འབྲོང་ངུར་ཕོ་ཉས།
ཆོས་ལུགས་འབྲི། ལྟ་གྲུབ་འབྲི། ལོ་རྒྱུས་འབྲི། ཚན་རིག་འབྲི། སྙན་ངག་འབྲི། རྩོམ་རིག་འབྲི། འཚོ་གནས་འབྲི། ཆབ་སྲིད་འབྲི། ཐ་ན་གཉིད་ལམ་ཡང་འབྲི། བྲིས་བྲིས་ནས་ཤེས་བྱ་རྫོགས་རུང་ད་དུང་བོད་ཡིག་རྫོགས་མེད་ལ་བོད་ཡིག་གི་མ་འདང་བའི་སེམས་ངལ་དགོས་དོན་མེད། དེ་ལྟ་བས་ན་ང་ཕ་སྐད་ལ་དུང་ཞིང་མཛའ། འདི་ཉིད་ཀྱི་དབུ་འཕང་བསྟོད་དགོས་ལ། འདི་དོན་གཞན་གྱིས་ཤེས་སུ་འཇུག་དགོས། དེས་ན་མི་ཚེར་རྫོགས་ཚིག་མ་བཀོད་བར་དུ་ང་འདི་མཉམ་དུ་འཚོ་བར་སྤོབས་པ་དང་གཟི་བརྗིད་དུ་བགྲང་གི་ཡོད།
——ཁ་བྱང་གི་འགྲེལ།
བོད་ཟླ་བརྒྱད་པའི་ཚེས་བརྒྱད་ཀྱི་ཐོ་རངས་ལ་ཁོ་བོ་ད་དུང་གཉིད་ལམ་གྱི་གྲོང་དུ་འགྲིམ་བཞིན་ཡོད། ལྗིད་ཆེ་བའི་ལྷུན་སྡུག་གི་གངས་རི་དེ་ནི་སྐབས་དེའི་ང་རང་ཡོད་ས་ཞིག་སྟེ། འཛམ་གླིང་ཀུན་ཏུ་གྲགས་པ་ཆེ་བའི་རི་བོ་ཧི་མ་ལ་ཡའི་ཤར་གངས་ལ་ཡིན་སྙམ་པ་ཞིག་གི་རི་མགུལ་དུ། གྲོགས་པོ་ངོ་ཤེས་ཀྱང་མིང་མི་ཐོགས་པ་འགའ་དང་མཉམ་དུ་རླངས་འཁོར་ནས་མར་རི་གཤམ་ལ་འགྲོ་གྲབས་བྱེད་བཞིན་འདུག མོ་ཊར་མ་འཛུལ་གོང་དུ་གཅིན་པ་ཞིག་གཏོང་དགོས་དྲན་ནས་རི་རྩེར་མདུན་གཏད་དེ་གོམ་པ་ཁ་ཤས་གྱེན་ལ་སོང་དུས་མཚོ་མོ་ལྷོག་ལྷོག་འཁོལ་གྱིན་པ་ཞིག་གི་འགྲམ་དུ་སླེབས། ཕར་ཚུར་འགྲོ་ས་གཞན་མི་འདུག་པས་དེ་ཕྱོགས་མི་གཅི་ཐབས་མེད་དུ་གྱུར། ཡ་མཚན་པ་ཞིག་ལ་ང་དང་མཚོ་མོ་ཁ་ཐག་རིང་ཡང་གཅིན་པ་ཤར་རེར་མཚོ་ནང་དུ་འགྲོ་ཡི་འདུག སྤྱིར་ན་ཆུ་ནང་དུ་གཅིན་པ་གཏོང་མི་རུང་བ་བྱིས་དུས་ནས་ཕ་མའི་བསླབ་བྱ་དེ་ཝར་ལེར་དྲན་ལ། མ་ཟད་འདི་ནི་མཚོ་གཉན་ཞིག་ཡིན་ཚོད་ཀྱིས་རང་ལ་གནོད་དོགས་སོགས་རྣམ་རྟོག་ཆུ་རླབས་བཞིན་རྩེག་ཀྱིན་འདི་ནང་སེམས་ཅན་གྲངས་མེད་ཡོད་ངེས་སོང་དེ་དག་ལ་ཕན་དུ་འགྱུར་བར་ཤོག་ཅེས་རེ་སྨོན་བཅས་ཏེ་མདོར་ན་རེ་དོགས་ལུ་གུ་རྒྱུད་ཀྱི་ངང་། གང་ལྟར་གཅིན་པ་མཚོ་ནང་དེར་བཏང་ཟིན་སོང་།
དེ་མཚམས་མཚོ་མོ་དྲག་ཏུ་འཁོར་ཞིང་ཤུགས་ཀྱིས་རྔུབ་པ་ལྟར་མར་དིམ་པ་དང་། རླབས་ཀྱིས་གཡོ་ཞིང་ཡར་འཕྱུར་ཏེ་མེར་བ་སོགས་གློ་བུར་གྱི་འགྱུར་བ་སྣ་ཚོགས་དེས་ང་རེ་ཞིག་རྨོངས་སུ་བཅུག གཉིད་ལམ་གྱི་སྣང་བ་འདི་གློག་ལས་མྱུར་བ་ཡིན་པས་ཡང་ངའི་ལག་ཏུ་གོང་ས་མཆོག་གི་མ་ཎི་རིལ་བུ་འགའ་ཡོད་སྣང་ལ་དེ་དག་མཚོ་ནང་དུ་བཏབས་ན་འགྲོ་བ་རྣམས་ལ་ཕན་པའི་ལྷག་བློ་ཞིག་གིས་བསྐུལ་ཏེ། དེ་གར་འདེབས་ལ་བརྩོན་པའི་མུར་ང་རང་གཉིད་ལས་སད། སེམས་དགའ་ཡལ་ལེ་ཞིག་ལ་ད་དུང་དྲན་ངོགས་སུ་ཡོད་པ་ནི་རེ་དོགས་དང་དྲི་རྟགས་ཤ་སྟག་རེད། འོན་ཀྱང་གཉིད་ལམ་ནི་འཁྲུལ་བ་ཡིན་པ་ཤེས་བཞིན་དུ་འདི་ཙམ་བདེན་སྣང་དུ་འཛིན་པ་རང་གི་ནང་ཆ་བསྟན་འདུག་ཀྱང་། བག་ཆགས་ཟེར་བ་ལས་སླ་པོར་བཅོས་སུ་མེད་པའི་གནས་ལུགས་ལ་ངེས་པ་ཅུང་རྙེད། དེ་ལྟར་ཡང་། འཁྲུལ་སྣང་ནི་འཇིགས་སྣང་སྐྱེ་དགོས་པ་ཞིག་མིན་མོད། མི་བདེན་ཤེས་བཞིན་དུ་བདེན་པར་འཛིན་པ་དེ་ཅི་འདྲའི་རྨོངས་པ་ཞིག་མ་ཡིན་ནམ།
༢༠༡༥ / ༩ / ༢༡