ཡོང་ཁུངས། བོད་ཀྱི་དུས་བབ།
སྲིད་སྐྱོང་མཆོག་གིས་ཉེ་སྔོན་ཨ་རིའི་ནང་བྱུང་བའི་སྐུ་ཕྱྭ་དང་འབྲེལ་བའི་གནད་དོན་ཐོག་གསལ་བཤད་གནང་སྐབས་དོན་གཅོད་དང་སྤྱི་མཐུན་ཚོགས་པ་སོགས་ནས་གནང་དགོས་པ་ཆ་ཚང་གནང་ཡོད་ཀྱང་། ཨར་བྷན་མཐོ་སློབ་ནས་བཀའ་འཁྲོལ་གནང་མེད་པར་བརྟེན་ཕེབས་བསུར་བཅར་ཐུབ་མེད་སྐོར་གསུངས་སོང་།
དེ་རིང་སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་པའི་ལས་ཉིན་དྲུག་པའི་སྔ་དྲོར། སྤྱི་འཐུས་བཀྲ་ཤིས་རྣམ་རྒྱལ་ལགས་ཀྱིས་འདི་ལོའི་ཕྱི་ཟླ་ ༧ པའི་ནང་༧གོང་ས་མཆོག་ཨ་རིའི་གྲོང་ཁྱེར་ལོསེ་ཨེནྫི་ལེ་སེ་ཡར་ཆིབས་བསྒྱུར་སྐབས། མཛད་འཆར་གནང་ཡུལ་ཚོགས་ཁང་གི་སྒོ་ཆེན་རྒྱབ་མདུན་གཉིས་ཀར་དོལ་རྒྱལ་གྱི་ངོ་རྒོལ་སྐད་འབོད་བྱེད་མཁན་ཁོ་ན་མ་གཏོགས་ཕེབས་བསུ་ཞུ་མཁན་གྱི་བོད་མི་ཚོ་བཅར་ཐུབ་མེད་པ་མ་ཟད། དོལ་རྒྱལ་རྗེས་འབྲང་པ་ཚོ་ཕེབས་འཁོར་དང་ཐག་ཉེར་སླེབས་ནས་སྐུ་ཕྱྭར་འགལ་རྐྱེན་ཡོང་དོགས་ཀྱི་བློ་འཚབ་བཟོ་གཞིའི་གནས་ཚུལ་བྱུང་ཡོད་སྟབས། དེ་སྐུ་ཕྱྭའི་འགན་སྲུང་དང་འབྲེལ་བའི་གལ་ཆེའི་ལས་དོན་ལ་འགལ་འཛོལ་སོང་བའི་གནད་དོན་ཞིག་ལ་ངོས་འཛིན་གནང་གི་ཡོད་མེད་དང་། དེ་འགན་ཁུར་བ་སུའི་ཐད་ནས་འཐུས་ཤོར་སོང་བར་ངོས་འཛིན་གནང་གི་ཡོད། གལ་སྲིད་འཐུས་ཤོར་ལ་ངོས་འཛིན་གནང་གི་ཡོད་ན། མ་འོངས་པར་འདི་རིགས་ཡང་ཡང་མི་ཡོང་བར་བཀའ་ཤག་གིས་ལས་དོན་གནང་འཆར་གང་ཡོད་མེད་སོགས་སྐར་རྟགས་ཅན་གྱི་དྲི་བ་ཕུལ་བར་སྲིད་སྐྱོང་མཆོག་གིས།
བཀའ་ཤག་གིས་གནད་དོན་ཚང་མའི་ནང་ནས་༧གོང་མཆོག་གི་སྐུ་ཕྱྭའི་གནད་དོན་དེ་གལ་ཆེ་ཤོས་སུ་ངོས་འཛིན་ཞུས་དང་ཞུ་བཞིན་ཡོད་ཅིང་། སྔ་ལོ་སན་ཕ་རན་སི་སེ་ཁོར་གནས་ཚུལ་བྱུང་བ་ནས་བཟུང་འབྲེལ་ཡོད་ཆོས་རིག་ལས་ཁུངས་དང་བདེ་སྲུང་ལས་ཁུངས། ཕྱི་དྲིལ་ལས་ཁུངས་བཅས་སོ་སོ་ནས་སྐུ་ཚབ་དོན་གཅོད་ལས་ཁུངས་རྣམས་ལ་སྐུ་ཕྱྭའི་སྲུང་སྐྱོབ་དང་ཉེན་དོགས་དང་འབྲེལ་བའི་ལམ་སྟོན་བཀོད་ཁྱབ་གསལ་ནན་ཞུས་ཡོད་པ་དང་། སྐུ་ཚབ་དོན་གཅོད་ལས་ཁུངས་རྣམས་ནས་ཀྱང་ལམ་སྟོན་དེ་དག་གཞིར་བཟུང་འགན་འཁུར་ལག་བསྟར་ཞུ་བཞིན་ཡོད་ཀྱང་། འདི་ལོའི་ཕྱི་ཟླ་ ༧ པའི་ནང་ལོསེ་ཨེནྫི་ལེ་སེ་ཡར་གནས་ཚུལ་ཞིག་སླར་ཡང་ལྷག་འདུག་པ་དེར་བློ་ཕམ་ཡོད། གནས་ཚུལ་དེའི་འགན་འཁྲི་ནི། ས་གནས་སུ་གདན་ཞུ་བྱེད་མཁན་དང་མཛད་འཆར་གོ་སྒྲིག་བྱེད་མཁན་གྱི་ཚོགས་པ་དང་། ས་གནས་བོད་རིགས་སྤྱི་མཐུན་ཚོགས་པ། འབྲེལ་ཡོད་སྐུ་ཚབ་དོན་གཅོད་ལས་ཁུངས་བཅས་ལ་ཡོད་པ་ཞུ་མ་དགོས་པ་ཞིག་ཡིན། མ་འོངས་པར་གནས་ཚུལ་དེ་རིགས་ཡང་ཡང་མི་ཡོང་སླད་ཉེ་སྔོན་བཀའ་ཤག་གིས་འབྲེལ་ཡོད་ཕྱི་དྲིལ་ལས་ཁུངས་དང་། བདེ་སྲུང་ལས་ཁུངས་གཉིས་ལ་དམིགས་བསལ་བཀོད་ཁྱབ་ཅིག་གནང་ཡོད་པས་དེར་མཇུག་གནོན་བྱས་པའི་སྒོ་ནས་ཞུ་སྒོ་གང་མཆིས་ཞུ་རྒྱུ་ཡིན་སྐོར་སོགས་ལན་འདེབས་གནང་སོང་།
ཡང་འཕྲོས་དོན་དྲི་བའི་ནང་སྤྱི་འཐུས་བཀྲ་ཤིས་རྣམ་རྒྱལ་ལགས་ཀྱིས་སྲིད་སྐྱོང་མཆོག་གི་བཀའ་ལན་ནང་དུ་བཀའ་ཤག་ནས་སྐུའི་ཉེན་སྲུང་ཞུ་ཕྱོགས་ཐད་འགལ་འཛོལ་བྱུང་བའི་ཐུགས་དགོངས་བྱུང་སོང་ཞེས་གསུངས་སྟངས་ལ་བལྟས་པ་ཡིན་ན། འགལ་འཛོལ་བྱུང་བར་ངས་ངོས་འཛིན་ཞུ་ཡི་ཡོད། གལ་སྲིད་འགལ་འཛོལ་སོང་བར་ངོས་འཛིན་གནང་གི་ཡོད་ན། འགལ་འཛོལ་སོང་མཁན་དེ་ལ་ཕྱག་ལེན་ག་རེ་གནང་འཆར་ཡོད་དྲིས་པར་སྲིད་སྐྱོང་མཆོག་གིས། བཀའ་ཤག་གི་ལན་ནང་གསལ་པོ་ཞེ་དྲགས་འཁོད་ཡོད། ད་ལྟའི་བཀུར་འོས་སྤྱི་འཐུས་ཀྱིས་དྲི་བའི་ནང་ག་རེ་བཀོད་འདུག་གསུངས་ན། དོལ་རྒྱལ་རྗེས་འབྲང་པ་ཚོ་ཆིབས་འཁོར་གྱི་འགྲམ་ལ་བསླེབས་པ་རེད་ཅེས་འཁོད་ཡོད་སྟབས། བཀའ་ཤག་ནས་གནས་ཚུལ་ཧ་གོ་པ་དེ་ཞུས་ན་བསམ་བྱུང་།
བཀུར་འོས་སྤྱི་འཐུས་མཆོག་ནས་ཕལ་ཆེར་གནས་ཚུལ་ཇི་མ་ཇི་བཞིན་གང་འདྲ་བྱུང་ཡོད་མེད་མཁྱེན་མདོག་ཁ་པོ་རེད། དེའི་སྐོར་ལ་གཞི་རྩའི་ས་གནས་སྤྱི་མཐུན་ཚོགས་པ་ནས་དགའ་ལྡན་ཕོ་བྲང་ལ་ཞིབ་ཅིང་ཕྲ་བ་ཞུས་ཡོད་པ་མ་ཟད། དཔལ་ལྡན་ཚོགས་གཙོ་མཆོག་ལོསེ་ཨེནྫི་ལེ་སེ་ཡ་ནང་ཕེབས་པའི་སྐབས་ལའང་ངག་ཐོག་དང་། ཉེ་ཆར་ཡིག་ཐོག་ལ་ཞུས་ཡོད་པ་མ་ཟད། བདེ་སྲུང་ལས་ཁུངས་ལའང་འབྱོར་སོང་། དོན་གཅོད་དང་དོན་གཅོད་ལས་བྱེད་ཚོས་ཞུ་སྟངས་ལ་བལྟས་པ་ཡིན་ན་ག་རེ་བྱུང་འདུག་ཟེར་ན། ཉིན་མ་དང་པོ་ཧོན་ཌ་བསྟི་གནས་ཁང་དེ་དབྱིན་སྐད་ཐོག་ཞུས་ན་ (Public place) མི་མང་གིས་གླ་ཆོག་པའི་ཚོགས་ཁང་ཞིག་ཡིན་དུས། དེར་དོལ་རྒྱལ་རྗེས་འབྲང་པ་ཚོར་ངོ་རྒོལ་བྱེད་ས་ཞིག་བྱུང་ཡོད་པ་མ་ཟད། བོད་མི་ཚོ་ལའང་ཕེབས་བསུ་ཞུ་ས་ཞིག་ཀྱང་གནང་ཡོད་པ་རེད། དེ་དོན་གཅོད་དང་ས་གནས་སྤྱི་མཐུན་ཚོགས་པས་འབད་བརྩོན་གནང་ནས་ཆོག་མཆན་ཐོབ་པ་ལྟར། ལོསེ་ཨེནྫི་ལེ་སེ་ཡ་དང་སན་ཧྥ་རན་སེ་སི་ཁོ། པོ་ཌི་ལན་ཌི་ནང་གི་བོད་མི་གཙོས་མི་གྲངས་ ༣༠༠ ཙམ་ཞིག་བསླེབས་ནས་ཕེབས་བསུ་ཞུ་ཐུབ་ཡོད་ཀྱང་། ཉིན་མ་གཉིས་པ་དང་གསུམ་པའི་ཚོགས་ཁང་དེ་ཨར་བྷན་གཙུག་ལག་སློབ་ཆེན་ནང་ལ་ཚོགས་ཡོད་པ་རེད། ས་ཆ་དེ་མཐོ་སློབ་སྒེར་གྱི་ཆགས་ཡོད་སྟབས། སྤྱི་མཐུན་ཚོགས་པས་འབད་བརྩོན་གནང་ནས་མཐོ་སློབ་ལ་༧གོང་ས་མཆོག་ཕེབས་བསུ་ཞུ་ས་ཞིག་དགོས་པའི་གློག་འཕྲིན་བཏང་ནས་འབྲེལ་བ་མང་པོ་གནང་ཡོད་སྟབས། མཐོ་སློབ་ངོས་ནས་ང་ཚོ་༧གོང་ས་མཆོག་གདན་འདྲེན་ཞུ་མཁན་གྱི་ཚོགས་པ་དང་མཉམ་དུ་ལས་ཀ་བྱེད་ཀྱི་ཡོད་ཞུས་ཏེ། ཐོག་མར་ཆོག་མཆན་གང་ཡང་གནང་མེད་སྟབས། རྗེས་སུ་དོན་གཅོད་རང་ནས་ལས་བྱེད་རྒན་པ་ཞིག་དང་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་མཉམ་དུ་ཕེབས་ནས་ཨར་བྷན་མཐོ་སློབ་ཀྱི་འབྲེལ་ཡོད་ལས་བྱེད་ཕེབས་རོགས་ཞུས་པ་ལྟར་ཕེབས་ཡོད་སྟབས། ང་ཚོར་ཕེབས་བསུ་ཞུ་སའི་ས་ཆ་ཞིག་གནང་རོགས་ཞེས་ཞུ་སྐབས། ཨར་བྷན་མཐོ་སློབ་ཀྱི་མཛད་འཆར་གོ་སྒྲིག་གནང་མཁན་ཚོགས་པ་དེའི་སྐུ་ཚབ་ཕེབས་ཡོད་སྟབས། ཁོ་རང་གིས་བཀའ་བསྐྱོན་གནང་ནས་གོ་སྒྲིག་གནང་མཁན་གྱི་ཚོགས་པ་དེའི་གནོན་ཤུགས་འོག་ལ་ཕེབས་བསུ་གནང་མཁན་བོད་མི་ཚོར་ཆོག་མཆན་གནང་མི་འདུག ཨར་བྷན་མཐོ་སློབ་ཀྱིས་གནང་མི་དགོས་པའི་རྒྱུ་མཚན་གང་ཡིན་གློག་འཕྲིན་ནང་ལ་གོ་སྒྲིག་ཚོགས་པ་དང་འབྲེལ་བ་གནང་རོགས་གནང་ཅེས་འཁོད་ཡོད་སྟབས། གོ་སྒྲིག་ཚོགས་པས་རྐྱེན་བྱས་ནས་མ་གནང་བ་རེད་ཅེས་སྤྱི་མཐུན་ཚོགས་པས་ཡིག་ཐོག་བཀོད་འདུག ཡིན་ཡང་གནས་ཚུལ་བྱུང་བཞག་པ་དེ་༧གོང་ས་མཆོག་ཆིབས་བསྒྱུར་བསྐྱངས་སྐབས་བོད་པ་ཕེབས་བསུ་ཞུ་མཁན་མ་བྱུང་བ་རེད་མ་གཏོགས། ཆིབས་འཁོར་འཁྲིས་ལ་མི་བསླེབས་བཞག་པ་དེ་འདྲ་རེད་མི་འདུག དེ་དགའ་ལྡན་ཕོ་བྲང་དང་འབྲེལ་ཡོད་དོན་གཅོད་ཆིབས་འཁོར་ནང་ཡོད་སྟབས་རྩད་གཅོད་བྱས་པ་ཡིན། ཆིབས་འཁོར་ཕེབས་སྐབས་སྐད་འབོད་རྒྱག་མཁན་ཚོའི་མདུན་ནས་ཕེབས་དགོས་པ་ཆགས་ཡོད་ཀྱང་། མཐོ་སློབ་ཀྱི་སྒོ་འགྲམ་ལ་སླེབ་སྐབས་དོལ་རྒྱལ་བསྟེན་མཁན་ཕར་བསླེབས་ནས་ངོ་རྒོལ་བརྒྱབ་པ་དེ་འདྲ་བྱུང་མི་འདུག ང་ཚོས་གསལ་བཤད་ཞུ་རྒྱུ་ཞིག་ལ་དོན་གཅོད་ལས་ཁུངས་དང་འབྲེལ་ཡོད་ལས་བྱེད། སྤྱི་མཐུན་ཚོགས་པ་བཅས་ནས་གནང་དགོས་པ་ཆ་ཚང་གནང་འདུག་ཀྱང་། ཨར་བྷན་མཐོ་སློབ་ནས་བཀའ་འཁྲོལ་གནང་མི་འདུག་ཞུ་རྒྱུ་ཡིན། ཞེས་གསུངས་སོང་།
སྤྱི་འཐུས་སྒྲོལ་མ་ཚེ་རིང་ལགས་ཀྱིས་འཕྲོས་དོན་བཀའ་འདྲི་ཞུ་སྐབས། བཀའ་ཤག་སྐབས་ ༡༤ པའི་ཐོག་ནས་དོལ་རྒྱལ་རྗེས་འབྲང་པ་ཚོས་༧སྐྱབས་མགོན་རིན་པོ་ཆེ་ག་པར་ཆིབས་བསྒྱུར་བསྐྱངས་ཀྱང་། སུན་བཙེར་བཟོས་དང་བཟོ་བཞིན་ཡོད་པ་དག་ལ་གཟིགས་ཕྱོགས་དང་གནང་ཕྱོགས་ག་རེ་ཡིན་མིན་གྲོས་ཚོགས་འདིའི་ཐོག་ལ་གསལ་པོ་ཞིག་བཟོ་རོགས་གནང་ཞེས་བཀའ་འདྲི་ཞུས་པར། ༧གོང་ས་མཆོག་གི་སྐུ་ཕྱྭ་ལས་གལ་ཆེ་བ་མེད་པ་དེ་དེ་སྔ་ནས་བཀའ་ཤག་གིས་གསལ་པོ་ཞུས་ཡོད་ལ། ད་སྔ་ཡིན་ཡང་སྐུ་ཕྱྭ་དེ་གལ་ཆེ་ཤོས་ལ་བརྩི་ཡི་ཡོད་པ་མ་ཟད། རྩིས་པ་གཞིར་བཟུང་གོང་དུ་ཞུས་པ་བཞིན་བཀའ་ཤག་དང་འབྲེལ་ཡོད་ལས་ཁུངས་བདེ་སྲུང་དང་ཕྱི་དྲིལ་ལས་ཁུངས། ཆོས་རིག་ལས་ཁུངས་བཅས་ཀྱི་ཐོག་ནས་ཀྱང་དོན་གཅོད་ཁག་ལ་ལམ་སྟོན་གནང་རྒྱུ་དང་། དོན་གཅོད་ཁང་གིས་ཀྱང་འབད་བརྩོན་གནང་རྒྱུ་སོགས་གང་ཅིའི་ཐོག་གནང་དང་གནང་མུས་ཡིན། ཉེ་བའི་ཆར་སྲུང་སྐྱོབ་གནད་དོན་ཡིན་ཡང་ཁེ་ན་ཌ་དང་ཨོ་སི་ཀྲོ་ལི་ཡ་ཡིན་ཡང་ཚད་མཐོ་རུ་དང་མང་དུ་བཏང་ཡོད་པ་དག་ནི། བཀའ་ཤག་ཐོག་ནས་འབད་བརྩོན་གནང་བར་བརྟེན་ནས་བྱུང་བཞག་པ་ཞིག་ཡིན་སྟབས། ཧ་ལས་པའི་གལ་ཆེན་པོ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་མ་ཟད། དེ་བཞིན་དོལ་རྒྱལ་རྗེས་འབྲང་པ་ཚོ་ཡིན་ཡང་རྒྱ་ནག་གཞུང་གིས་བེད་སྤྱོད་འོག་ལ་ཆབ་སྲིད་འཁྲབ་ནས་གཞི་མེད་སྐྱོན་འཛུགས་བྱེད་ཀྱི་ཡོད་པར་ཡིག་ངག་གཉིས་ཐོག་ནས་ངོས་འཛིན་བྱེད་ཀྱི་ཡོད་པ་དེ་སྔ་ཞུས་ཡོད་པ་དང་ད་ལྟ་ཡང་ཞུ་བཞིན་ཡོད། ཅེས་གསུངས་སོང་།
སྤྱི་འཐུས་ཡེ་ཤེས་སྒྲོལ་མ་ལགས་ཀྱིས། སྐུ་ཚབ་དོན་གཅོད་དང་བོད་རིགས་སྤྱི་མཐུན་ཚོགས་པས་ཕེབས་བསུ་གནང་ཡུལ་གྱི་ས་ཆ་གནང་རྒྱུའི་ཆོག་མཆན་ཞུས་ཡོད་ཀྱང་། ཕེབས་བསུར་བཅར་མ་ཐུབ་པ་བཟོ་མཁན་གྱི་ཚོགས་པ་དེ་སུ་ཡིན་མིན་དང་། ཁོ་ཚོས་ག་རེ་བྱས་ནས་དེ་འདྲ་གནང་ཡོད་དྲིས་པའི་ལན་དུ་སྲིད་སྐྱོང་མཆོག་གིས། ཚོགས་པ་དེའི་མིང་ལ་ (Friends of Dalai Lama ) ཏཱ་ལའི་བླ་མ་མཆོག་གི་གྲོགས་པོ་ཞེས་པ་ཞིག་ཡོད་པ་དེ་རེད། དེར་རྣམ་པ་ཚོས་ཞིབ་འཇུག་གནང་བ་ཡིན་ན། དེའི་ནང་ལ་དོ་བདག་སུ་ཡིན་མིན་ཚང་མ་བཀོད་ཡོད་པ་རེད་ཞུ་རྒྱུ་ཡིན། རྒྱུ་མཚན་ག་རེ་བགྲངས་འདུག་ལབ་ན། དོན་གཅོད་རང་ནས་ལས་བྱེད་ཅིག་དང་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་ཕར་བཅར་ཏེ། སྐུ་ཕྱྭ་དང་འབྲེལ་བའི་ཐོག་ལ་སེམས་ཁྲལ་ཞེ་པོ་ཞིག་འདུག་སྟབས། དོལ་རྒྱལ་རྗེས་འབྲང་པ་ཚོ་ག་པར་བསྡད་ཀྱི་རེད་ཅེས་དྲི་སྐབས། ཨར་བྷན་མཐོ་སློབ་ཀྱི་འབྲེལ་ཡོད་ལས་བྱེད་ཚོས་ས་ཆ་དེ་རྩད་གཅོད་བྱས་འདུག དེ་ནས་ང་ཚོར་ཕེབས་བསུ་ཞུ་སའི་ས་ཆ་ཞིག་དགོས་ཀྱི་འདུག་ཟེར་སྐབས། ཨར་བྷན་མཐོ་སློབ་དང་ཚོགས་པ་དེའི་སྐུ་ཚབ་ཀྱིས་ཨར་བྷན་མཐོ་སློབ་ནང་རྒྱ་རིགས་སློབ་ཕྲུག་མང་པོ་ཞིག་ཡོད་སྟབས། འདིར་བོད་པ་མང་པོ་ཞིག་བསླེབ་པ་ཡིན་ན་རྒྱ་རིགས་སློབ་ཕྲུག་ཚོས་ག་རེ་བྱེད་མིན་ཧ་གོ་བ་མི་འདུག་ཟེར་ནས་སྤྱི་མཐུན་ཚོགས་པས་ཞིབ་ཅིང་ཕྲ་བ་ཡིག་ཐོག་བཀོད་ནས་དགའ་ལྡན་ཕོ་བྲང་དང་ཚོགས་གཙོ། བདེ་སྲུང་ལས་ཁུངས་བཅས་ལ་ཕུལ་ཡོད་པ་རེད། ཅེས་གསུངས་སོང་།
དེ་ནས་སྤྱི་འཐུས་པདྨ་འབྱུང་གནས་ལགས་ཀྱིས། དྲི་བ་དང་པོའི་ནང་འདི་ལོའི་ཕྱི་ཟླ་ ༧ པའི་ནང་ལོསེ་ཨེནྫི་ལེ་སེ་ཡ་ནང་གནས་ཚུལ་ཞིག་སླར་ཡང་ལྷག་འདུག་པ་དེར་བློ་ཕམ་བྱུང་ཞེས་གསུངས་ཡོད་སྟབས། གནས་ཚུལ་སྡུག་པོ་བྱུང་མེད་ཀྱང་བློ་ཕམ་བྱུང་ཟེར་སྐབས་སྐྱོན་ཞིག་ཡོད་པ་གསལ་པོ་རེད། མ་འོངས་པར་ང་ཚོའི་རྣ་བས་ཐོས་མི་རུང་བའི་སྐད་ཆ་དེ་འདྲ་ཞིག་བྱུང་བ་ཡིན་ན། བློ་ཕམ་བྱུང་ཟེར་ནས་བཞག་པ་རེད་དང་། ཡང་ན་དེ་ལས་གཞན་པ་ཞིག་གི་ཐོག་འགྲོ་རྒྱུ་ཡིན། དེའི་འགན་འཁྲི་སུ་ལ་ཡོད་དམ་ལབ་སྐབས། གདན་ཞུ་བྱེད་མཁན་དང་མཛད་འཆར་གོ་སྒྲིག་ཞུ་མཁན་ཚོགས་པ། ས་གནས་བོད་རིགས་སྤྱི་མཐུན་ཚོགས་པ་དང་འབྲེལ་ཡོད་སྐུ་ཚབ་ཚོགས་པ་བཅས་ལ་འགན་འཁྲི་ཡོད་ཅེས་ལབ་འདུག ང་ཚོ་ནམ་རྒྱུན་ཕྱི་འབྲེལ་ལས་ཁུངས་ཀྱི་ལས་བསྡོམས་མཇལ་སྐབས། ཕྱི་རྒྱལ་སྐུ་ཚབ་དོན་གཅོད་དེ་དག་༧རྒྱལ་བ་རིན་པོ་ཆེ་མཆོག་ག་པར་ཆིབས་བསྒྱུར་བསྐྱངས་ཀྱང་། ས་གནས་དེ་དང་དེའི་དོན་གཅོད་ཀྱིས་ཕེབས་བསུ་སྐྱེལ་གནང་རྒྱུ་དང་། སྐུའི་འཕྲིན་ལས་རྒྱས་པ་སོགས་སྐུ་ཚབ་དོན་གཅོད་དེ་ཚོར་ཡོད་བསམ་པ་ཞིག་མཐོང་གི་འདུག ད་རེས་སྐུ་ཚབ་དོན་གཅོད་དང་བོད་རིགས་སྤྱི་མཐུན་ཚོགས་པ། གདན་ཞུ་བྱེད་མཁན་དག་གདན་ཐོབ་ཅིག་སྒང་ལ་བཞག་འདུག མ་འོངས་པར་ཁོ་ཚོའི་གདན་ཐོབ་གཅིག་པ་ཆགས་ཀྱི་རེད་དམ། ཡང་ན་ལས་བསྡོམས་ནང་ཡོང་བ་ལྟར་སྐུ་ཚབ་དོན་གཅོད་དེར་འགན་གཙོ་བོ་འཇོག་གི་ཡོད་དང་མེད། འཇོག་གི་ཡོད་པ་ཡིན་ན་འགལ་འཛོལ་ལ་གཞིགས་པའི་ཐག་གཅོད་གང་གནང་འཆར་ཡོད་མེད་དྲིས་པར་སྲིད་སྐྱོང་མཆོག་གིས། བློ་ཕམ་བྱུང་ཟེར་བ་དེར་ངས་གསལ་བཤད་ཞུས་ཡིན་བསམ་གྱི་འདུག བོད་མི་ཚོས་ཉིན་མ་དང་པོ་དེར་ཕེབས་བསུ་ཞུ་ཐུབ་ཡོད་ཀྱང་། ཉིན་མ་གཉིས་པ་གསུམ་པར་ཕེབས་བསུ་ཞུ་རྒྱུའི་ས་ཆ་མ་རག་པའི་རྐྱེན་གྱིས་ཕེབས་བསུ་ཞུ་མ་ཐུབ་པ་དེར་བཀའ་ཤག་ནས་བློ་ཕམ་ཡོད་ཞུ་རྒྱུ་ཡིན་ཡང་། དོན་གཅོད་དང་ས་གནས་སྤྱི་མཐུན་ཚོགས་པས་གནང་དགོས་པ་ཆ་ཚང་གནང་འདུག་ཅེས་ཞུ་རྒྱུ་ཡིན། དེ་བཞིན་སྐུ་ཕྱྭ་དང་འབྲེལ་བའི་ཐོག་ལ་དོན་གཅོད་ལ་འགན་འཁྲི་ཡོད་ཀྱང་། གནང་སྟངས་གནང་ལུགས་དེ་ས་གནས་སྤྱི་མཐུན་ཚོགས་པས་ཉེ་བའི་ཆར་ནས་ང་ཚོ་བདེ་སྲུང་ལས་ཁུངས་དང་ཕྱི་དྲིལ་ལས་ཁུངས། འདི་ནས་བཀོད་ཁྱབ་ནང་ལའང་དང་བླངས་ཀྱི་སྐུ་སྲུང་བྱེད་མཁན་ཡོད་སྟབས། ཁོ་ཚོར་ཡིན་ཡང་འགན་ཞིག་གནང་གི་ཡོད་པ་མ་ཟད། དེ་བཞིན་གོ་སྒྲིག་ཞུ་མཁན་ཨར་བྷན་མཐོ་སློབ་དང་གདན་འདྲེན་ཞུ་མཁན་ཚོགས་པ་བཅས་ལ་འགན་ཡོད་ཀྱང་། སྤྱི་ཡོངས་ཀྱི་འགན་གཙོ་བོ་དེ་དོན་གཅོད་ལ་ཡོད་པ་རེད། ཡིན་ཡང་སྐུ་ཕྱྭ་དང་འབྲེལ་བའི་ཐོག་ལ་ད་གིན་ངས་ཞུས་པ་ལྟར། ཆིབས་འཁོར་འགྲམ་ལ་དོལ་རྒྱལ་རྗེས་འབྲང་པ་བསླེབས་པ་དེ་འདྲ་བྱུང་མི་འདུག ཅེས་གསུངས་སོང་།
སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལགས་ཀྱིས། གནད་དོན་དེའི་ཐད་ཞིབ་འཇུག་ཚོགས་ཆུང་ཞིག་འཛུགས་རྒྱུར་སྤོབས་པ་དང་གདེང་ཚོད། འཛུགས་དགོས་ཀྱི་ཡོད་པ་ཞིག་ལ་ངོས་འཛིན་གནང་གི་ཡོད་དང་མེད་དྲིས་པར་སྲིད་སྐྱོང་མཆོག་གིས། བཀའ་ཤག་ནས་ལོསེ་ཨེནྫི་ལེ་ཡ་དང་ནེའུ་ཡོག་གཙོས་དེ་སྔོན་གྱི་ཆིབས་བསྒྱུར་དང་འབྲེལ་བའི་ཐོག་ནས་བཀོད་ཁྱབ་ཅིག་ཕུལ་ཚར་ཡོད་སྟབས། ད་ལྟའི་ཆར་དེར་ངོས་འཛིན་བྱེད་ཀྱི་ཡོད། ད་ལྟ་དེ་ཕེབས་བསུའི་ཆོག་མཆན་རག་དང་མ་རག་ཡིན་དུས་གྲོས་ཚོགས་ཀྱིས་དེའི་ཐོག་ཞིབ་འཇུག་ཅིག་གནང་དགོས་གསུངས་པ་ཡིན་ན། བཀའ་ཤག་ནས་བཀའ་བསྡུར་གནང་རྒྱུ་རེད། ཅེས་གསུངས་སོང་།
མཇུག་ཏུ་བདེ་སྲུང་བཀའ་བློན་འབྲོང་ཆུང་དངོས་གྲུབ་མཆོག་གིས་དོན་རྐྱེན་དེ་དང་འབྲེལ་བའི་ཐོག་གསལ་བཤད་གནང་དོན། ཕ་གར་གདན་ཞུ་བྱེད་མཁན་གྱི་མི་དེ་དགའ་ལྡན་ཕོ་བྲང་ནས་གསལ་པོ་ཞེ་དྲགས་ལོ་རྒྱུས་རྒྱབ་ལྗོངས་དང་གནས་སྟངས། ད་ལྟ་བར་དུ་ད་རེས་གཅིག་པུ་ཙམ་མིན་པར་མཛད་རིམ་གོ་སྒྲིག་ཆ་ཚང་མཁྱེན་བསྡད་པའི་སྒྲིག་འཛུགས་ཤིག་རེད་ཞུ་རྒྱུ་ཡིན་ལ། ལྷག་པར་དུ་བོད་མིའི་སྒྲིག་འཛུགས་དང་བདེ་སྲུང་ལས་ཁུངས་ནས་དེ་ཆ་ཚང་ཤེས་ཀྱི་ཡོད། དེ་འདྲའི་ཐོག་ལ་དོ་བདག་གྲ་སྒྲིག་བྱེད་མཁན་གྱི་རྒྱབ་ལྗོངས་ད་གིན་བཀུར་འོས་སྤྱི་འཐུས་ཀྱིས་ཐོག་མ་བཀའ་གནང་སྐབས་བཀའ་འཁྲོལ་མ་སྤྲད་པ་དེ་གང་འདྲ་ཡིན་ན། དོལ་རྒྱལ་བསྟེན་མཁན་དང་དེང་སང་དེ་འདྲའི་སྒྲིག་འཛུགས་མང་པོ་ཡོད་པ་དང་འབྲེལ་བ་མེད་འགྲོ་བསམ་པའི་ཐུགས་དོགས་བྱུང་སོང་བསམ་པའི་ཚོར་སྣང་དེ་འདྲ་བྱུང་། དེ་འདྲའི་ཐུགས་དོགས་ཁྱོན་ནས་མ་གནང་རོགས་གནང་། དེ་འདྲའི་ཐོག་ལ་ཐུགས་དོགས་རྩ་བ་ཉིད་ནས་གནང་དགོས་དོན་མེད་ཀྱང་། མི་སོ་སོ་སྒེར་གྱི་གཤིས་ཀ་དང་ལྟོས་གཞི་ཟེར་བ་དེ་ཚོ་གནས་ཚུལ་ལོག་ཁ་ཞིག་རེད་མ་གཏོགས། རྒྱབ་ལྗོངས་དང་གདན་འདྲེན་ཞུ་མཁན་མི་སྒེར་དང་། ཚོགས་པའི་རྒྱབ་ལྗོངས་ཐོག་ལ་ཐུགས་དོགས་གནང་དགོས་པའི་རྒྱུ་མཚན་གང་ཡང་མེད་གསལ་པོ་ཤེས་ཀྱི་ཡོད་ཅེས་སྙན་སེང་ཞུ་རྒྱུ་ཡིན། ཞེས་གསུངས་སོང་།
གསར་འགོད་པ། དོན་གྲུབ།
འབྲོང་ཆུང་དངོས་གྲུབ་ཀྱིས་ནམ་རྒྱུན་ནས་ལས་སླ་པོ་བཤད་རྒྱུ་ཡོད་རེད། རྐྱེན་ངན་ཞིག་བྱུང་ཚར་དུས་ཁ་ནང་མཛུབ་མོ་བཅུག་ནས་སྡོད་རྒྱུ་ལས་ཡོད་མ་རེད། མི་ཚེ་རང་ལ་བདེ་སྲུང་ནས་འདུག་ནས་ལས་ཀ་དེ་རེད་དོ།།
བོད་མིའི་སྒྲིག་འཛུགས་ངོས་ནས་དོལ་རྒྱལ་བ་ཚོར་འགྲིག་ཐབས་ཤིག་བྱེད་མི་ཐུབ་པ་ཡིན་ནམ། དོལ་རྒྱལ་བ་ཚོར་གོ་བརྡ་ཕྲོད་ཀྱི་མེད་པའི་གླང་རྒན་ལྟ་བུ་ཡིན་ནམ། ཡང་ན་བོད་མིའི་སྒྲིག་འཛུགས་ངོས་ནས་མ་འཇོན་པ་རེད། དངོས་ནས་ཐབས་སྐྱོ་བོ་རེད། མ་གཞིའི་འདིའི་རིགས་༧གོང་ས་མཆོག་གི་སྐུ་ཕྱྭ་ལ་གནོད་པ་མེད་ཚེ་ངོ་རྒོལ་བ་ཚོ་སྣང་མེད་དུ་བཞག་ན་ལེགས་སམ་སྙམ། ཁོང་ཚོའི་དམིགས་ཡུལ་ནི་༧གོང་ས་མཆོག་བློ་ཕམ་ཡོང་བྱེད་དང་མཚན་སྙན་ཆགས་ཐབས་རང་ཡིན་རྒྱུ་རེད། དངོས་གནས་འདི་འདྲ་ཞིག་གིས་༧གོང་ས་མཆོག་གི་མཚན་སྙན་ལ་གནོད་ཀྱི་མ་རེད། དེའི་ཕྱིར་ཁོང་ཚོས་གང་བྱེད་ཀྱང་བཏང་སྙོམས་སུ་འཇོག་རྒྱུ་གལ་ཆེ་བར་སྙམ་མོ། །
ནམ་རྒྱུན་འདིར་ཡོང་རྒྱུ་དཀོན། ད་རེས་དོན་ཆེན་གྱི་དོན་ཆེན་ཞིག་གླེང་བཞིན་ཡོད་སྟབས་མཉམ་ཞུགས་མི་བྱེད་ཐབས་མེད།
ང་ཚོའི་ལས་ཀའི་ནང་ནས་གལ་ཆེ་ཤོས་དེ་རྒྱལ་བའི་སྐུ་ཕྱ་རེད། བོད་གཞུང་ལ་མཚོན་ན། རྒྱལ་དབང་མཆོག་ནི་སྦྱིན་བདག་ཆེན་པོ་ཞིག་ལས་ལྷག་པ་རེད། ལོ་ལྟར་ཞལ་འདེབས་ཆེ་ཤོས་དེ་རྒྱལ་དབང་མཆོག་གིས་གནང་བ་དང་། དེ་བཞིན་བོད་ཕྱི་ནང་གི་མི་དམངས་རྣམས་ལ་ཁོང་ནི་སེམས་ཀྱི་ཉི་མ་ལྟ་བུ་རེད།
དེར་བརྟེན། བོད་གཞུང་དང་མི་དམངས་ཚོས་ཁོང་གི་སྐུ་ཕྱའི་སྐོར་ལ་དམིགས་བསལ་ལས་ཁུངས་ཤིག་བཙུགས་ནས། ཁོང་ས་ཕྱོགས་གང་ལ་ཕེབས་རུང་དེར་ང་ཚོའི་ངོས་ནས་སྐུ་ཕྱའི་དོ་སྣང་ཞིག་གནང་ཐུབ་ན་ལེགས།
དོལ་རྒྱལ་བ་ཚོས་ངོ་རྒོལ་བྱེད་སྐབས། ཁ་ཞེ་གཉིས་མེད་དང་རྒྱག་ཆོག་གཏོང་ཆོག་རེད། ཁོང་ཚོའི་སེམས་ཤུགས་ངོ་མ་ཧ་ལས་པ་རེད། ང་ཚོའི་བོད་གཞུང་གི་སྐུ་སྲུང་དང་མི་དམངས་ཀྱི་དང་བླངས་སྐུ་སྲུང་བ་རྣམས་དུས་ཚོད་གང་ཁྱོལ་ལྟ་བུར་སྣང་། སྟབས་ལེགས་པ་ཞིག་ལ་ཨ་རིའི་ནང་ལ་ཨ་རིའི་གསང་བའི་ལས་ཁུངས་ཀྱི་སྐུ་སྲུང་བ་ཡོད་ཙང་ཅུང་བརྟན་པོ་ཡོད་རུང་། ཡོ་རོབ་དང་ཉི་ཧོང་སོགས་ལ་ཕེབས་སྐབས། སྐུ་སྲུང་ཤིན་དུ་སྐྱོ།
ཟླ་རྙིང་ཤུགས་ལྡན་ཚོགས་པའི་སྐད་འཕྲིན་གྱི་ཚོགས་པ་ཤིག་གི་ནང་ལ་ཁོང་ཚོའི་ཐོབ་ཐང་ཤོད་པའི་སྐབས། མི་ཞིག་གིས། ང་ཚོའི་ཆོས་ལུགས་ཐོབ་ཐང་ལ་དོ་སྣང་ཡོང་དགོས་ན། ཕོ་ཁྱོ་ཀ་ཞིག་གིས་”ཏཱ་ལའི་”ཡི་ལུས་སྟེང་ལ་ཆོམས་དང་། དེ་ནས་གཞི་ནས་ང་ཚོའི་ཆོས་ལུགས་ཀྱི་ཐོབ་ཐང་དེ་འཛམ་གླིང་ལ་ཁྱབ་འགྲོ་ཡི་རེད་ཟེར་དུས། སྐད་ཚོམས་དེ་ནང་གི་ཚོགས་མི་བརྒྱ་ལྷག་ནང་ནས། ཉི་ཤུ་ཙམ་གྱི་དེ་ངས་བྱེད་ཀྱི་ཡིན་ཞེས་ངར་ནས་དང་བླངས་འཐོན་བཞིན་འདུག ང་རང་དེའི་དགོངས་མོ་གཉིད་ཡག་པོ་ཞིག་ཁུག་ཐུབ་མ་སོང་།
དེ་བཞིན། རྒྱལ་སྤྱིའི་ཤུགས་ལྡན་ཚོགས་པའི་དྲ་རྒྱའི་སྟེང་ལ་དྲག་ལས་ཅན་གྱི་བྱང་ཆུབ་སེམས་དཔའ་ཞེས་པའི་རྩོམ་ཞིག་ཐོན་སོང་། བརྗོད་བྱ་གཙོ་བོ་དེ་སེམས་ཅན་དོན་དུ་ཞི་དྲག་གང་ལས་རུང་། སྐུལ་སློང་དག་ན་དེ་འགྲོ་དོན་རེད་ཟེར་བའི་རྩོམ་ཡིག་ཞིག་ཐོན་སོང་། ངས་རྩོམ་དེ་ལ་གོ་རྒྱུ་ཞིག་མཐོང་སོང་།
དེས་ན། བོད་གཞུང་དང་ང་ཚོ་མི་དམངས་ནས་རྒྱལ་བའི་སྐུ་སྲུང་སྐོར་ལ་ཚོགས་ཆེན་ཞིག་བསྐོངས་ནས་ཁ་ཡོད་ལག་ཡོད་ཀྱི་ལས་ཀ་བརྩམས་ན་ང་ཚོ་ཕྱི་ལ་བསྡད་པ་དེས་གོ་ཆོད་ཡོད། དཔེར་ན། ཕྱི་རྒྱལ་ལ་ཡོད་པའི་བོད་པ་ཚང་མས། ཁྱིམ་ཚང་རེ་རེས་སྒོར་མོ་༡༠རེ་བསྡུས་ནས། རྒྱལ་དབང་གང་ལ་ཕེབས་རུང་ས་གནས་དེ་གའི་ཆེད་ལས་སྐུ་སྲུང་བ་གཉིས་ཀྱི་གླ་ཆ་སྤྲོད་ཐུབ་ན། དེ་བརྟན་བཞུགས་ལས་ལྷག་པ་རེད། ཨེ་རེད། དེ་མིན་བརྟན་བཞུགས་མང་པོ་ཞིག་གཏམ་བརྗོད་དང་ལྷ་མོའི་ཁྲབ་གཞུང་ལྟ་བུ་ལས་རིན་ཐང་མིན་འདུག
ཨ་རིའི་དོན་གཅོད་འདི་མི་དོགས་གཞིཅན་ཞིག་རེད། དོལ་ཚོགས་ལ་ཆོག་མཆན་རེག་འདུག བོད་རིགས་ཕེབས་བསུ་ཞུ་མཁན་ལ་ཆོག་མཆན་མ་རེག་པ་གང་ཡིན་ནམ། ངོ་རྒོལ་དེ་ཆེད་དུ་གདན་འདྲེན་ཞུ་མཁན་གྱིས་གོ་སྒྲིག་ཞུས་པ་འདྲ་བོ་འདུག ང་དགུ་ལོར་༧གོས་ས་མཆོག་རྒྱ་མིའི་དམག་སྒར་ཐོག་སྐུ་སྲུང་མཚོན་ཐོག་གཅིག་ཀྱང་མེད་པར་ཕེབས་དགོས་ཅེས་བཙན་བཀའ་བཏང་བ་དང་གཅིག་པ་རེད་འདུག
བསྟན་འཛིན་གྱིས་གསུངས་པར་རྒྱབ་སྐྱོར་ཡོད། ས་གནས་སོ་སོའི་འགོ་ཁྲིད་ཚོས་འགན་འཁུར་དགོས་རྒྱུ་རེད། གླ་ཆ་སྤྲད་དགོས་རྒྱུ་མ་རེད། དངས་བླང་གི་མི་མང་བོ་རག་གི་རེད། ངའི་ས་གནས་སུ་༧གོང་ས་མཆོག་ཆིབས་བསྒྱུར་བསྐྱང་ན་ང་ཡང་དེའི་སྐུ་སྲུང་དུ་འགྲོ་ཆོག ཕལ་ཆེར་བོད་པ་ནང་ནས་༧་གོང་ས་མཆོག་གི་སྐུ་ལ་་རྒོལ་མཁན་ཨེ་ཡོད་ན་བསམ་གི མགོ་སེར་ཚོའི་གྲལ་དུ་ཡོད་ས་རེད། །
གསལ་པོ་བྱས་ནས་ཞུ་ཡ་ལ། གཞུང་གི་ལས་བྱེད་མང་པོ་ཞིག་གིས་གནད་དོན་མང་པོ་རྟོགས་ཡོད་ཁུལ་བྱེད་པ་ལས་དོན་དམ་པས། ཕྱེད་ཀ་རང་དོན་དང་ཕྱེད་ཀ་གཞུང་དོན་སྒྲུབ་པ་འདིར་གཟབ་དགོས་པ་ཞིག་རེད། ༧གོང་ས་མཆོག་གང་དུ་ཕེབས་ཀྱང་།
༡ དགྲ་དང་དེའི་ཕྱོགས་གཏོགས། ཡང་བར་གནས་རྣམས་ལ་མ་ཕོག་པ་དང།
༢ རང་ཉིད་ཀྱི་མིང་དང་མཐོང་ལ་རེ་བ།
༣ མི་སྣ་གལ་ཆེན་དག་ངོ་ཤེས་པ།
༤ མ་འོངས་པའི་ལམ་ཁ་འཚོལ་བ།
༥ སྡིངས་ཆ་མཐོ་ས་དང་༧གོང་ས་མཆོག་གི་སྐུ་འཁྲིས་སུ་སླེབས་ཐབས་བྱེད་པ།
༦ མི་འདུས་སར་༧གོང་ས་མཆོག་གིས་ཐུགས་མཉེས་པའི་རྣམ་པ་ཞིག་བསྟན་ན་སྙམ་པ་སོགས་བྱས་ནས་འཐུས་ཤོར་མང་པོ་གཏོང་བཞིན་ཡོད། སྐབས་དེར་ཁོང་ཚོའི་སེམས་ནས་སྐུ་ཕྱཱ་ནི་བརྗེད་ཚར་བ་རེད། སྤྱི་འཐུས་ལྷན་ཚོགས་ནས་ཁྲིམས་ཤིག་བཟོ་བའམ་ཉེན་བརྡ་ཞིག་གཏོང་ཐུབ་ན་བཟང་།
དོལ་རྒྱལ་ཚོགས་པས་ཆོས་དད་རང་དབང་ཁ་ལ་འཁྱེར་ནས་རྒྱལ་ཚོང་པའི་ལས་དོན་བྱེད་ཀྱི་ཡོད་པ་ནང་བཞིན། གྲོས་ཚོགས་ནང་སྤྱི་འཐུས་རེ་ཟུང་གིས་ལེགས་སྤེལ་ཉེས་འགོག་གི་སྤྱི་སྨན་བསམ་འཆར་ཤོད་རྒྱུའི་ཚབ་ཏུ་༧གོང་ས་༧སྐྱབས་མགོན་ཆེན་པོའི་མཚན་ཁ་ལ་འཁྱེར་ནས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་ལ་སྐྱོན་བརྗོད་བྱེད་སྟངས་འདི་༧གོང་ས་མཆོག་གིས་སྐུ་ངལ་ཆེན་པོས་བོད་མིའི་སྒྲིག་འཛུགས་སྲ་བརྟན་ཞིག་ཡོད་པ་ད་ཆ་ང་ཚོའི་གཞོན་སྐྱེས་ཤེས་ཡོན་ཅན་ཚོས་མཇུག་སྐྱོང་ཚགས་ཚུགས་ཐག་ཆོད་ཡོད་པ་འདི་གཏོར་བཤིག་གཏོང་འཆར་མེད་དམ་སྙམ་པའི་རྣམ་རྟོག་ཡོང་གི་འདུག་པས་གཟབ་གཟབ་གནང་རོགས་གནང་། ཐུགས་རྗེས་གཟིགས།
བོད་སྐད་སྡེ་ཚན། | གསར་འགྱུར།
ལོན་ཌོན་དུ་བཀའ་གདམས་གསར་མའི་ཆོས་ཚོགས་ཀྱི་མདུན་དུ་ངོ་རྒོལ།
2015-09-19 གློག་འཕྲིན། མཆན། འགྲེམ་སྤེལ། པར་བཀོད།
པར་བཀོད། འགྲེམ་སྤེལ། མཆན། གློག་འཕྲིན། ལོན་ཌོན་དུ་བཀའ་གདམས་གསར་མའི་ཆོས་ཚོགས་ཀྱི་མདུན་དུ་ངོ་རྒོལ།
འཛམ་གླིང་བོད་མིའི་བདེ་དོན་དྭངས་བླངས་ལས་འགུལ་ཚོགས་པའི་གོ་སྒྲིག་འོག་དབྱིན་ཇིའི་རྒྱལ་ས་ལོན་ཌོན་དུ་ཡོད་པའི་བཀའ་གདམས་གསར་མའི་ཆོས་ཚོགས་ཀྱི་མདུན་དུ་ངོ་རྒོལ་གནང་ཡོད་པ།
ལྷ་སེ་བསོད་ནམས།
༄༅། །ཁ་སང་ཕྱི་ཚེས་ ༡༨ གཟའ་པ་སངས་ཉིན་འཛམ་གླིང་བོད་མིའི་བདེ་དོན་དྭངས་བླངས་ལས་འགུལ་ཚོགས་པའི་གོ་སྒྲིག་འོག་བོད་མི་དང་བོད་དོན་རྒྱབ་སྐྱོར་བསྡོམས་མི་གྲངས་གསུམ་བཅུ་བསྐོར་ཞིག་གིས་དབྱིན་ཇིའི་རྒྱལ་ས་ལོན་ཌོན་དུ་ཡོད་པའི་ཡོད་པའི་བཀའ་གདམས་གསར་མའི་ཆོས་ཚོགས་ཀྱི་མདུན་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་ཞིག་སྤེལ་འདུག།
འཛམ་གླིང་བོད་མིའི་བདེན་དོན་དྭངས་བླངས་ལས་འགུལ་ཁང་གིས་ངོ་རྒོལ་གྱི་ལས་འགུལ་འདི་སྤེལ་དགོས་པའི་སྐོར་གྱི་གསར་འགོད་གསལ་བསྒྲགས་ཤིག་སྤེལ་འདུག་པ་དེའི་ནང་། དགེ་བཤེས་སྐལ་བཟང་རྒྱ་མཚོས་བདག་ཏུ་བཟུང་བའི་བཀའ་གདམ་གསར་མའི་ཆོས་ཚོགས་ཟེར་བ་དེས་བོད་བརྒྱུད་ནང་བསྟན་གྱི་མཚན་སྙན་ཁ་ལ་འཁྱེར་ནས་དབྱིན་ཇིའི་མི་དམངས་ལ་མགོ་བསྐོར་གཏོང་བཞིན་པ་ཐེང་འདོན་བྱ་རྒྱུ་དང་། དེ་བཞིན་དོལ་རྒྱལ་དང་དོལ་རྒྱལ་ཚོགས་པ་ཟེར་བའི་དངོས་ཡོད་ཀྱི་གནས་ཚུལ་ཇི་ཡིན་མང་ཚོགས་ལ་གསལ་སྟོན་ཆེད་ངོ་རྒོལ་གྱི་ལས་འགུལ་དེ་སྤེལ་བ་ཡིན་པ་བཀོད་འདུག་ལ། ཁོང་ཚོས་དགོས་འདུན་དོན་ཚན་ཁག་གཅིག་བཏོན་ཡོད་པ་དེའི་ནང་། བཀའ་གདམ་གསར་མ་ཟེར་བའམ་རྒྱལ་སྤྱིའི་ཤུགས་ལྡན་ཚོགས་པ་ཟེར་བ་སུ་ཡིན་རུང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་བཙན་བྱོལ་བོད་གཞུང་ལ་གཞི་མེད་སྐྱོན་འཛུགས་ཞུ་རྒྱུ་མཚམས་འཇོག་དགོས་པ་དང་། དེ་སྔོན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་མཚན་སྨད་ཞུ་བའི་ལས་འགུལ་འདི་དབྱིན་ཡུལ་ནང་འགོ་བཙུགས་པ་ཞིག་ཡིན་སྟབས། འཛམ་གླིང་བོད་མིའི་བདེན་དོན་དྭངས་བླངས་ལས་འགུལ་ཁང་གིས་ཀྱང་ངོ་རྒོལ་གྱི་ལས་འགུལ་འདི་དབྱིན་ཡུལ་ནས་འགོ་བཙུགས་ཏེ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་མཚན་སྨད་ཞུ་བའི་ལས་འགུལ་མཚམས་འཇོག་མ་བྱས་བར་བོད་མིའི་བདེན་དོན་དྭངས་བླངས་ཚོགས་པའི་ངོས་ནས་ཀྱང་ངོ་རྒོལ་གྱི་ལས་འགུལ་དུས་ནམ་ཡང་མཚམས་འཇོག་བྱ་རྒྱུ་མིན་པའི་བསྒྲགས་གཏམ་སྤེལ་འདུག། བོད་མི་ཚོས་འགོ་ཁྲིད་དེ་དབྱིན་ཡུལ་དུ་གནས་སྡོད་དགེ་བཤེས་སྐལ་བཟང་རྒྱ་མཚོའི་བཀའ་གདམ་གསར་མའི་ཆོས་ཚོགས་ཤིག་གི་མདུན་ངོ་རྒོལ་སྐད་འབོད་བྱས་པ་ད་རེས་དང་པོ་དེ་ཡིན་ཞིང་། བཀའ་གདམ་གསར་མའི་མིང་གི་ཐོག་ནས་ཆོས་ཚོགས་འཛམ་གླིང་གི་ས་ཕྱོགས་གང་སར་ཡོད་པ་རེད།།
ཞིབ་ཕྲ་གཤམ་ལ་འབྲེལ་ཡོད་མི་སྣས་ས་གནས་ནས་འདི་ག་རླུང་འཕྲིན་ཁང་དུ་ངོ་སྤྲོད་གནང་བར་གསན་རོགས་ཞུ༎
འདི་ནི་དགའ་འོས་པའི་གཏམ་བཟང་ཞིག་རེད། ཚང་མས་རྒྱབ་སྐྱོར་བྱེད་དགོས་སོ། །
དྲང་མོར་བཤད་ན་ང་རང་སྒེར་ནས་དོལ་རྒྱལ་ལ་མ་དགའ་བ་གང་ཡང་མེད། སྙིང་ཡང་རྗེ་ཡི་འདུག ཡི་དྭགས་ཟེར་ན་ཡང་འདྲ། གདོན་འདྲེ་ཟེར་ནའང་འདྲ། ལྷ་ཟེར་ནའང་འདྲ། གང་ལྟར་ཀྱང་ཁོང་ཁྲོ་ལངས་དགོས་དོན་མི་འདུག ཡིན་ནའང་མི་ངན་ཁ་ཤས་ཤིག་ནས་དོལ་རྒྱལ་ཁ་ལ་འཁྱེར་ནས་མི་སེམས་དཀྲུགས་མཁན་འདི་ཚོ་ནམ་ཡང་བཏང་སྙོམས་སུ་བཞག་མི་རུང་། །
“བསམ་བློ་སྔོན་ལ་བཏང་ན་མཁས་པ་ཡིན།
འགྱོད་པ་རྗེས་ནས་ཤོར་ན་བླུན་པོ་ཡིན།” ཞེས་པའི་གནའ་གཏམ་ལ་ཐུགས་ཉམས་བཞག་ནས། མ་འོངས་པར་(གནང་དགོས་པ་ཚང་མ་གནང་ཡོད་)ཟེར་བ་ཞིག་གིས་དོན་ཆེན་མི་བརླག་པར་སྨོན་ལམ་འདེབས།
མེད་པ་ལ་ཡོད་རེད་ཟེར་་མཁན་བོད་པ་རེད། ཆུང་ཆུང་་ཆེན་པོ་བཟོ་མཁན་བོད་པ་རེད། གང་ཡང་མེད་པར་དེས་ཕན་གྱིས་ཟེར་མཁན་བོད་པ་རེད། གང་ཡང་མེད་པར་དེས་གནོད་ཀྱིས་ཟེར་མཁན་བོད་པ་རེད།
སྲིད་སྐྱོང་མཆོག་གསལ་བཤད་དཔེ་ཡག་པོ་གནང་འདུག་་་བཀྲིན་ཆེ་་ངོ་མ་བྱས་ན་གཞུང་གིས་ཆོས་ལུགས་ལ་གཏོགས་མ་བྱེད་ན་བཟང་བ་སེམས་་་གང་ཡིན་ཟེར་ན་་་ཞ་དམར་དང་ཞ་ནག་་ཆུ་སྒང་གསར་བ་དང་རྙིང་པ་་ཇོ་ནང་དང་ས་སྐྱ་སོགས་རྫོགས་ཡ་མེད་རྙོག་གྲ་དེ་དག་གཞུང་བར་གནས་བཞུག་མ་ཐུབ་པའི་སྐྱོན་ཡིན་་་་
ལས་ཀ་མེད་པའི་ལས་ཀ་ ཕར་ཕྱོགས་བསམ་མེད་ ཚུར་ཕྱོགས་བསམ་མེད་ དགོས་པའི་སངས་རྒྱས་ཀྱི་ཆོས་མ་བྱས་པར་ མ་དགོས་པའི་ལྷ་དྲེའི་འཐབ་རྩོད་ ད་ང་ཚོ་ཁ་ཆེ་དང་ཁྱད་པར་ག་རེ་འདུག་གམ་ རང་བཙན་མེད་པས་ཡག་པོ་བྱུང་འདུག་ གལ་སྲིད་རང་བཙན་ཡོད་ན་ནང་འཁྲུགས་རྒྱབ་ནས་མི་མང་པོ་བསད་པ་འདུག་ ད་ནི་ང་ཕྱོགས་གཉིས་ཀར་ལ་མི་དགའ་།
བཀྲིན། འདི་ལ་བཀའ་དྲིན། ཞེས་པའི་བསྡུས་ཡིག་ཡིན་པ་མ་ཤེས་པ་དག་གིས་དྲིན་ཞེས་པའི་དག་ཆ་འདི་ཉིད་ཡིན་པར་་འདོད་ངེས། དེས་ན། བཀའ་དྲིན་ཞེས་འདྲི་དགོས་པ་དང་། དེ་ལྟར་འབྲི་བ་ལ་ལོང་མེད་ཚེ། དྲིན་ཞེས་འབྲི་ན། མ་འགྲིག་པ་ཡོད་དམ། ཡོན་ཏན་ཀུན་གྱི་གཞིར་དྲིན་ཅན་རྗེ། ཞེས་དང་། དྲིན་བསམས་ཤིང་བསམས་ཤིང་དད་པ་སྐྱེས། ཞེས་དང་། དྲིན་ཅན་བླ་མ་རྣམས་ལ་ཕྱག་འཚལ་ལོ། ཞེས་སྐད་གྲགས་ཡོད་པའི་བོད་ཀྱི་བླ་མ་དག་གིས་དྲིན་ཞེས་པ་བཀོལ་སྤྱོད་མཛད་དོ།