རྔ་བཟའ་བདེ་པོ་འཚོས་བསྒྱུར།
ཉིན་ཤས་སྔོན་ལ་གྲོགས་པོ་ཞིག་གི་ལག་ནས་གློག་སྒུལ་འཕྲུལ་དེབ་ཞིག་ཏུ་མོ་ལོ་༣༢ ཅན་གྱི་རྒྱ་ནག་གི་ན་ཆུང་མ་ཞིག་གི་སྒྲུང་ཡིད་སྐྱོ་བ་ཞིག་འབྱོར་སོང་། སྒྲུང་དེ་མཐོང་བས་ང་ཞེ་གཏིང་ནས་སེམས་འགུལ་ཐེབས་ཤིང་ཉི་མ་རེ་རེའི་དུས་ཚོད་ལ་དམིགས་བསལ་གྱིས་རིན་ཐང་དང་བསམ་གཞིག་ནན་མོ་རེ་མི་གཏོང་ཀ་མེད་བྱུང་།
ན་གཞོན་མ་དེའི་མིང་ལ་ཡྱོ་ཅན་(于娟)ཟེར་ཞིང་ཧྲེང་ཧེའི་སྤོ་ཏན་གཙུག་ལག་སློབ་ཆེན་གྱི་(上海复旦大学)དགེ་རྒན་ཆེན་མོ་ཡིན། ཁོ་མོ་ངལ་རྩོལ་པའི་ཁྱིམ་ཚང་དཀྱུས་མ་ཞིག་གི་བུ་མོ་ཡིན་ལ་སློབ་སྦྱོང་ལ་འབད་པ་ལྷོད་མེད་བྱས་ཏེ་ནོར་བྷེ་ནས་གཙུག་ལག་རབ་འབྱམས་པ་(MA) བཏོན་པ་མ་ཟད་རྒྱ་ནག་ནས་འབུམ་རམས་པ་(Ph.D) བཏོན། དེ་ནས་མཐོ་སློབ་ཅིག་གི་སློབ་དཔོན་གྱི་བཟའ་ཟླར་གྱུར་ཞིང་ལོ་གཉིས་ཅན་གྱི་བུ་ཆུང་གི་ཨ་མ་བྱས་ཏེ། རང་ཉིད་ཀྱི་ཕུགས་བསམ་སླད་དུ་འབད་པ་དང་དཀའ་ཁག་ལ་གདོང་ལེན་བྱས་ཀྱང་། ཕྱི་ལོ་༢༠༠༩ ལོར་ཁོ་མོར་ནུ་མའི་སྐྲན་ནད་ཡོད་པའི་ནད་རྟགས་ཐོན་པ་མ་ཟད་འདུག་ཡུན་ལོ་གཅིག་དང་ཕྱེད་ཀ་ལས་མི་འདུག་ཅེས་སྨན་པས་བརྡ་སྤྲད་འདུག
ཉིན་དེ་ནས་བཟུང་ཁོ་མོས་སྐྲན་ནད་(cancer) ལ་ཁ་གཏད་བཅགས་ཤིང་། ཉི་མ་རེ་རེའི་དགའ་སྐྱོ་ཆགས་སྡང་གི་ཚོར་འདུ་དག་དང་། མི་ཚེའི་དཀའ་སྡུག ཕྱིར་དྲན་གྱི་ལེའུ་རེ་རེ་དྲ་ཐོག་ལ་བཀོད་པས་ཀློག་པ་པོ་མང་པོར་སེམས་འགུལ་ཐེབས་ཡོད།
ཁོ་མོ་འཇིག་རྟེན་འདི་ནས་ཁ་བྲལ་བའི་རྗེས་ལ་ཁོ་མོའི་བརྩམས་ཆོས་ཚང་མ་ཕྱོགས་སྒྲིག་བྱས་ཏེ་” མཐར་མ་འཁྱོལ་བའི་མི་ཚེ” ཞེས་པའི་དེབ་ཅིག་པར་བསྐྲུན་བྱས་ཡོད།
ཡྱོན་ཅན་(于娟)ནི་བུད་མེད་བྱས་རྗེས་ཅན་ཞིག་སྟེ། དུས་ཚོད་ཀྱི་བང་དང་འགྲན་ནས་ཁོ་མོས་སློབ་སྦྱོང་མཐར་ཕྱིན་པ་སྦྱངས་ནས་རང་གི་ཕུགས་འདུན་སྲ་བརྟན་དུ་བཏང་ཡོད། ཁོ་མོས་” ངས་ལོ་༢༠ ལྷག་ལ་སློབ་སྦྱོང་བྱས་ཤིང་། དུས་ཡུན་དེའི་རིང་ལ་མཚན་གྱི་ཆུ་ཚོད་བཅུ་གཉིས་མ་ཡོལ་སྔོན་ལ་ཉལ་བ་ཞིག་ཕལ་ཆེར་དྲན་གྱི་མི་འདུག་”ཟེར།
ད་དུང་བརྗོད་དོན། ཡིན་ན་ཡང་འདི་ལྟར་གློ་བུར་དུ་རང་ཉིད་འཇིག་རྟེན་འདིར་སྡོད་པའི་བསོད་ནམས་དང་སྐལ་བ་སྟོངས་པས། སྡོད་པའི་དུས་ཡུན་ཐུང་ཐུང་དེའི་ནང་ལ་རང་གི་ཕུགས་འདུན་མངོན་འགྱུར་དུ་མི་ཡོང་བ་ཤེས་ཏེ། རང་ལ་དབང་བའི་ཉིན་ཞག་དེ་དག་ལ་འཚོ་བ་སྤྲོ་སྐྱིད་ལྡན་ཞིང་བག་ཕེབས་པ་ཞིག་ཡོང་བར་འབད་པ་བྱས་པ་ཡིན། མི་ཚེ་ཟེར་བ་ནི་མ་གཞི་ནས་གནོན་ཤུགས་ཤིག་སྟེ། ཐེངས་ཤིག་འདས་སོང་ན་དེ་ནི་གཏན་དུ་ཕྱིན་སོང་བས་ཕྱིར་འོང་ཐབས་མི་འདུག་ཅེས་བྲིས་འདུག
ཁོ་མོས་མི་ཚང་མ་ལ། མི་ཚེའི་དངོས་ཡོད་རིན་ཐང་ལ་བསམ་གཞིག་ཡག་པོ་གཏོང་དགོས་ཞེས་ནན་མོར་བཤད་འདུག ཁོ་མོས། “སྤྱིར་ཡིན་ན་ངས་བརྩེ་བའི་ཕ་མ་གཉིས་དང་བུ་ཆུང་ལ་མི་ཚེ་དོན་དང་ལྡན་ཞིང་བདེ་སྐྱིད་རྫོགས་པའི་ཁྱིམ་གཞི་ཞིག་བསྐྲུན་འདོད་ཡོད་ཀྱང་། མཐར་ངས་བདེ་སྐྱིད་ཀྱི་ཚབ་ལ་ཁོང་ཚོ་སྡུག་ལ་གཏད་དགོས་བྱུང་། ངས་ཁོང་ཚོར་ཕན་ངེས་ཅན་ཞིག་མ་ཐོགས་ན་ཡང་ང་འཇིག་རྟེན་འདིར་འཚོ་ཐུབ་པ་ཙམ་ནི་ཁོང་རྣམས་པའི་བདེ་སྐྱིད་ངོ་མ་ཞིག་ཡིན་པ་ཤེས་བྱུང་།” ད་དུང་མུ་མཐུད་དུ་བརྗོད་དོན། ངས་བསམ་བློ་རེ་བཏང་ན། ངའི་མི་ཚེ་ནི་ཁ་ཕྱོགས་གཅིག་ནས་གཞན་ཞིག་ལ་འགྲོ་བའི་བྲེལ་འཚུབ་ཆེ་ཞིང་རང་གིས་རང་ལ་གནོན་ཤུགས་སྤྲོད་པའི་བྱེའུ་ཞིག་དང་ཀུན་ནས་མཚུངས།
འབུམ་རམས་པའི་ཡིག་རྒྱུགས་ཅུང་ཙམ་སྔོན་ལ་ཨེ་འཕྲོད་སྙམ་ནས་འབད་པ་བྱས་ཀྱང་ཡིག་རྒྱུགས་མ་འཕྲོད་དུས་ང་རང་བློ་ཕམ་ཧ་ཅང་བྱུང་མྱོང་ཡོད། དྲང་མོ་བརྗོད་ན་ལོ་གཅིག་གི་སྔོན་ལ་མ་འཕྲོད་རུང་ཆོག་གི་རེད། དེ་ངེས་པར་དུ་འཕྲོད་དགོས་ཞེས་འདེད་མཁན་དང་གནོན་ཤུགས་སྤྲོད་མཁན་གང་ཡང་ཡོད་མ་རེད་ཅེས་འགྱོད་སེམས་དྲག་པོ་སྐྱེས་འདུག
ཁོ་མོས་རྒྱལ་སྤྱིའི་མི་མང་དང་ལྷག་པར་དུ་གཞོན་སྐྱེས་ཚོར་སྐུལ་མ་གཏོང་དོན། བྲེལ་འཚུབ་དང་མ་ཤེས་པའི་དབང་གིས་ཕུགས་བསམ་འཚོལ་སྙེག་བྱ་བ་ལས་དོན་སྙིང་ལྡན་ཞིང་དོན་དམ་པའི་བདེ་སྐྱིད་ཀྱི་མི་ཚེ་ཞིག་སྐྱེལ་བར་བསམ་གཞིག་ནན་མོ་གཏོང་དགོས་ཞེས་སྐུལ་མ་བཏང་འདུག
ཚད་ཐིག་ཅན་གྱི་དུས་ཚོད་ཐུང་ཐུང་དེ་ཡིད་ལ་འཁོར་ཡོང་དུས། གསེར་ལས་རིན་ཐང་ཆེ་བའི་དུས་ཚོད་ལྷག་མ་དེ་ཇི་ལྟར་འཁྱོངས་ཐབས་བྱ་རྒྱུ་དེ་རེད། ང་ཚོ་ཚང་མར་འཆི་བའི་དུས་ཤིག་བསླེབ་རྒྱུ་ཡོད་པ་མ་ཤེས་པ་མིན་ཏེ། ལོ་བཅུ་ཕྲག་བདུན་དང་བརྒྱད། ཡང་ན་དགུའི་དུས་ཚོད་ནི་ཧ་ཅང་རིང་བའི་སྣང་བ་ཞིག་ཤར་བྱུང་།
ཞོགས་པ་སྔ་བོར་ཆུ་ཚོད་ཀྱི་ཅོང་བརྡ་ཡུད་ཙམ་ལ་བསད་དེ་ཉི་མ་དང་ཟླ་བ། ཡང་ན་ལོ་གཅིག་དང་གཉིས་ཀྱི་རིང་ལ་སྡོད་ཐུབ་སོང་ན། དུས་ཡུན་དེའི་རིང་ལ་ངས་མི་ཚེ་མ་འདྲ་བ་ཞིག་སྐྱེལ་ཐུབ་བམ། ཕྱིའི་དངོས་པོ་ཐམས་ཅད་ལ་ལྟ་སྟངས་གཞན་ཞིག་འཛིན་ཐུབ་བམ་ཞེས་བསམ་བློ་ཞིག་བཏང་ན། ངས་ཏན་ཏན་བསམ་བློའི་ཁ་ཕྱོགས་བསྒྱུར་ཐུབ་ས་རེད། ཁྱེད་ཚོས་ཀྱང་ལོས་ཐུབ།
མཆན། གོང་གསལ་རྩོམ་ཐུང་འདིའི་མ་ཡིག་རྒྱ་ཡིག་ཡིན་པ་དང་དེ་དབྱིན་ཡིག་ལ་བསྒྱུར་བ་ཞིག་བོད་བསྒྱུར་བྱས།
བསྒྱུར་རྩོམ་འདི་སེམས་འགུལ་ཐེབས་པ་ཞིག་རེད།
སྙིང་རྗེ་བ་ལ། ཡིན་ནའང་མོས་བསམ་བློ་གཏོང་སྟངས་ཚང་མ་ནོར་འདུག དེ་ནི་ནང་ཆོས་ལ་སློབ་སྦྱངས་མེད་པས་ལན། སོ་སོས་འུ་ཚུགས་བྱས་ཏེ་མི་ཚེ་འདིར་བྱ་བ་དོན་དང་ལྡན་ཞིག་འགྲུབ་པར་རྩོལ་བ་དྲག་པོ་བྱས་ན། དེ་ལ་བརྟེན་ནས་དྲག་ཐབས་བྲལ་བའི་ན་ཚ་སོགས་འབྱུང་གི་རེད། བྱ་བ་གང་ཞིག་སྒྲུབ་ཀྱང་རང་ཉིད་ལྷོད་ལ་འབབ་རྒྱུ་ཅིས་ཀྱང་གལ་ཆེ་བར་མངོན། བརྩོན་འགྲུས་ཀྱིས་རྒྱུན་འཁྱོངས་ན་བྱ་བ་གང་ཡིན་ཀྱང་རིམ་གྱིས་འགྲུབ་ངེས་ཡིན། །