བློ་སྦྱིན། (རྡ་ས།)
བོད་ཀྱི་གྲོས་ཚོགས་ནང་ཆོས་བརྒྱུད་སྤྱི་འཐུས་མེད་པ་ཡིན་ན། བོད་ཀྱི་ཆོས་རིག་སྲུང་སྐྱོབ་ཐད་ལམ་ལྷོངས་མི་ཡོང་བའི་དབང་གིས་ཡིན་ནམ། ཡང་ན་དེ་ལས་གཞན་པའི་སྐྱོན་གཞན་ཞིག་ཡོད་པ་ཡིན་ནམ། མ་གཞི་ནས་གྲོས་ཚོགས་ནང་ཆོས་བརྒྱུད་སྤྱི་འཐུས་ཤིག་ཅིས་ཀྱང་ཡོད་དགོས་པའི་རྒྱུ་མཚན་དང་གནད་འགག་ནི་ཐོང་ཐང་ཙམ་གྱི་སྐད་ཆ་དང་གནད་དོན་མིན་པར། དེའི་ཁེ་ཕན་དང་དགོས་པ་དམིགས་ཡུལ་གང་འདྲ་ཞིག་ལ་ཐུག་བསྡད་ཡོད་དམ།
ཆོས་བརྒྱུད་སྤྱི་འཐུས་ཅིས་ཀྱང་ཡོད་དགོས་པའི་དབང་དུ་བཏང་ནའང་། དཔེར་ན་རང་རེ་བོད་ལ་དཔལ་མཉམ་མེད་བཀའ་བརྒྱུད་ཆེ་བཞི་ཆུང་བརྒྱད་སོགས་ཆོས་བརྒྱུད་བྱེ་བྲག་པ་མང་པོ་ཡོད་ལ། དེ་དག་རེ་རེ་ལའང་གདམས་ངག་དང་བརྒྱུད་པ་བརྒྱུད་འཛིན་སོགས་མང་པོ་ཡོད་པ་མ་ཟད། བསྟན་འཛིན་གྱི་སྐྱེས་བུ་དམ་པ་རྣམས་ཀྱི་ཐུགས་སྨོན་དང་གདུལ་བྱའི་ཁམས་མོས་མི་འདྲ་བའི་དབང་གིས། གདམས་ངག་དང་བརྒྱུད་པ་མི་འདྲ་བ་སོ་སོར་མང་པོ་ཡོད་པ་རེད། ད་དུང་ཁ་ཆེ་དང་ཡེ་ཤུ་སོགས་ཀྱང་མང་ཉུང་ལ་མ་ལྟོས་པར་བོད་པའི་ཁྱིམ་ཚང་ནང་ཡོད་དང་ཡོད་བཞིན་པ་འདི་རེད།
དེ་དག་གིས་ཀྱང་ནམ་ཞིག་ད་རེས་དཔལ་མཉམ་མེད་ཇོ་ནང་པའི་བརྒྱུད་འཛིན་དང་རྗེས་འབྲངས་དུ་མས་ད་ལྟ་འགྲོ་བཞིན་པའི་གྲོས་ཚོགས་ཀྱི་མདུན་ཐང་དུ་ཞུ་འབོད་ནས་ཟས་བཅད་ངོ་རྒོལ་གྱི་བར་ལས་འགུལ་འགྲོ་བཞིན་ཡོད་པ་འདི་བཞིན་བྱས་ནས་ཐོབ་ཐང་བརྩད་པ་ཡིན་ན། ཕྱོགས་གཅིག་ནས་བོད་ཀྱི་མང་གཙོ་ཡར་རྒྱས་ཕྱིན་ཏེ་སྤུས་ཀ་ཇེ་དག་དང་འཐུས་སྒོ་ཇེ་ཚང་དུ་འགྲོ་བཞིན་ཡོད་པའི་མཚོན་རྟགས་ཤིག་ཡིན་རྒྱུ་རེད་དེ། ཡང་ཕྱོགས་གཞན་པ་ཞིག་ནས་བལྟས་ཚེ། གངས་སྐྱིད་དང་གདན་ས་ཁག་དང་དེ་བཞིན་དུ་གྲོས་ཚོགས་རྭ་བ་དང་འདུ་ཁང་གཉིས་ཁྱད་མེད་ལྟ་བུ་ཞིག་ཆགས་སོང་བ་ཡིན་ན། ནམ་ཞིག་ཅིག་ནས་ཉ་ཉུང་མཉམ་བསྲེས་དང་ཁྱོད་ཤི་ང་གསོན་དབར་གྱི་འཐབ་རྩོད་ལྟ་བུ་ཞིག་ཆགས་ཏེ། ཐོབ་ཐང་ཁོ་ན་བརྩད་དེ་བསྡད་ན་དགོས་པའི་དོན་གྱི་སྙིང་པོ་སྤྱི་དོན་རས་སུ་བོར་ཏེ་ཉམས་ཆགས་སུ་འགྲོ་རྒྱུའི་ཉེན་ཁ་ཡང་མཐོང་ངོ་།།
ཅི་སྟེ་ཐོབ་ཐང་ཙམ་གྱི་གནད་དོན་མིན་པར། དེ་ལྟར་ཡོད་དགོས་པའི་དགོས་པ་རྒྱུ་མཚན་དམིགས་བསལ་ལྷག་པོ་འདི་ཡོད་ཅེས་ཟེར་ན་ནི། དགོས་པ་དང་རྒྱུ་མཚན་འདི་རེད་ཅེས་སྟོན་ཅིག་དང་སློབ་སྦྱོང་གཟབ་ནན་བྱེད་ངེས་ཡིན། ཆོས་བརྒྱུད་སྤྱི་འཐུས་ཚོར་ཆོས་རིག་བཀའ་བློན་གྱི་ཕྱག་ལས་ལས་ལྷག་པའི་མཛད་པ་ལྷག་པོ་གཞན་གང་ཞིག་སྐྱོང་རྒྱུ་མེད་ན། ཐོབ་ཐང་རྡོ་ཡིན་ཡང་མུར་ཞེས་པའི་ཁ་དཔེ་ལྟར་སླར་ཡང་ཐོབ་ཐང་ཙམ་གྱི་སྒང་ལ་བབ་སོང་བ་མ་ཡིན་ནམ།
དེ་འདྲ་ཡིན་ཚེ། དེ་ལྟར་ཐོབ་ཐང་རྐྱང་རྐྱང་གི་འདོན་པ་བཏོན་ཏེ་བཞུགས་པ་ཡིན་ན། འོ་སྐལོ་གྱི་བོད་མིའི་སེམས་ནང་གང་ཞིག་དྲན་གྱི་རེད། མ་ཟད་ཆོས་བརྒྱུད་ཁག་གི་སྤྱི་འཐུས་ཡོད་པའི་རྒྱུ་མཚན་གྱིས་གྲྭ་བཙུན་ཚོར་འོས་ཤོག་ཐེངས་གཉིས་འཕེན་པའི་ཐོང་ཐང་སྤྲོད་དགོས་ཆགས་ཤིང་། བོད་མ་གཏོགས་ཡང་དག་པའི་མང་གཙོའི་སྤྱི་ཚོགས་གང་ཞིག་གི་ནང་ནའང་རྒྱལ་ཁབ་དེའི་ཡུལ་མི་གཅིག་ལ་འོས་ཤོག་གཉིས་འཕེན་ཆོག་པའི་ལམ་དང་ལུགས་སྲོལ་ཡོད་དམ། འདི་གཅིག་པུའི་ཐོག་ནས་བལྟས་ཀྱང་བོད་ཀྱི་མང་གཙོ་དེ་འདྲ་མཉམ་མིན་པའི་ལྟ་ཚུལ་འཛིན་མཁན་དང་གླེང་མཁན་མང་དུ་ཡོང་གི་ཡོད་པ་དེ་རེད།
དེས་ན་དཔེར་ན་ནང་པའི་རྒྱལ་ཁབ་དང་མང་གཙོའི་རྒྱལ་ཁབ་ཐེ་ལན་ཌྲིའི་ནང་ཡུལ་དེ་བ་རྣམས་ཀྱི་གྲྭ་བཙུན་ཚོར་འོས་འཕེན་གྱི་ཐོབ་ཐང་ལོས་ཀྱང་ཡོད་མོད་དེ། ཡིན་ནའང་ཁོང་རྣམ་པ་སྤྱི་འཐུས་སུ་ལངས་ཏེ་ཐད་ཀར་སྲིད་ལ་ཐེ་བྱུས་བྱེད་པའི་ལུགས་སྲོལ་མེད་པ་དེ་བཞིན་དུ། ཉེ་བའི་སྔོན་ནས་འབྲུག་རྒྱལ་ཁབ་ཀྱིས་ཀྱང་ཐག་རིང་ཐག་རིང་ལ་དགོངས་པ་བཞེས་ཏེ། གྲྭ་བཙུན་རྣམ་པས་སྲིད་ལ་ཐད་ཀར་ཐེ་བྱུས་བྱེད་པའི་ལུགས་སྲོལ་དེ་གཙང་མ་བཟོས་པ་དེ་རེད། རང་རེ་བོད་པས་ཀྱང་དེ་འདྲའི་ལུགས་སྲོལ་གཙང་མ་དང་སྟབས་བདེ་དེ་ཚོར་མིག་དཔེ་བལྟས་ཏེ་ལེགས་ཆ་ལེན་མི་ཆོག་པ་ཅི་ཡིན་ནམ།
དཔེར་ན་༸རྒྱལ་བ་རིན་པོ་ཆེ་མཆོག་གིས་བོད་ཀྱི་ལོ་རྒྱུས་ནང་བྱུང་བའི་གཞུང་ས་དགའ་ལྡན་ཕོ་བྲང་གིས་བོད་ཀྱི་སྲིད་དབང་ལ་ཐེ་བྱུས་དང་འགན་དབང་འཁྱེར་རྒྱུ་དེ་མཇུག་བསྡུས་པའི་སྤྱན་ལྟོས་འདི་གཅིག་པུའི་ཐོག་ནས་ང་ཚོར་གོ་རྟོགས་སད་རྒྱུ་དང་སློབ་སྦྱོང་བྱེད་རྒྱུ་མང་པོ་ཞིག་ལོས་ཡོད།
མ་ཟད་ཁོང་གིས་གྲྭ་བཙུན་ཚོ་ཆབ་སྲིད་ཚོགས་པ་སོ་སོའི་ཁོངས་སུ་འགྲན་རྩོད་ལ་ཞུགས་པ་དེ་གཏན་ནས་ཡག་པོ་མེད་པའི་བཀའ་སློབ་ལམ་སྟོན་ཐེངས་མང་གནང་གི་ཡོད་དེ་རེད། དེ་དང་འབྲེལ་ཏེ་ཉེ་ཆར་ཆོས་བརྒྱུད་སྤྱི་འཐུས་ཁག་གཅིག་གིས་དགོངས་པ་ཞུས་པ་དང་། ཡང་གོ་རྟོགས་ཅན་དང་ལྷག་བསམ་ཅན་རེ་འགས་གྲོས་ཚོགས་ནང་ཨུ་ཚུགས་ཀྱིས་རྐུབ་བཀྱག་བསྲུངས་ནས་མི་འདུག་པར། མི་འཇོན་པོ་དང་ཡ་རབས་ཤེས་ཡོན་ཅན་ལྷག་བསམ་ཅན་ཚོར་ས་མིག་དང་གོ་སྐབས་སྤྲོད་དགོས་པའི་དགོངས་འཆར་དང་སྦྲགས་ཏེ་སྤྱི་འཐུས་ནས་དགོངས་ཞུ་བྱས་པ་ལྟ་བུ་རེད།
བོད་ཀྱི་གྲྭ་བཙུན་ཚོས་བོད་ཀྱི་ཆོས་རིག་སྲུང་སྐྱོབ་དར་སྤེལ་དང་མི་ཉམས་རྒྱུན་འཛིན་བྱེད་དགོས་པ་ནི་སྨོས་མེད་ཅིག་ཡིན་དང་ཡིན། དེ་བཞིན་དུ་ཁ་སང་དང་དེ་རིང་སང་ཉིན་གྱི་བོད་པའི་ཆོས་སྲིད་གང་ཅིའི་གནས་སྟངས་རྣམས་ལ་སློབ་སྦྱོང་ཡག་པོ་བྱས་ཏེ་ཤེས་ལོས་དགོས། ཡིན་ནའང་དེ་ཤེས་པ་ལ་ཅིས་ཀྱང་སྲིད་དོན་ནང་ཐད་ཀར་འཛུལ་དགོས་པའི་དགོས་པ་དང་རྒྱུ་མཚན་དམིགས་བསལ་ལྷག་པོ་དེ་ནི་ད་དུང་ཡང་བདག་གིས་མ་རྙེད་དོ།།
དེས་ན་བོད་ཀྱི་ཆོས་བརྒྱུད་ཁག་དང་གདན་ས་སོ་སོའི་འབྲེལ་ཡོད་འཐུས་ཚབ་རྣམ་པ་ཆབ་སྲིད་ཀྱི་གོ་རྟོགས་ཡག་པོ་ཡོང་སླད་ཟུར་གྲོས་ཚོགས་འཚོགས་སྐབས་ཟུར་ཉན་ནམ་ཟུར་ཞུགས་བྱས་ན་དེས་མ་ཆོག་པ་ཞིག་ག་ལ་ཡོད། དམིགས་བསལ་དྲི་བ་དང་དགོངས་འཆར་རེ་འབུལ་རྒྱུ་ཡོད་ནའང་ཆོལ་ཁུངས་སོ་སོའི་སྤྱི་འཐུས་བརྒྱུད་ནས་དྲིས་ན་ཅི་ཞིག་མ་འགྲིག་པ་ཡིན་ནམ།
འོན་ཏེ་ཆོས་བརྒྱུད་ཁག་གི་སྤྱི་འཐུས་རྣམ་པ་བསྐོ་བཞག་མ་བྱས་ཚེ། ཆོས་བརྒྱུད་དེ་དག་གི་ལྷ་སྡེ་མི་སྡེ་དང་བཅས་པ་བོད་ཀྱི་ཆབ་སྲིད་ཀྱི་སྲུང་སྐྱོབ་དང་ཁེ་ཕན། ཐོབ་ཐང་དང་བཏང་འཛིན་སྐྱོང་འོག་འདུ་མི་ཐུབ་པའི་ཉེན་ཁ་ཡོད་པ་ནི་ཡིན་མི་སྲིད། ནམ་ཡང་ཡིན་མི་སྲིད་པར་འདོད།
གལ་ཏེ་དགོས་པ་རྒྱུ་མཚན་ལྷག་པོ་དེ་འདྲ་ཞིག་ལ་དགོངས་པ་ཡིན་ན་ནི། ཆོས་བརྒྱུད་གཞན་པ་རྣམས་ལ་སྤྱི་འཐུས་ཀྱི་ཐོབ་ཐང་ཡོད་པ་ལྟར། ལོ་མང་རིང་དཀའ་ལས་བརྒྱབ་སྟེ་ཐོབ་ཐང་རྩོད་བཞིན་པའི་༸དཔལ་རྒྱལ་བ་མཉམ་མེད་ཇོ་ནང་པ་ལ་ཡང་ཆོས་བརྒྱུད་ཅིག་གི་ངོས་འཛིན་དང་དེ་འབྲེལ་སྤྱི་འཐུས་ཀྱི་ཐོབ་ཐང་ཞིག་ཅི་ལ་མི་འོས་ཏེ་ཤིན་ཏུ་འོས་ཤིང་སྐབས་སུ་བབ་བ་མ་ཟད། ཕྱིས་དྲག་པའི་ཚོད་རེད།
ད་དུང་ཡང་གྲོས་ཚོགས་ནས་གནད་དོན་དེ་ཐག་གཅོད་གནང་ཐུབ་ཀྱི་མེད་ཚེ། དེ་ལྟར་ཐག་གཅོད་བྱེད་མ་ཐུབ་པའམ་མི་ཐུབ་པའི་རྒྱུ་མཚན་དེ་ཅིས་ཀྱང་གསལ་བཤད་གནང་དགོས་ཤིང་། ཇོ་ནང་ལྷ་སྡེ་མི་སྡེ་ཚོར་ཡང་དེ་གསལ་བོ་ཤེས་རྒྱུའི་ཐོབ་ཐང་དང་འདོད་པ་སྐོམ་པ་ཆུ་འདོད་ལྟར་ཡོད་པ་གདོན་མི་ཟ་བ་ཞིག་རེད།།
མང་གཙོ་རྒྱལ་ལོ།།
བདེན་པ་རྒྱལ་ལོ།།
བོད་རྒྱལ་ལོ།།
འདི་ནས་གོང་གི་རྩོམ་པ་པོའི་དྲི་བར་ལན་རག་ཁག་པོ་རེད་ལ། ཡང་། རྩོམ་པ་པོའི་རིགས་པར་རྒོལ་མཁན་དེ་ལས་ཀྱང་ཁག་པོ་རེད། རྒྱུན་ལྡན་དྲ་འདིར་ཡོད་ཡོད་པའི་སྨྱོ་ཟེར་གཟའ་ཟེར་མཁན་ཏེ། ཅི་ལ་མི་འབྲེལ་ནི་འབྲི་རྐྱང་གནང་མཁན་གྱི་མཆན་འདེབས་པ་ཚོ་བཤད་མི་དགོས་པ་གྱིས། ངས་ནི་རྩོམ་འདིར་ཡོད་པའི་དྲི་བར་ལན་རྒྱག་མ་ཤེས་པ་ཡིན་ལ། རིགས་པའང་རྒོལ་མ་ཐུབ་པ་ཡིན།
བཀའ་བརྒྱུད་ནང་གསེས་དེ་ཚོ་ཁྱེར་ཡོང་ནས་ཇོ་ནང་གི་སྤྱི་འཐུས་ཐོབ་ཐང་ལ་དཔེ་སྦྱར་བ་འདི་དག་དག་ཅིག་བསྡད་ཡོད་དམ། ཁ་སང་དེ་རིང་གི་རྙོག་དྲ་དེ་ཡང་”དགོངས་བཞེད་”འདི་ལྟ་བུ་ཞིག་གི་འོག་ནས་བྱུང་པ་མ་རེད་དམ། ཇོ་ནང་པས་ཉེས་ཏག་རེག་ཡོང་། བཤད་མི་ཤེས་ན་གཡུག་ཞོག་ཡ། ཧ་ཧ་ཧ
གྲོགས་བཟང་གཅན་བཟོད་རྒྱམ་ལགས།
༸དཔལ་རྒྱལ་བ་མཉམ་མེད་ཇོ་ནང་པ་ལ་ཆོས་རྒྱུད་ཅིག་གི་ངོས་འཛིན་གསལ་བོ་ཞིག་གནང་བའི་ཐོག་ནས་ཐོབ་ཐང་མི་དགོས་པའི་རྒྱུ་མཚན་དེ། ཇོ་ནང་འགྲོ་མགོན་༸དཔལ་ལྡན་ས་སྐྱ་ལས་མཆེད་པའི་ཕྱིར་ཞེས་ཟེར་བ་ནི་རྒྱུ་མཚན་ཡང་དག་ཏུ་འགྲོ་དཀའ་སྟེ། འོ་ན་༸དཔལ་མཉམ་མེད་རི་བོ་དགེ་ལུགས་པ་ཡང་ས་སྐྱ་ལས་མཆེད་པས་དེ་ལ་ཡང་ཆོས་རྒྱུད་སྤྱི་འཐུས་དགོས་རྒྱུ་མ་རེད་ཟེར་རམ།
རང་རེ་བོད་གངས་ཅན་ལྗོངས་ཀྱི་ཆོས་རྒྱུད་རྣམས་ཕན་ཚུན་བླ་སློབ་ཏུ་མ་གྱུར་པ་མེད་པའི་ཚོད་ཡིན་པས་རྒྱུ་མཚན་དེ་འདྲ་ཡིན་ན། ཆོས་རྒྱུད་ཀྱི་སྤྱི་འཐུས་སུ་ལའང་ཐོབ་ཐང་དེ་མི་དགོས་ཞེས་སྨྲས་ན་ཡག་ཤོས་དེ་རེད་ལགས།
དགོངས་འཆར་ལྷུག་སྩོལ་གནང་བར་བཀའ་དྲིན་ཆེ་གནང་།
ཨ་ཁུ་བློ་སྦྱིན་ལགས། ཁོམ་ན་ཡང་བསྐྱར་ལན་ཁ་གསལ་ཞིག་གནང་རོགས།
བཀའ་བརྒྱུད་ནང་གསེས་དེ་ཚོ་ཁྱེར་ཡོང་ནས་ཇོ་ནང་གི་སྤྱི་འཐུས་ཐོབ་ཐང་ལ་དཔེ་སྦྱར་བ་འདི་དག་དག་ཅིག་བསྡད་ཡོད་དམ། ཁ་སང་དེ་རིང་གི་རྙོག་དྲ་དེ་ཡང་”དགོངས་བཞེད་”འདི་ལྟ་བུ་ཞིག་གི་འོག་ནས་བྱུང་པ་མ་རེད་དམ།
དྲི་བ་གོང་ལྟར་རང་འཇགས་ཡིན། ཧེ་ཧེ་ཧེ
གྲ་ལོག་གྲ་བའི་ཞབས་འདྲེན་ཟེར་བ་འདི་རེད་། ཧ་ཧ་་་་
གང་ལྟར། རྩོམ་ཡིག་འདིའི་གནད་དོན་ནང་གི་གནད་དོན། ཆོས་རྒྱུད་སྤྱི་འཐུས་དགོས་པའི་1རྒྱུ་མཚན། དགོས་པའི་2དགོས་པ། དགོས་པའི་3དམིགས་ཡུལ་གསུམ་ལ་གཟས་པའི་དྲི་བ་དེ་ཚོ་རེད། དེས་མ་ཚད་ནི་ཞིག་ལ་སྟོང་ཐམ་པ་མཐོང་རུང་མཆོག་གི་རོར་འགྱུར་བ་མེད་པའི་རྒྱལ་དབང་ཚང་གི་བཀའ་ལུང་འགའ་དྲངས་འདུག་པ་དེ་ཚོ་རེད། ཧ་ཧ། (བཀའ་རྒྱུད་ནང་གསེས་)ཞེས་པའི་སྐོར་གྱི་རིགས་པ་དེ་ནི། ངས་བལྟས་ན་ཆོས་གཞུང་དུ་ཧ་ཅང་ཐལ་བའི་རིགས་པ་ཟེར་བ་ཞིག་ཡོད་པ་དེ་རེད་འདོད། ཨ་ལ་འདི་ཀུ་རེ་ཡིན།
གྲོགས་བཟང་གཅན་བཟོད་རྒྱམ་ལགས།
འོ་ན་༸དཔལ་རྒྱལ་བ་མཉམ་མེད་ཇོ་ནང་པ་ཆེན་པོར་སྤྱི་འཐུས་མི་དགོས་ཏེ། དེ་ནི་འགྲོ་མགོན་༸དཔལ་ལྡན་ས་སྐྱ་བ་ཆེན་པོའི་ཁུངས་ཡིན་པས་རེད། གསུངས་པ་ནི། རྒྱུ་མཚན་ཡང་དག་ཅིག་ཨེ་ཡིན་ལགས།
གནས་སྐབས་རིང་འཁོས་ཞན་ཆེ་ཆུང་དང་ཁ་རྗེ་དབང་ཐང་ཆེ་ཆུང་ཙམ་ལས། མགྲོ་མགོན་༸དཔལ་ལྡན་མཉམ་མེད་བཀའ་བརྒྱུད་རིན་པོ་ཆེའི་ནང་གསེས་ལ། བཀའ་བརྒྱུད་ཆེ་བཞི་ཆུང་བརྒྱད་སོགས་མང་པོ་ཞིག་ཡོད་པ་མ་ཟད། ཁོང་རྣམ་པས་ཀྱང་སྤྱི་འཐུས་ཐོབ་ཐང་བརྩད་ཆོག་ཆོག་ཏུ་ཡོད།
བོད་ཀྱི་ཆོས་བརྒྱུད་རྣམས་ནི་གཅིག་ཁུངས་གཅིག་ལས་མཆེད་པ་དང་ཕན་ཚུན་བླ་སློབ་དང་དགེ་རྒན་དགེ་ཕྲུག་གི་འབྲེལ་བ་ཡིན་པས། དེ་ཙམ་ལ་བསམས་ན་ནི། དཔལ་མཉམ་མེད་རི་བོ་དགེ་ལུགས་པར་སྤྱི་འཐུས་འོས་མི་མི་དགོས་ལ། མ་ཟད་དེ་ལས་མཆེད་པ་ཙམ་གྱིས་དེའི་ཡན་ལག་ཏུ་བརྩི་རྒྱུ་འདི་ཡང་ད་དུང་བསྒྲུབ་བྱར་ལྷག་ནས་འདུག་གོ།
བཀའ་དྲིན་ཆེ།
ཇོ་ནང་ཚང་གིས་ཐུགས་འཁུར་མ་གནང་རོགས། ཆོས་བརྒྱུད་ཚང་མར་སྤྱི་འཐུས་དགོས་པ་མི་འདུག དེར་བརྟེན་རིམ་གྱིས་ཆོས་བརྒྱུད་ཚང་མའི་སྤྱི་འཐུས་མེད་པ་བཟོ་དགོས་རེད། དེ་ཙམ་ཡིན། །
དཔལ་༸རྒྱལ་བ་ཇོ་ནང་པ་ས་སྐྱའི་གྲས་ནས་མ་ཚད་ནང་པའི་གྲས་ནས་འབུད་མཁན་ས་སྐྱའི་མཁས་པ་རྗེ་བཙུན་རེད་མདའ་བ་ཡིན། ཀུན་མཁྱེན་གོ་བོས་དབུ་མ་པའི་གྲས་ནས་ཕུད་དེ་སེམས་ཙམ་པ་ལས་ཅུང་ཟད་དྲག་ག་ཅིག་ཡིན་གསུངས་ཡོད།
ཁ་སྤུ་འཐེན་ཏེ་སྣ་ལ་བསླེབ་ཐབས་བྱེད་ཀྱིན་བསྡད་ནས་གང་ཡོང་།
ཨ་ཁུ་བློ་སྦྱིན་གྱིས་གསུངས་པ་ལྟར་ཆོས་བརྒྱུད་སྤྱི་འཐུས་ཟེར་བ་མཇུག་བསྡུ་བའི་དུས་ལ་བསླེབས་འདུག
ད་ཆོས་སྲིད་བསྲེས་པའི་སྐྱོ་མ་འདི་འཐུང་འདོད་མི་འདུག་ཡ།
འཇིགས་མེད་ལགས། རེད་མདའ་བ་དང་གོ་བོ་པའི་གསུང་དེར་མཇལ་འདུན་འདུག གསུང་འབུམ་པོད་གང་ན་བཞུགས་སྐོར་ལྟ་བདེ་ས་ཞིག་ནས་ངོ་སྤྲོད་ཅིག་གནང་རོགས།
གཞན་ཡུལ་ནས་དར་བའི་ཆོས་བརྒྱུད་ཁག་གི་ཆོས་ལུགས་སྤྱི་འཐུས་མི་དགོས་ནའང་མི་དགོས་པ་བྱོས་ཤོག དེ་ཁྱེད་རང་ཚོའི་རང་མོས་རེད། བོད་བཙན་པོའི་རྒྱལ་ཁམས་གངས་རིའི་ལྗོངས་སུ་ཐོགས་མར་ཆགས་པ་དང་མ་ཆགས་པའི་སྔོན་རོལ་ནས། རང་མལ་དུ་གནས་པའི་བོད་རང་སའི་གདོད་མའི་བོན་ལུགས་ཆེན་མོར་ཆེ་མཐོང་དང་གུས་བཀུར་མཚོན་པའི་འཐུས་མི་ཞིག་ནི་ངེས་པར་དུ་དགོས་པ་ཡིན། བོད་མི་སྙིང་ལ་རུས་པ་ཡོད་མཁན་ཞིག་ཡིན་ན་གནད་དོན་འདི་གཞན་ཡུལ་ནས་བྱུང་བའི་ཆོས་ཚུལ་གཞན་ཁག་དང་འདྲ་མཚུངས་དུས་ནམ་ཡང་བྱ་མི་འོས་སོ། བོད་མི་རིགས་རང་གི་ངོས་ནས་ཀྱང་སྟོན་རྒྱུ་ཞིག་དང་ངོམ་རྒྱུ་ཞིག་ཏན་ཏན་དགོས་ངེས་པས། དེ་འདྲ་ཡིན་དུས་གནད་དོན་འདི་ཆོས་ལུགས་གཞན་ཁག་དང་འབད་དེ་ཐ་དད་པ་ཞིག་རེད། ཁྲིམས་ལ་བདེན་པ་འགྲོ་དགོས་པ་དེ་གལ་ཆེ་བ་མ་གཏོགས། ཁ་ཤུགས་དང་དཔུང་ཤུགས་བསྒྲིགས་ནས་མང་ཉུང་བསྡུར་རེས་བྱས་ན། རང་དང་རང་འདྲ་བ་ཚོར་གནས་སྐབས་བདེན་བདེན་འདྲ་སྣང་སྲིད་ཀྱང་། རྒྱ་ཆེའི་གཟུ་བོར་གནས་པ་ཚོའི་ངོར་དེ་འདྲའི་ཁྲིམས་སྲོལ་དེ་དྲང་བདེན་མིན་པའི་བཙོག་པ་ཆགས་རྒྱུའི་ཉན་ཁ་ཡོད་པ་རེད། །
ཧ་ཧ། ད་ཨེ་ཆོག་གི མཆན་འདེབས་པ་མཇུག་མ་བོའི་ཁར་ཉན་དུས། ཆོས་རྒྱུད་སྤྱི་འཐུས་ཀྱི་རྙོག་གྲ་དེ། འཁོར་ལོ་འདྲ་འདྲ་ཞིག་གི་ནང་ནས་ཐར་པ་ཡོད་ས་མ་རེད།
འཇིགས་བློ་དང་བློ་སྤྱིན་གཉིས་ཀྱིས་ཆོས་སྲིད་བསྲེས་པའི་སྐྱོ་མ་དེར་འཐུང་འདོད་མེད་ནའང་འཐུང་དགོས་ཀྱི་རེད་བསམས་ཁུ། ཁྱོད་ཚོ་ནི་ཀླུ་བྱམས་ལྟ་བུ་མིན་པར་༧གོང་ས་ཏྭ་ལའི་མའི་ཅི་གསུངས་བཀའ་སྒྲུབ་དང་གང་གསུངས་ཤར་བསྐྱོད་བྱེད་མཁན་དང་། བཙན་བྱོལ་སྒྲིག་འཛུགས་ལ་སྐྱོན་བརྗོད་ཟུར་ཙམ་ཡང་མི་གནང་མཁན་གྱི་དད་དམ་ཅན་ཡིན་དུས།
༧གོང་ས་ཏྭ་ལའི་བླ་མས།
རིང་ནས་སྙིང་དུ་བརྣགས་པའི་འདོད་པའི་དོན།།
ཡོངས་རྫོགས་བོད་ལྗོངས་རང་དབང་གཙང་མའི་དཔལ།།
ལྷུན་འགྲུབ་ཆོས་སྲིད་ཟུང་འབྲེལ་དགའ་སྟོན་ལ།།
སྤྱོད་པའི་སྐལ་བཟང་མྱུར་བ་ཉིད་དུ་སྩོལ།།་་་་་་་ཞེས་གསུངས་ལུགས་ལ་བལྟས་ན་མུ་མཐུད་ནས་ཆོས་སྲིད་བསྲེས་པའི་སྐྱོ་མ་ལྡག་འདོད་ཀྱི་རེ་སྨོན་ཤུགས་ཆེན་འདུག་ག
དེ་ནས་་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལེའུ་དང་པོའི་དོན་ཚན་གསུམ་པ་ལས།
མ་འོངས་བོད་ཀྱི་ཆབ་སྲིད་ནི་འཚེ་མེད་ཞི་བདེའི་ལྟ་བར་གཞིར་བཅོལ་བའི་ཐོག་ནས་རང་དབང་དང་། སྤྱི་ཚོགས་བདེ་དོན། ཆོས་སྲིད་ཟུང་འབྲེལ། མང་གཙོ་མཉམ་འབྲེལ། ཡུལ་མིའི་རྒྱལ་ཁབ་ཅིག་བྱ་རྒྱུ་ཡིན།་་་ཞེས་གསལ་པོ་བཀོད་འདུག
སྤེན་ཚེ་གཙོ་བོ་གྱུར་པའི་རྗེས་འབྲངས་འཁོར་དང་བཅས་པས་༧གོང་ས་མཆོག་གི་བཀའ་དགོངས་ཐོག་ཏུ་ཤར་བསྐྱོད་དང་། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལྟར་འགྲོ་ངེས་མིན་ནམ། ཁྱོད་ཚོ་རང་དོན་དང་ཐུག་དུས་སྤྱོད་པ་ངན་པ་འདུག་ག
༧གོང་ས་ཏྭ་ལའི་བླ་མའི་བཀའ་ལ་དགག་ནུས་ཀྱི་འདུག་ལ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་དགག་རྐྱང་རེད་འདུག་ག་་་་་་་ཧཧཧཧ
རྨོངས་དད་ལྕགས་ཀླད་ཅན་གྱི་བྲན་གཡོག་ཚོས།
ཆོས་སྲིད་བསྲེས་པའི་སྐྱོ་མར་མི་འཐུང་མདོག
རྫ་རི་སྨུག་པོའི་ཁྲོད་ཀྱི་སྤྱང་ལྟོག་ཚོས།
སྤུ་དང་ཤ་གཉིས་མཉམ་བཟའ་མི་བྱེད་མདོག་་་་་་ཨོ་་་ཧཧཧཧཧ ཨོ་ཧཧཧཧ ཨོ་་་ཧཧཧཧ
བཟོད་རྒྱམ་ལགས།
དེའི་སྐོར་ཞལ་གསལ་ཤོས་ཀུན་མཁྱེན་གོ་བོའི་གསུང་འབུམ་སྡེ་དགེ་སྤར་མ་པོད་ཅ་པའི་ནང་བཞུགས་པའི་ལྟ་བའི་ཤན་འབྱེད་ལ་གཟིགས་རོགས།
ལྟ་བའི་ཤན་འབྱེད་ལོགས་སུ་པར་བཏབས་པ་ཝ་ཎ་གཙུག་སློབ་ཏུ་མཇལ་རྒྱུ་ཡོད་སྲིད་པས་དེ་ལུགས་དགོངས་འཇགས།
བཟོད་རྒྱམ་ལགས། ཉེ་འཁྲིས་སུ་དཔེ་འཚོལ་དཀའ་ན་tenshedup@gmail.comབརྒྱུད་ཡི་གེ་ཞིག་ཐོངས་དང་། ངས་ཁྱོད་ལ་པར་བཏབས་ནས་གློག་འཕྲིན་བརྒྱུད་ཕུལ་ཆོག
ཅོ་རི་ཉི་མས་ཆོས་སྲིད་ཟུང་འབྲེལ་ལ་རིགས་དང་རྣམ་གྲངས་ཇི་ཡོད་ཤེས་ཀྱི་མེད་པ་འདྲ། ཆོས་སྲིད་ཟུང་དུ་སྦྲེལ་ན་གྲོས་ཚོགས་ཁང་དུ་ཆོས་བརྒྱུད་སྤྱི་འཐུས་ངེས་པར་དུ་དགོས་པ་རེད་པས།
ཐ་ན་ཟ་རྒྱུ་འཐུང་རྒྱུ་ལུས་ལ་གྱོན་རྒྱུ་ཡན་ཆད་༸གོང་ས་སྐྱབས་མགོན་ཆེན་པོའི་མཚན་མཐོང་དང་འཕྲིན་ལས། ཐུགས་རྗེའི་གྲིབ་བསིལ་ལ་བརྟེན་ནས་འཚོ་སྡོད་མཁན་ཞིག་ཡིན་པའི་ཆ་ནས་༸གོང་ས་སྐྱབས་མགོན་ཆེན་པོར་གུས་བརྩི་དང་དད་པ། ཡིད་ཆེས། བརྩི་བཀུར་དགོས་རྒྱུ་འདི་ཆོས་ཕྱོགས་ཀྱི་སྐད་ཆ་ཙམ་མིན་པར་འཇིག་རྟེན་མི་ཆོས་ཀྱི་འགྲོ་ལུགས་ཤིག་ཀྱང་ཡིན་པ་འདྲ།
དེང་སང་སྙིགས་ལྔ་ཁ་དར་བའི་རྟགས་སུ་༸གོང་ས་མཆོག་ལ་དད་པ་དང་ཡིད་ཆེས་བྱེད་པ་ཡང་སྐྱོན་ཅན་དུ་འདོད་པའི་དུས་ངན་འདི་འདྲ་ཞིག་ཤར་བ་ལྟས་ངན་མིན་ན་ཅི་རེད།
འཇིགས་བློ་ཁྱོད་ཀྱིས་བྷ་བྷ་མང་པོ་བཤད་སོང་། དོན་དངོས་ཐོག་ཏུ་བབ་འོང་དུས་འདི་འདྲ་རེད་པེ། ཁྱོད་ཀྱིས་ཆོས་སྲིད་བསྲེས་པའི་སྐྱོ་མར་འཐུང་་འདོད་མེད་ན་༧གོང་ས་ཏྭ་ལའི་བླ་མ་ལ་ཡར་ཞུ་བྱོས། གྲོས་ཚོགས་ནང་དུ་ཆོས་རྒྱུད་ཀྱི་སྤྱི་འཐུས་དགོས་དོན་ཅི་ཡིན་༧གོང་ས་ཏྭ་ལའི་བླ་མ་ལ་དྲིས། གྲོས་ཚོགས་དང་པོར་བཙུགས་མཁན་༧གོང་ས་ཏྭ་ལའི་བླ་མ་རེད། ཆོལ་ཆོས་ཀྱི་སྤྱི་འཐུས་དགོས་པ་གཏན་འབེབས་བྱས་མཁན་༧གོང་ས་ཏྭ་ལའི་བླ་མ་རེད། མི་འདོད་པ་དང་མི་འགྲོག་པ་ཡོད་ན་ཁོང་ལ་ཞུས།
༧གོང་ས་ཏྭ་ལའི་བླ་མ་ལ་དད་པ་དང་ཡིད་ཆེས། བརྩི་བཀུར་ཡོད་པར་བདེན་ན་ཆོས་སྲིད་བསྲེས་པའི་སྐྱོ་མར་མུ་མཐུད་འཐུང་རོགས་བྱོས། མིན་ཟེར་ས་མི་འདུག་ག ཧཧཧ དད་པ་ལོ་སྤྱོད་བྱེད་འོང་མདོག་མདོག་གི་སྐད་ཆ་བཤད་མ་འོང་ཨ། ༧གོང་ས་ཏྭ་ལའི་བླ་མ་ལ་དད་པ་བྱེད་མིན་སོ་སོའི་སྒེར་གྱི་ཁེ་དབང་རེད། རང་དབང་རེད། ཐཽང་ཐང་རེད།
ད་ཅོ་རི་ཉི་མས་བགད་མོ་སློང་གིས
ཁ་བརྡ་ཚང་ན་སྨྱོན་པ་མང་།
སྨྱོན་པའི་ནང་ནས་གླེན་སྨྱོན།
སུས་ཁེད།
ད་་་དགོད་མདོག་མདོག་མ་བྱས་ཀ་མེད་མིན་ནམ། དགོད་ཤོར་ཤོག་ཨ། དང་པོར་ཕྲུ་གུ་དགོད། དེ་ནས་ཕྲུ་གུ་ངུ་ཟེར་གྱི་རེད་བ། ངུ་མ་འོང་ཨ།
ཆོས་བརྒྱུད་སྤྱི་འཐུས་ཡོང་དགོས་པ་༸གོང་ས་མཆོག་གིས་བཟོས་པ་རེད་ཟེར་ནས་མ་འགྲིག་མདོག་མདོག་བྱེད། ཆོས་བརྒྱུད་སྤྱི་འཐུས་མི་དགོས་ཟེར་ནས་བསམ་ཚུལ་བཤད་ན་ཡང་མི་འགྲིག་མདོག་མདོག་བྱེད།
ཡང་སྙིང་ཅོ་རི་ཁྱོད་ལ་དགོས་པ་དེ་ག་རེ་རེད།
ཧ་ཧ་་་་ཆོས་རྒྱུད་སྤྱི་འཐུས་ཡོད་ན་མི་འགྲིག་མདོག་མདོག་སྔ་ཕྱི་བར་གསུམ་དུ་བྱས་མྱངས་མེད་ད། ཧཧཧ འཁྲུལ་བསྡད་པ་ཡིན་གྱི་རེད།
དད་པ་ལོག་སྤྱོད་པའི་རྗེས་འབྲངས་པ་ཞིག་གི་སྐྱེ་བ་ལེན་ཚར་དུས་གཞན་གྱི་མགོ་ལ་མ་ཉེས་ཁ་གཡོག་བྱེད་དགོས་ན་མཁས་པ་འདུག་ག ༧གོང་ས་ཏྭ་ལའི་བླ་མའི་ཆོས་རྒྱུད་ཀྱི་སྤྱི་འཐུས་དགོས་པར་གཏན་འབེབས་བྱས་པ་ལ་སྔ་ཕྱི་བར་གསུམ་དུ་ཅོ་རིས་མི་འདོད་པའི་དགག་ཚིག་འཐེན་མྱངས་མེད་ད།་་ཧཧ
ཆོས་སྲིད་བསྲེས་པའི་སྐྱོ་མར་འཐུང་འདོད་མེད་ཟེར་ནས་བདེན་ཚིག་སྨོན་ལམ་ལ་དགག་པ་བརྒྱབ་མཁན་ཁྱོད་རང་ཚོ་རེད་ད། ༧གོང་ས་ཏྭ་ལའི་བླ་མའི་རིང་ནས་སྙིང་དུ་བརྣགས་པའི་ཆོས་སྲིད་ཟུང་འབྲེལ་གྱི་དགའ་སྟོན་ལ་དགག་ཚིག་འཕེན་མཁན་ཁྱོད་རང་ཚོ་རེད་ད།
ངས་བལྟས་ན་ཁྱོད་རང་ཁ་བཙུམ་ནས་སྡོད། ཆོས་སྲིད་བསྲེས་པའི་སྐྱོ་མར་འཐུང་ནས་སྡོད། རྨོངས་དད་མགོ་ཁྱོད་ལྟ་བུ་ཚོས་གསར་བརྗེ་དང་གསར་གཏོད་ཐུབ་ལེ་མ་རེད། ཤེས་སོང་ངམ།
འཇིགས་མེད་བློ་གྲོས་འཚར་སའི་འཁོར་ཡུག་ན་དྲང་བདེན་དང་གསར་གཏོད། དད་པར་ལོག་སྤྱོད་ལ་ངོ་རྒོལ་དུས་ནམ་ཡང་བྱ་ཐུབ་ཀྱི་མ་རེད། གང་ཡིན་ཞེ་ན། མགོ་མདོག་རིང་ལུགས་ཀྱིས་སྡོམ་ནས་བཞག་ཡོད་པ་མཐོང་མ་སོང་ངམ། དེ་དེ་བཞིན་དུ་གླིང་གཞན་ལ་ཕེབས་འགྲོ་རེད་གདའ།
མགོ་ལ་རྨོངས་དད་ལྕགས་ཀྱི་ཞྭ་ཞིག་གྱོན།
ཁ་ནས་གསར་བརྗེ་དགོས་པའི་གླུ་ཞིག་ལེན།
མགོ་དང་ཁ་གཉིས་འགལ་བའི་གསར་བརྗེ་ལ།
སེམས་ལྡན་སུས་ཀྱང་ཡིད་ཆེས་གང་ནས་འོང་།
ཁ་ནས་ཆོས་འཐུས་དགག་པའི་ཚིག་ཞིག་འཕེན།
ཁོག་ནས་ཇོ་འཐུས་དགོས་པའི་སྒྲུབ་ཤིག་བཀོད།
ཁ་དང་ཁོག་པ་འགལ་བའི་དགག་སྒྲུབ་ལ།
ཚུལ་གསུམ་རིག་པའི་བསྒྲུབ་བྱ་ཇི་ལྟར་གྲུབ།
དངོས་སུ་བླ་མར་བསྟོད་པའི་ཟོལ་ཞིག་སྟོན།
ཤུགས་ནས་བླ་མར་དགག་པའི་གྱོད་ཤིག་འཕེན།
དངོས་དང་ཤུགས་གཉིས་འགལ་བའི་ལས་ཀ་ལ།
འདི་ཕྱི་གཉིས་ཀྱི་དོན་འབྲས་གང་ནས་ཡོང་།
བཀུར་འོས་རྒན་འཇིགས་མེད་བློ་གྲོས་ལགས་ཀྱིས་བཀའ་ལན་གནང་བར་ཐུགས་རྗེ་ཆེ་ཞུ། གློག་འཕྲིན་བརྒྱུད་ནས་ལན་ཕུལ་ཡོད།