གླིང་གཅེར་བུ།
མདང་དགོང་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ཉམས་ཞིབ་པ་དང་རྩོམ་པ་པོ་བསྟན་འཛིན་ཉིན་བྱེད་ལགས་དང་མཉམ་དུ། དུས་ཐུང་ཞིག་དང་བསྟུན་ནས་(མི་རིགས་ཀྱི་རྩོམ་རིག་དང་འཐབ་རྩོད་)ཅེས་པའི་བརྗོད་གཞིའི་སྒང་ལ་ཁ་བརྡ་དང་དྲིས་ལན་རང་བཞིན་གྱི་གླེང་མོལ་ཞིག་བྱུར་བར། ཁོང་གིས་གཙོ་བོ་དེ་བོད་ནང་ལོག་གི་རྩོམ་པ་པོ་ཁག་ཅིག་དམིགས་སུ་བཟུང་ནས་ཁོང་ཚོས་རྩོམ་བྲིས་སྙིང་སྟོབས་དང་འཐབ་རྩོད་ཀྱི་ཆོད་སེམས། འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་སོགས་ལ་ཕྱོགས་ཡོངས་ནས་སད་རྟོགས་བྱུང་ཡོད་པ་དང་། དེ་ཡང་བསམ་བློ་བཏང་ཡོང་ན་ཕྱི་གླིང་བའི་རིག་གནས་སྙིང་སྟོབས་ལ་བརྟེན་ནས་བྱུང་གིན་ཡོད་ཚུལ་བཤད་སོང་།
སྐབས་དེར་ངས་སེམས་སུ་སྤྱིར་བཏང་དེང་སང་བོད་ནང་ན་རྩོམ་པ་པོ་ཁག་ཅིག་དང་ཤེས་ཡོན་པ་རེ་གཉིས་ཙམ་མ་ཡིན་པར་དམངས་ཡོངས་ལ་འགྲོ་བ་མིའི་ཡོངས་ཁྱབ་རིན་ཐང་གི་གོ་རྟོགས་ཆེ་ཆེར་སད་བཞིན་པ་དང་། སློབ་ཆེན་དང་སློབ་འབྲིང་ཕར་ཞོག་མཐའ་ན་རོང་འབྲོག་མང་ཚོགས་ཀྱིས་ཀྱང་རང་ཉིད་ཚོས་འཚོ་གནས་ཁེ་དབང་དང་བདག་དབང་གི་ཆེད་དུ་ས་འཐབ་གནམ་འཐབ་བྱེད་བཞིན་ཡོད་པ་དྲན་སོང་བས། འདི་དག་ནི་བསམ་ཞིང་བསམ་ན་རྩོམ་བྲིས་ཤུགས་རྐྱེན་ཞིག་གིས་བྱུང་བཞིན་འདུག་ལ། རྩོམ་བྲིས་ཁོར་ཡུག་ཇི་ལྟར་ཡོད་ན་རྩོམ་གྱི་ནུས་ཤུགས་དེ་ལྟར་ཆེ་ཟེར་བ་ལྟར། བོད་ནང་ལོག་ན་རྩོམ་བྲིས་ཁོར་ཡུག་ཁོད་ཡང་པ་ཞིག་ཆགས་ཐུབ་ཡོད་པས། བསམ་བློ་དང་ལྟ་ཚུལ་མི་འདྲ་སོགས་ལ་ཡང་མཉམ་གནས་ཀྱི་ཁོར་ཡུག་ཅིག་ཆགས་ཡོད་པ་རེད། དེ་ལྟར་དུ་དམངས་བྱིང་གི་བསམ་བློའི་གོ་རྟོགས་ཆེ་ཆེར་སད་བཞིན་ཡོད་པ་རེད།
དེ་ལྟ་དེ་ལྟར་བསམ་བཞིན་ངས་བཙན་བྱོལ་བ་དག་ལ་བསམ་གཞིགས་ཤིག་བྱ་དགོས་བྱུང་སོང་། བོད་ནང་གི་བོད་མི་རྩོམ་པ་པོ་དང་ཤེས་ཡོན་པ་དག་གི་རྩོམ་བྲིས་སྙིང་སྟོབས་དང་རང་དབང་དང་དམངས་གཙོའི་ངེས་ཤེས་དེ་ཕྱི་ནས་ཡོང་གི་ཡོད་པ་ཡིན་ན། བཙན་བྱོལ་བ་དག་ནི་དེ་ལས་ཀྱང་ཕྱིའི་སྤྱི་ཚོགས་དང་མཉམ་འགྲོ་མཉམ་འདུག་བྱས་ཡོད་པ་དང་། སྐད་ཡིག་གི་ཕྱོགས་ནས་མང་ཆེ་ཤོས་ཀྱིས་དབྱིན་ཡིག་སྤྱོད་བཞིན་ཡོད་པས་ངོས་ནས་བོད་ནང་གི་བོད་མི་ཚོས་རྒྱ་ཡིག་ནས་ནུབ་ཕྱོགས་པའི་བསམ་བློ་ཀློག་པ་དང་མི་འདྲ་བར་ཐད་ཀར་དབྱིན་ཡིག་ལས་ཀློག་ཐུབ་ན་ཡང་། ཅིའི་ཕྱིར་ད་དུང་འདི་འདྲིའི་ཁ་རུབ་ཀྱི་སྤྱི་ཚོགས་ཤིག་དང་གུ་དོག་པའི་འཚོ་གནས་ཤིག་ཡིན་སོང་བ་ཡིན་ནམ། མཐའ་ན་བསམ་ཚུལ་དང་ལྟ་ཚུལ་མི་འདྲ་བ་ཅུང་ཟད་ཙམ་ཡང་འགྲོ་ས་མེད་པ་དང་། འཛམ་གླིང་ན་ཆེས་གྲགས་ཆེ་བའི་དམངས་གཙོའི་རྒྱབ་ཁབ་ཅིག་གི་ནང་ནས་བསྡད་དེ་ད་དུང་དམངས་གཙོ་ཟེར་བ་ཅི་ལྟར་ལོངས་སུ་སྤྱོད་དགོས་པ་ཡང་མི་ཤེས་པས་གནས་ན་ལྷག་ཡོད་པ་རེད།
བོད་ནང་ལོགས་ལས་བཙན་བྱོལ་བ་དག་གི་ཡིག་རྨོངས་བའི་གྲངས་འབོར་ཧ་ཅང་ཉུང་བ་ཡིན་ན་ཡང་། དེ་བཞིན་དུ་དམངས་ཡོངས་ཀྱི་སྤྱིའི་ཤེས་ཡོན་གོ་རྟོགས་ནི་ཧ་ཅང་ཉམ་ཞེན་གྱི་ངོས་ཤིག་ན་ལྷག་ཡོད་པ་རེད། མཐའ་ན་བཙན་བྱོལ་བའི་མཐོ་རིམ་སློབ་གཉེར་བ་མང་པོ་ཞིག་དམངས་གཙོ་དང་ཡོངས་ཁྱབ་རིན་ཐང་སོགས་ལ་ངེས་ཤེས་ཡོད་ས་ཧ་ཅང་ཉུང་ཉུང་རེད། བོད་ནང་ལོག་ལྟར་ཕྱོགས་ཡོངས་ནས་ཚ་ཚ་འུར་འུར་གྱི་ལས་དེ་གཏན་ནས་མེད་པ་རེད་ལ། དེ་བཞིན་དུ་རིག་ཚན་གཞན་པ་ལ་ཡང་དང་བ་མེད་པ་རེད། གང་ལ་ཡང་ངོ་བོ་ཙམ་ཞིག་གི་སློབ་གསོའི་སེམས་ཁམས་ཤིག་གི་ངོས་ནས་འཚར་ལོངས་བྱུང་བཞིན་ཡོད་པ་རེད་ལ། དེ་ལྟར་དུ་ཆེན་པོར་ཆགས་ན་ཡང་ཁ་མེད་སྣ་མེད་ཀྱི་རིགས་ཤིག་ཏུ་གྱུར་ནས་ཡོད་པ་རེད།
མཇུག་མཐར་ངས་དེ་གཉིས་བར་གྱི་ཧེ་བག་ལ་གནོ་བསམ་གཏོང་ཁུལ་བྱས་བྱས་ཏེ་འདི་ལྟར་འདོད་ཡོད། ང་ཚོའི་བར་གྱི་ཧེ་བག་དང་བར་ཁྱད་ནི་རྩོམ་རིག་ལ་ཆེ་མཐོང་དང་དང་དོད་ཡོད་མེད་ཀྱིས་རེད་འདུག མོའུ་ཡིས་སྐད་ཆ་ཞིག་ལ་རྩོམ་རིག་དང་སྒྱུ་རྩལ་ཚན་ཁག་ཅིག་ནི་དམག་མི་སྟོང་ཕྲག་ལྷག་ལས་སྟོབས་ཤུགས་ཆེ་བ་ཡོད་ཟེར་བ་ལྟར། དོན་དངོས་བཤད་རྩོམ་རིག་གི་སྟོབས་ཤུགས་ནི་དེ་ལྟར་ཞིག་ཡིན་གྱི་ཡོད་པ་རེད། ད་དུང་བཤད་ཚུལ་ཞིག་ལ་རྩོམ་རིག་མེད་པའི་སྤྱི་ཚོགས་ནི་ཀླ་ཀློ་རེད་ཟེར་སྲོལ་ཡང་ཡོད་པ་རེད།
བཙན་བྱོལ་ནང་རྩོམ་རིག་ནི་རིག་ཚན་ལྷག་མ་ཞིག་ཏུ་གྱུར་ནས་ཡོད་པ་རེད། ཤེས་ཡོན་པ་དང་རྩོམ་པ་པོ་ཡིན་ཟེར་མཁན་རེ་ཡིས་འབྲི་བ་དང་བཀོལ་ཁུལ་བྱ་བཞིན་ཡོད་ན་ཡང་། མང་ཆེ་ཤོས་ཤིག་གིས་ཁ་རྒྱབ་ཙམ་ཞིག་གི་ཆེད་དུ་ལས་ཁུངས་ཁག་གི་སྒོ་འགྲམ་ནས་འཁྲལ་འཇལ་ཚུལ་ལྟ་བུ་དང་ཡང་མིན་ན་རང་ཉིད་ཀྱི་དོན་ཞིག་འགྲུབ་མ་འགྲུབ་གླེང་བ་ལས། དོན་དམ་པའི་རྩོམ་རིག་དེ་རྩོམ་རིག་གི་ས་ནས་བཞག་སྟེ། དེ་ལ་འགན་ཁུར་ནས་སྒྱུ་རྩལ་གྱི་རིག་པའི་སྙིང་སྟོབས་ལྡན་པའི་རྩོམ་ཡིག་བསམ་བློ་དབལ་ཚ་བོ་ཅན་དང་ལྟ་ཚུལ་རྣོ་བོ་ཅན་དམངས་བྱིངས་ཀྱི་གོ་རྟོགས་སད་ཐུབ་པའི་རྩོམ་ཡིག་ཅིག་རྩོམ་ལུས་གང་གི་ངོས་ན་ཡང་བྱུང་ཐུབ་ཀྱིན་མེད་པ་རེད།
གཞུང་དམངས་གཉིས་ཀྱིས་རྩོམ་རིག་ནི་ལྷག་མ་ཞིག་གི་ངོ་བོར་བཞག་བཞག་པའི་འབྲས་བུ་དེ་ཡིན་གྱི་ཡོད་པ་རེད་ལ། དེ་ལས་ཀྱང་བཙན་བྱོལ་ན་སློབ་ཆེན་དགེ་རྒན་ཡིན་ཟེར་མཁན་ནང་ན་རྩོམ་རིག་ལབ་ན་ག་རེ་རེད། སྙན་ངག་བྲིས་པ་ལ་ལབ་གྱི་ཡོད་དམ་ཟེར་བའི་མི་ལ་ང་དངོས་སུ་ཐུག་མྱངས། འདི་ནི་བཙན་བྱོལ་བའི་རྩོམ་རིག་ལ་བཟུང་བའི་དཔང་རྟགས་རེད་ཟེར་ན་ཆོག་པ་རེད།
རྒྱུ་མཚན་དེས་རྐྱེན་གྱིས་བོད་ནང་གི་བོད་མི་ཚོ་མུན་ནག་དང་བཙན་འཛུལ་གྱི་འོག་ནས་ཡོད་ན་ཡང་ང་ཚོའི་བར་ལ་ཧེ་བག་ཆེན་པོ་ཞིག་ཤོར་དོན་ནི་རླབས་ཆེ་བའི་རྩོམ་རིག་རིན་པོ་ཆེ་ལ་བདག་པོ་བརྒྱབ་མ་བརྒྱབ་ཀྱི་ངོས་ན་ཡོད་པ་རེད།
མཇུག་མཐར་ཞུ་རྒྱུ་ཞིག་ལ་མི་རིགས་ཤིག་འགྱེལ་ས་ནས་ལངས་དགོས་ན་རྩོམ་རིག་ནི་མི་རིགས་དེའི་རྒྱབ་བརྟེན་མེད་དུ་མི་རུང་བ་ཞིག་ཡིན་པ་མ་བརྗེད།
༢༠༡༥/༩/༢༣/
རང་གི་བསམ་ཚུལ་གཙོ་གྲས་དེ་ཚོར་འཐད་པ་བྱུང་།