༡༣ ཉིན་བྲིས། བོད་རང་བཙན་རྒྱལ་ལོ།།
རྩོམ་འདིར་དུས་སུ་བབས་པའི་ཁྱད་ཆོས་འདུག བསྐྱར་དུ་བགྲོ་གླེང་གནང་འོས་པ་ཞིག་རེད།
ལྡོང་སྲས་ལགས་ཐུགས་རྗེ་ཆེ།
དུས་རྟག་ཏུ་བོད་རང་བཙན་འཐབ་རྩོད་པ་ཚོའི་ཐོག་ཏུ་དགག་པ་རྒྱབ་མཁན་ཚོས་ངོས་ནས་རང་བཙན་འཐབ་རྩོད་པ་ཚོ་ལ་བོད་རང་བཙན་ལེན་སྟངས་ཀྱི་འཆར་སྒོ་མི་འདུག ཐབས་ཇུས་མི་འདུག ཁ་སྟོང་ནང་གི་སྐད་ཆ་རེད་ཟེར་ནས་ང་ཚོ་ལ་དགག་ཡོང་གི་རེད།
ང་ཅོ་རི་བོད་རང་བཙན་འཐབ་རྩོད་པའི་གྲལ་ནས་ཤེས་ཡོན་ཆུང་ཤོས། རིག་གནས་སྐྱོ་ཤོས་གྲལ་ཡིན། ཡིན་ནའང་ང་ཅོ་རི་ལ་ཡང་འཆར་སྣང་འདི་ཙམ་ཡོད་མ་གཏོགས་ཅི་བསམ་འདི་དྲན་མེད་པ་དེ་འདྲ་མིན། ངའི་བློ་མཐུན་རྣམས་ལ་ཆ་བཞག་ན་འདི་ལས་ཐབས་ཇུས་དང་འཆར་སྒོ་མང་བ་ཡོད་ངེས་ཡིན།
འཇར་ནོར་དང་ཀླུ་བྱམས་གཉིས་གཙོ་བོ་གྱུར་པའི་བློ་མཐུན་རྣམས་ལ་ཐབས་ཇུས་བཟང་པོ་དེ་འདྲ་་ཡོད་ངེས་རེད་བསམས་ཀྱི་ཡོད། ད་དུང་འདི་ལས་མང་བའི་ཐབས་ཇུས་ཡང་ཅོ་རིའི་ཀླད་པའི་ནང་དུ་ཡོད། ཡོད་ཚོད་ཚང་མར་ཕྱི་ལ་སྟོན་མི་རུང་བ་འདུག་པ་མ་གཏོགས་མང་པོ་ཞུ་རྒྱུ་ཡོད།
ངས་ངོས་ནས་བོད་མི་རིགས་ལ་དམག་རྒྱབ་ཐུབ་པའི་ཆ་རྐྱེན་ཚང་མེད་པ་ཤེས་ཀྱི་ཡོད། ཁྲིམས་གཏུག་ཐུབ་པའི་ཆ་རྐྱེན་ཚང་ཡོད་པར་ངོས་འཛིན་བྱེད་བཞིན་ཡོད། ཆ་རྐྱེན་ཚང་ཡོད་པའི་ལས་ཀ་དེར་བྱས་ན་ལས་དོན་འགྲུབ་ངེས་རེད། ལས་དོན་འགྲུབ་ན་གྲུབ་འབྲས་ཡོང་གི་རེད།
གཉིས་པ་་་་་ད་དབུ་མའི་ལམ་ཚང་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་ལེན་ཐབས་པའི་ཐབས་ཇུས་དང་འཆར་སྒོ་ཅི་ཡོད་དམ། ཁ་རང་བཙན་པའི་ཐོག་ཏུ་གཅིག་པོ་བསྐོར་ནས་ཕན་གི་མ་རེད། སོ་སོའི་ཐོག་ཏུ་བསྐོར་ནས་གཅིག་གསུང་རོགས་བྱོས་དང་། གཞན་ཐབས་ཇུས་བཟང་པོ་དེ་འདྲ་མེད་ནའང་་་གྲོལ་མོལ་ཡོང་ཐུབ་པའི་ཐབས་ཇུས་ཤིག་བཤད་ཀྱི་ཡོད་དམ།་་་་ཧཧ མེན་ན་ཁ་སྟོང་ནང་གི་ཚིག་སྟོང་དེ་ཁྱོད་རང་ཚོ་རེད་ད།
རྩོམ་འདིར་འགོ་ནས་བཟུང་ཅུང་ཀློག་འོང་དུས་ཆ་ཚང་ཀློག་ཉམས་མི་བྲོ་ནི་ཞིག་བྱུང་། ཅི་ཞིག་ལ་ཟེར་ན། རྩོམ་འདིས་ངར་སྦྱིན་གྱིན་པ་ནི་ཅི་ཡང་མི་ཤེས་པའི་རྨོ་རྒན་འགའི་ཁ་བརྡ་དང་། ཅི་ལ་མི་བསམ་པའི་མགོ་སྟོང་སྐོར་ཞིག་གི་ཁ་ལབ་འདྲ་བའི་སྣང་བརྙན་དེ་རེད། ངོ་མ་ཡིན། སྐད་ཆར་གཏན་ཚིག་དགོས་པ་རེད། སྐད་ཆར་འགན་འཁྲི་དགོས་པ་རེད། སྐད་ཆར་གསར་གཏོད་དགོས་པ་རེད། ཅི་ཞིག་ན་རེ། དེས་ན་ཁྱོད་ཀྱིས་ཐེངས་འདིའི་གླེང་བྱའི་རྩོམ་དེའི་དོན་དངོས་ལ་བསྙེགས་ནས་ཐེར་འདོན་བྱོས་ཟེར་ན། དངོས་གནས་ངལ་བའི་རྒྱུ་རང་རེད། གང་ལྟར། ཅིས་ཀྱང་འདིར་ཟེར་དགོས་པ་ཞིག་པ་ལ། ནམ་ཞར་རང་བཙན་བསམས་ནས་གཅིག་བཤད་འདུག་རྒྱུ་དེ་རང་བཙན་འཐབ་རྩོད་པ་ཞིག་ལ་ཚང་དགོས་པའི་ཆ་རྐྱེན་ཞིག་ཡིན་དུ་ཆུག་ཀྱང་། འུ་ཚོའི་རང་བཙན་འཐབ་རྩོད་པ་ཕལ་ཆེར་ལ་མ་མཐའི་ཆ་རྐྱེན་འདིའང་གཙང་དག་ཅིག་ཡོད་མེད་ངར་དོགས་པ་ཡོད།
ཅོ་རིས་ཀྱང་སྤྱི་འཐུས་ཀརྨ་ཆོས་འཕེལ་གྱིས་འགྲེལ་རྒྱག་སྟངས་བཞིན་འགྲེལ་གྱི་འདུག དེ་འགྲེལ་གསར་བ་ཞིག་རྒྱག་རྒྱུ་མེད་པ་རེད།དེ་སྲིད་དབང་ཆ་ཚང་མི་དམངས་ཀྱིས་བདམས་པའི་སྲིད་སྐྱོང་ལག་ཏུ་རྩིས་སྤྲོད་བྱེད་རྒྱུ་དེ་རེད།
རང་བཙན་དང་རང་དབང་ནམ་ཡང་ནོར་མི་ཉན་།ཧཧཧ
དཀྲུགས་ཤིང་དང་སྐར་ལྔའི་དར་དམར་ལས་ཅི་ཡང་མི་ཤེས་པའི་ནག་ཕྱོགས་གཟུགས་མེད་ཁ་ཤས་འདིར་ཡོང་ནས་འུར་རྒྱག་གིན་པ་ནི་དབུ་མའི་རྒྱབ་བསྐྱོར་བ་ཚོའི་རང་མཚང་ཕྱིར་མངོན་པ་དང་། སྐར་དར་དམར་དང་དབུ་མའི་ལམ་གཉིས་གཅིག་ཡིན་ཞེས་པ་དེ་རེད།
ཅོ་རི་ལགས་སྐྱོ་པོ་བྱུང་དངོས་གནས་སྐྱོ་པོ་བྱུང་་་་་་ཕྱི་རྒྱལ་ཁབ་གཅིག་གི་བོད་ཀྱི་རྒྱལ་དར་འགྲེངས་པ་དེས་རང་བཙན་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་ཟེར་ཁུང་ལུང་མེད་པའི་ཕྲུ་གུ་ཆུང་ཆུང་གི་སྐད་ཆ་འདྲ་བོ་མ་གསུངས་རོག་གནང་
ཅོ་རི་ལ་གང་ཡོད་པ་དེ་ཕྱི་ལ་བསྟན་འདུག ཅོ་རི་འདི་ནས་ཤེས་ཐུབ་སོང་། ཅོ་རིའི་མི་ཚེ་ཁ་བརྡ་རུ་ལུས་འདུག
བློ་མཐུན་ཅོ་རིས་ལོ་ལྔའི་ཡར་སྔོན་སྤེལ་བའི་དགོངས་ཚུལ་རེད། དེང་སྐབས་དེ་ལས་ལྷག་པའི་འཐུས་ཚང་ཅན་དུ་གྱུར་ཡོད་ངེས། ཁྱོད་རང་ཚོར་ག་རེ་ཡོད་དམ། སོ་སོ་ཨ་མདོའི་ནང་དཀྲུགས་ཡ་གཅིག་པུ་ལས་ཅི་གང་མགོ་ཚོས་ཀྱི་མེད་པ། ངོ་ཚ་ཡ་རང་རེད།