ཧྥན་སེ་སི་བྷེ་ཀུན་གྱི་《་ལྷུག་རྩོམ་ཕྱོགས་བསྡུས་》ལས།
ཚེ་རིང་ཆོས་སྒྲོན་ནས་བསྒྱུར།
ནང་མི་དང་བུ་ཕྲུག་ཡོད་མཁན་གྱི་མི་ཞིག་གི་འགན་ཁུར་ནི་ཁོ་ཚོའི་བདེ་སྡུག་ལ་སྲུང་སྐྱོབ་དང་སྟེས་དབང་གི་ཉེན་ཁ་ལས་སྐྱོབ་ཞིང་འདོད་འདུན་སྐོང་རྒྱུ་དེ་རེད། ཆབ་སྲིད་པ་ཚོས་བཤད་ན། བྱ་བ་ཡག་སྡུག་ག་འདྲ་ཞིག་ཡིན་ཡང་སྒྲུབ་མི་ཐུབ་པའི་གེགས་རྡོ་ལྟ་བུ་ནི་ཆུང་མ་དང་བུ་ཕྲུག་ཚོ་རེད། དེའི་ཕྱིར་ནང་མིའི་བདེ་སྡུག་ལ་ལྟ་དགོས་མཁན་གྱི་མི་དེ་ལ་དམིགས་ཡུལ་ཆེན་པོ་ཞིག་ཡོད་མི་སྲིད་ཟེར། རྒྱུ་མཚན་ནི་མི་དེ་ཚོས་དུས་རྒྱུན་དུ་ནང་མིའི་སྐྱིད་སྡུག་ལ་སེམས་ཁུར་དང་གཟབ་ནན་བྱེད་དགོས་པས་སོ།
མི་མང་གི་ངོས་ནས་བཤད་ན། གཉེན་སྒྲིག་མ་བྱས་པ་དང་བུ་ཕྲུག་འཚོ་སྐྱོང་བྱེད་རྒྱུ་མེད་པའི་མི་དེ་ཁེ་ཕན་ཆེ་ཤོས་སུ་བརྩི། ཆང་ས་མ་བརྒྱབ་པ་དང་བུ་ཕྲུག་མེད་མཁན་གྱི་མིས་མི་མང་ལ་སྤྱི་མཚུངས་ཀྱི་བརྩེ་བ་སྤྲོད་པ་དང་གཏོང་ཕོད་ཆེ་བ་མ་ཟད། ཁོ་ཚོ་ལ་ཆུང་མ་དང་བུ་ཕྲུག་མེད་པས་མི་མང་ལ་ཆུང་མ་དང་བུ་ཕྲུག་གི་འདུ་ཤེས་འཛིན། འོན་ཀྱང་ཆང་ས་བརྒྱབ་ཟིན་པ་དང་བུ་ཕྲུག་ཡོད་མཁན་དེ་དག་གིས་བུ་ཕྲུག་
ཚོས་མ་འོངས་པའི་མདུན་ལམ་ལ་བསམ་བློ་ཤུགས་ཆེར་གཏོང་བ་དེ་ནི་རྒྱུ་མཚན་དང་ལྡན་པ་ཡིན་སྟེ། བུ་ཕྲུག་ཚོ་ནི་ཁོ་ཚོའི་མ་འོངས་པའི་སོན་རྩ་ཡིན།
ཆུང་མ་དང་བུ་ཕྲུག་མེད་པའི་མི་རྐྱང་གི་འཚོ་བ་རོལ་མཁན་གྱི་མི་ལ་རེས་ཁོ་ཚོ་ཤི་རྗེས་སུ་བསམ་བློ་གཏོང་དགོས་ས་མེད་པས་མ་འོངས་པར་ཁོ་ཚོར་འབྲེལ་བ་མེད་པ་དང་གལ་ཆེན་པོ་མིན་པར་སེམས། གཞན་འགའ་ཞིག་གིས་ཆུང་མ་དང་བུ་ཕྲུག་ནི་དཔལ་འབྱོར་གྱི་འགྲོ་སོང་ཁོ་ནར་འཛིན་ཞིང་དེ་དག་དང་གཡོལ་ཐབས་བྱེད།
ཡང་ཐབས་སྐྱོ་ཞིང་སྒོར་མོ་ཁོ་ནར་སེམས་མཁན་འདོད་རྔམས་ཅན་གྱི་བླུན་པོ་འགའ་རེས་བུ་ཕྲུག་མེད་པ་ནི་བདེ་སྐྱིད་ཡིན། དཔལ་འབྱོར་གྱི་འགྲོ་སོང་མེད་ལ་འགྲོ་སོང་མེད་ན་ཕྱུག་པོ་ཡིན་ཟེར། དེ་ཚོ་ཕལ་ཆེ་བར་བཤད་སྲོལ་འདི་འདྲ་ཞིག་ཡོད་དེ། བུ་ཕྲུག་གསོ་སྐྱོང་བྱེད་ན་འགྲོ་སོང་ཆེ་ལ། འགྲོ་སོང་ཆེ་བས་ཁོ་ཚོས་དཔལ་འབྱོར་ལ་གྱོང་གུད་ཐེབས་པར་བཤད། བུ་ཕྲུག་ལ་དེ་ལྟ་བུའི་འདུ་ཤེས་འཛིན་མཁན་ནི་བླུན་པོ་ཐ་ཤལ་ཡིན།
སྤྱིར་བཏང་དུ་མི་དེ་རིགས་མི་རྐྱང་དུ་ལྷག་པའི་རྒྱུ་གཙོ་བོ་སྟེ་དེ་ཚོ་ཁེར་རྐྱང་གི་རང་དབང་ལ་དགའ་བ་དང་ལྷག་པར་དུ་དེའི་རིགས་ཀྱི་གཤིས་ཀ་འགྱུར་སླ་བ་དང་། ཁོ་ཚོས་དམིགས་ཡུལ་ནི་སོ་སོ་སྐྱིད་པོ་གཏོང་རྒྱུ་ཁོ་ན་ཡིན། མི་དེ་རིགས་ལ་རང་དབང་ཚད་མེད་པ་ཞིག་དགོས་པས་གལ་སྲིད་དཀའ་ཁག་ཅུང་ཟད་ཅིག་འཕྲད་ཀྱང་དེ་ལ་གདོང་ལེན་དང་བཟོད་བསྲན་བྱེད་མི་ཐུབ། གཉེན་མ་སྒྲིག་པ་ཚོ་གཉེན་སྒྲིག་ཟིན་པ་དེ་དག་གིས་གྲོགས་པོ་དང་། སྦྱིན་བདག བློན་པོ་ཡག་ཤོས་སུ་བརྩི། འོན་ཀྱང་དེ་དག་མི་སེར་ཡག་ཤོས་ཡིན་པའི་ངེས་པ་མེད། དེ་ཚོ་ལ་ཁུར་དང་འགན་མེད་པས་གལ་སྲིད་བྲོས་བྱོལ་དུ་འགྲོ་དགོས་པའི་གནས་སྟངས་ཆགས་སོང་ན་འགྲོ་རྐྱང་ཡིན།
ཆོས་པའམ་དགེ་འདུན་པ་ཚོ་གཉེན་མི་སྒྲིག་པའི་རྒྱུ་མཚན་ནི་གཞན་ཕན་གྱི་ཆེད་དུ་ཡིན། གལ་ཏེ་གཉེན་སྒྲིག་ཟིན་པ་ཞིག་ཡིན་ན་གཞན་དོན་སེམས་མཁན་ཧ་ལམ་མེད་པ་ལྟ་བུ་རེད། དཔེར་ན། རྫིང་བུ་ཞིག་ཐོག་མར་ཆུའི་ཁེངས་པར་བྱས་རྗེས་ས་གཞིའི་སྟེང་དུ་ཆུ་ཐིགས་གཅིག་ཀྱང་མི་ལྷག་པ་བཞིན་དུ། ཐོག་མར་ནང་མིའི་རེ་བ་བསྐངས་རྗེས་སུ་གཞན་ལ་བྱམས་བརྩེ་སྦྱིན་གཏོང་བྱེད་རྒྱུ་ཧ་ཅང་ཉུང་ཉུང་རེད།
གང་ལྟར་ཁྲིམས་དཔོན་ཞིག་ཡིན་ན་གཉེན་སྒྲིག་མ་སྒྲིག་གཉིས་ལ་ཁྱད་པར་མེད། གཉེན་མ་སྒྲིག་པ་ཞིག་ཡིན་ན་གསང་མྱུལ་བའི་ལག་ནས་ལྐོག་ཟ་རུལ་སུངས་ཀྱི་བྱ་ལས་བྱེད་པ་དང་། གསང་མྱུལ་བ་དེ་སྐྱེད་མ་ཞིག་དང་ལྡབ་ལྔ་ལས་སྐྱོ།
ངས་(བྷེ་ཀུན་)སྤྱིར་བཏང་དུ་སྤྱི་མཚུངས་སུ་ཚོར་བྱུང་བ་ནི་དམག་མི་དེ་ཚོ་ཆང་ས་བརྒྱབ་ཟིན་པ་ཡིན་ན། དམག་ལ་མ་སོང་བའི་སྔ་རོལ་དུ་ནང་མི་བུ་ཕྲུག་ཚོའི་སྐུལ་ལྕག་ལ་བརྟེན་ནས་དམག་འཐབ་ལས་རྒྱལ་རྗེས་ཕྱིར་རང་ཁྱིམ་དུ་ལོག་རྒྱུའི་ཆོད་སེམས་ཡོད། འོན་ཀྱང་ཏོར་ཀེ་སིའི་དམག་མི་ཚོ་ཆང་ས་རྒྱག་པར་མི་འཐད། དེ་ཚོ་ཉམས་རྒུད་དུ་འགྲོ་བ་དང་ཆེས་ཐ་མལ་བ་ཡིན་པའི་རྒྱུ་མཚན་ཡང་དེ་ཡིན། ཆུང་མ་དང་བུ་ཕྲུག་ཡོད་མཁན་དང་མེད་མཁན་གྱི་འགྲོ་བ་མིའི་རིགས་ཡར་རྒྱས་ལ་དམིགས་པའི་བྱམས་པ་དང་། སྙིང་རྗེ། བརྩེ་སེམས་འཛིན་སྟངས་སོགས་གཏན་ནས་མི་འདྲ། གཅིག་བྱས་ན་ཆང་ས་མ་བརྒྱབ་པ་དེར་གཏོང་ཕོད་ཅུང་ཆེ་བ་ཡོད་སྲིད། རྒྱུ་མཚན་ནི་དེ་ལ་ཆང་ས་བརྒྱབ་ཟིན་པ་ལྟར་གྱི་འགྲོ་སོང་མེད།
ཕྱོགས་གཞན་ཞིག་ནས་ཞུས་ན། ཆང་ས་བརྒྱབ་པ་དང་མ་བརྒྱབ་པ་གཉིས་བར་ལ་ཧེ་བག་ཆེན་པོ་ཡོད་དེ། ཆང་ས་བརྒྱབ་ཟིན་པ་དེ་རང་གཤིས་འཇམ་ལ་བརྩེ་སེམས་ཀྱིས་ཁེངས་པ་དང་། ཆང་ས་མ་བརྒྱབ་པ་དེ་རང་གཤིས་རྩུབ་ལ་སེམས་པ་ཧ་ཅང་མཁྲེགས་པོ་ཡོད། ཆང་ས་མ་བརྒྱབ་པ་དེ་ལ་བརྩེ་སེམས་དང་སྙིང་རྗེ་སྦྱོང་བརྡར་བྱེད་རྒྱུའི་གོ་སྐབས་རེག་མེད་པས་སོ། སེམས་རྒྱུད་བརྟན་ལ་ཡུལ་སྲོལ་གོམས་གཤིས་དང་མཐུན་ཞིང་རང་ཚུགས་ཅན་གྱི་མི་དེར་ཁྱོ་ག་བརྩེ་དུངས་ཅན་ཟེར། དཔེར་ན་ ༡ ཡོས་ལེ་སེ་ལྟ་བུའོ།།
སྐྱེད་མ་ཚོ་སོ་སོར་ཡིད་ཆེས་ཐུབ་སའི་ཁྱོ་ག་ལ་གཙང་ལུས་ཕུལ་པ་དེར་སྤོབས་པ་སྐྱེས། གལ་སྲིད་སྐྱེད་མ་ཞིག་གིས་སོ་སོའི་ཁྱོ་ག་སྤྱང་གྲུང་འཛོམས་པ་ཞིག་ཡིན་སྙམ་ན། ཁོ་ལ་ཡིད་ཆེས་དང་བཀའ་བརྩི་དང་ལེན་བྱེད། ཡིན་ནའང་ཕྲག་དོག་ཅན་གྱི་ཁྱོ་ག་ཞིག་ལ་གུས་བརྩི་ནམ་ཡང་བྱེད་མི་སྲིད།
གཞོན་པ་ཞིག་གི་ཆེད་དུ་སྐྱེད་མ་ནི་སྦྱིན་བདག་མ་ཡིན་ལ། དར་མ་ཞིག་གི་ཆེད་དུ་སྐྱེད་མ་ནི་དཔུང་གྲོགས་ཡིན། རྒན་པ་ཞིག་གི་ཆེད་དུ་སྐྱེད་མ་ནི་སྨན་ཞབས་མ་དང་འདྲ། འདིའི་བསྟན་དོན་ནི་སྐྱེས་པ་ཞིག་ཡིན་ན་ཆང་ས་བརྒྱབ་པའི་ལོ་ཚོད་ལ་ངེས་གཏན་མེད་ཟེར།
འོན་ཀྱང་རྣམ་དཔྱོད་ཅན་གྱི་གྷི་རེ་ཁེས་མཚན་ཉིད་རིག་པ་ ༢ ཐཱ་ལེ་སུ་ཞེས་པ་ཁོས་བཤད་ན། “གཞོན་པ་གཉེན་སྒྲིག་བྱེད་པ་སྔ་དྲགས་པ་དང་། རྒན་པ་གཉེན་སྒྲིག་བྱེད་པ་འཕྱི་དྲགས་པར་”གསུངས།
སྤྱིར་བཏང་གི་ཉམས་མྱོང་ལ་གཞིར་བཞག་ན། ཁྱོ་ག་སྡུག་ཅག་དེ་ཚོ་ལ་སྐྱེས་སྨན་ཡག་པོ་རེག་པ་དེ་ཆོས་ཉིད་ལྟ་བུ་རེད། དེ་ལ་ཞིབ་དུ་བསམ་ན་རྒྱུ་མཚན་གཉིས་མཐོང་སྟེ། གཅིག་ནི་ཁྱོ་ག་དེ་སྡུག་ཅག་ཡོད་པ་གང་ཞིག་ལ་མཚམས་མཚམས་སུ་སྐྱེད་སྨན་ལ་སེམས་བསམ་པའི་གཏིང་ནས་བསམ་ཤེས་དང་བརྩེ་བ་བྱེད་པ་དེས་མོ་རང་བཞིན་གྱིས་ཁོ་ལ་བརྩེ་བ་སླེབས་པ་འདྲ།
གཞན་ཞིག་ནི་ཁྱོ་ག་དེ་སྤྱོད་ངན་དང་གདུག་རྩུབ་ཅན་ཡིན་པ་དེ་ལ་བརྟེན་ནས་མོ་ལ་བཟོད་སྒོམ་བྱེད་རྒྱུའི་གོ་སྐབས་ཐོབ་པ་དེར་མོ་སྤོབས་པ་སྐྱེས་ཤིང་ཁོ་ལ་དུངས་བ་ཆེ་རུ་འགྲོ་གི་ཡོད།
གལ་སྲིད་སྐྱེས་སྨན་དེ་ཚོས་ཕ་མ་སྤུན་མཆེད་དང་གྲོགས་པོ་གྲོགས་མོ་དེ་དག་གི་ཁ་ཏ་བསླབ་བྱ་དང་རེ་བ་ལ་རྒྱབ་དུ་ཕྱོགས་ནས་སོ་སོས་རང་དབང་ལོངས་སུ་སྤྱོད་མདོག་གིས་ཁྱོ་ག་སྡུག་ཅག་དང་མཉམ་དུ་ཆང་ས་བརྒྱབ་པ་ཡིན་ན་དེའི་འགན་སོ་སོས་ཁུར་དགོས།
ཞབས་མཆན།
༡༽ ལོས་ལེ་སེ་(Ulysses or Odysseus) ནི་གྷི་རེ་ཁི་ལོ་རྒྱུས་སུ་སྙན་པར་གྲགས་པའི་ཨ་ཐཱ་ཀཱ་རྒྱལ་པོ་(King of Ithaca)དང་ཧོ་མུར་(Homer)གྱིས་དཔའ་བོའི་རྟོགས་བརྗོད་སྙན་རྩོམ་གྱི་མི་སྣ་གཙོ་བོ་དེ་ཡིན།
༢༽ ཐཱ་ལེ་སུ་(Thales) ནི་གནའ་བོའི་གྷི་རེ་སུ་ལ་རྣམ་དཔྱོད་ཅན་གྱི་མི་སྣ་གྲགས་ཅན་བདུན་ཡོད་པ་ལས་གཅིག་ཡིན། དེས་མ་ཟད་ཁོང་ནི་གྷི་རེ་སུ་རྒྱལ་ཁབ་ཀྱི་ཆེས་ཐོག་མའི་ལྟ་གྲུབ་སྨྲ་བ་དང་ཨ་ནེན་(Ionian)སློབ་གྲྭའི་གཞི་རྩ་འཛུགས་མཁན་གྱི་བསམ་བློ་བ་བཅས་ཡིན།
ཁྱོད་ཉིད་ཀྱི་ལས་ལ་བརྩོན་པའི་ཤེས་རིག་གི་དཔའ་དར་རིང་མོ་དེ་ལ། ངེད་ཅག་གི་སེམས་གཏིང་ནས་རྗེས་སུ་ཡི་རང་དང་མ་འོངས་བར་ཡང་བརྩོན་འགྲུས་ཀྱི་དར་ཆ་དེ་རིང་དུ་བསྒྲེངས་རྒྱུའི་རེ་བ་ཟབ་མོ་ཡོད།
ཚེ་རིང་ཆོས་སྒྲོན་ལགས་ཀྱིས་རྩོམ་ཡིག་ཡག་ཐག་ཆོད་གཉིས་བསྟུད་མར་དྲ་ངོས་བཀོད་དེ་ཁ་བརྡ་ཀློག་མཁན་དག་གི་སྤྱན་ལམ་དུ་ཕུལ་བར་ཧ་ཅང་དགའ་སྤྲོ་སྐྱེས་ཡོད། མུ་མཐུད་ནས་བསྒྱུར་རྩོམ་དང་རང་རྩོམ་མང་དུ་སྤལ་རེ་ཆེ།
དག་ཆར་ཅུང་གཟབ་རོགས།
རྩོམ་ཡིག་གཉིས་ཆ་ལ་ལྟ་ཚར་ཡིན་ཡག་པོ་འསུག་ཐུགས་རྗེ་ཆེ།
རྒྱ་ཞིང་མྱི་དཀར་ལགས།༼ འསུག༽འདིའི་གོ་དོན་ག་རེ་ཡིན་ནམ།
ཧེ་(ཐུགས)