འཇམ་དབྱངས་སྦྱིན་པ།
སྟོང་གསུམ་སྐད་ཀྱིས་ཆོད་པའི་ས་བྱི་ཞི་རྒོལ་ཆེན་མོའི་ཧ་ཅང་ཛ་དྲག་དུས་སྐབས་སུ་རྒྱུ་མང་རྐྱེན་མང་དུས་གཅིག་ཏུ་འཛོམས་པ་ལ་བརྟེན་ནས་ང་ཚོ་བོད་པ་ཚོར་གོ་སྐབས་དཔེ་མེད་ཅིག་རེག་པ་ནི། རྒྱ་གཞུང་དང་རྗེས་འབྲངས་རྒྱ་རིགས་ཆེན་པོ་དེས། འཇམ་པོ་ཁ་དང་རྩུབ་མོ་མཚོན། བཙན་པོ་དབང་དང་གཡོ་ཅན་དངུལ་སོགས་ཁོ་བ་ཅག་ལ་ཡོད་བསམ་བསམ་གྱི་ནུས་པ་ཡོད་ཚད་རྩལ་ཏུ་བཏོན་ཅིང་གཅིག་ཏུ་སྒྲིལ་ནས་བཀག་ཀྱང་མ་ཁོག་པར། འགངས་ཆེ་བའི་གནས་ཚུལ་ངོ་མ་ཞིག་ཤེས་རྟོགས་ཆེད་ཡོངས་གྲགས་སུ་རྒྱལ་སྤྱིའི་གསར་འགོད་སྡེ་ཚན་གཉིས་སྔ་ཕྱིར་རང་ཡུལ་གངས་རིའི་ལྗོངས་སུ་དངོས་འབྱོར་བྱུང་ཡོད།
འཇིགས་ཞུམ་མེད་པའི་གསར་འགོད་སྡེ་ཚན་ཕྱི་མ་དེ་ནི། ༢༠༠༨/༤/༩ ཉིན་མདོ་སྨད་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཚོགས་ཆེན་འདུ་ཁང་ཉེ་འགྲམ་དུ་གསང་འབྱོར་བྱུང་ཡོད་ལ། དེ་དུས་སྔ་ས་ནས་ཚེ་སྲོག་འདི་གྲལ་རིམ་གཉིས་པར་འཇོག་པར་ཐག་བཅད་ཅིང་། རིགས་ཀྱི་ཟུངས་ཁྲག་ཆུ་ཚན་བཞིན་ལྷོག་ལྷོག་ཁོལ་བའི་ང་དང་ངའི་བློས་ཐུབ་འགས། དྲག་ཏུ་ལྡིང་བའི་སྙིང་གི་འཕར་རྩ་དང་ལྷན་དུ་རིགས་ཀྱི་རྒྱལ་དར་མཁའ་རུ་བསྒྲེངས་ཤིང་། རྒོལ་བའི་ཁུ་ཚུར་གྱེན་ལ་བརྩེངས། བདེན་པ་དང་ན་ཟུག་ལྷན་དུ་བཏོན་ཅིང་། འདོད་འདུན་དང་ཐོབ་ཐང་ཤུགས་ཆེར་བསྒྲགས། ཞར་དང་ཞོར་ལ་ལས་འགུལ་འདི་རང་ཐག་རང་བཅད་ཡིན་པའང་ནན་གྱིས་བཤད།
མ་ཟད་ང་ཚོ་དང་ང་ཚོའི་དཔུང་རོགས་ཚོས་རང་ཡུལ་འདིར་༧རྒྱལ་པཎ་དགོས་རབས་རྒྱ་མི་མང་རབས། ཞི་རྒོལ་སྐབས་མྱི་བསད་རབས་དང་བཀའ་ལོག་བྱས་རབས་སོགས་དོན་དངོས་མང་མང་ཞིག་བསྒྲགས་ཡོད་པ་ནི་སྨོས་ག་ལ་དགོས། སྐར་མ་ཁ་ཤས་རིང་གི་ལས་འགུལ་དེའི་མཇུག་ཏུ་ངའི་སྐེ་རྩ་སྦོས་ཤིང་མིད་པ་འགག
གང་ལྟར། ངས་ཁོང་ཚོར་བཤད་པའི་ཚིག་ཆེས་གཞུག་མ་དེ་ནི་ “ད་ལྟ་ང་ཚོས་རང་གི་རྒྱལ་དར་འདི་ལ་བདག་པོ་བྱེད་མི་ཐུབ་པས་རེ་ཞིག་ཁྱེད་ཚོར་བཅོལ་བ་ཡིན། འདི་ནས་ཁྱེད་ཚོ་དང་ཁ་བྲལ་རྗེས། ང་ཚོའི་ཚེ་སྲོག་ལ་ཉིན་མ་གཅིག དུས་ཚོད་གཅིག ཐ་ན་སྐར་མ་གཅིག་ལའང་ཁག་ཐག་མེད་པ་འདི་ཁྱེད་ཚོས་ཤེས་དགོས།” ཞེས་སྙིང་ནས་བརྡོལ་བའི་སྐད་ཆ་དམར་དམར་པོ་ཁོང་ཚོའི་སྒྲ་འཇུག་གི་བུ་གར་བརྫངས།
ཉིན་དེར་རྫི་རྣོ་ཞིང་ལག་མྱུར་བའི་ཉེ་འཁོར་གྱི་དམངས་བརྫུས་རྒྱ་དམག་དག་ནི་བསམ་དབང་དྲན་དབང་མེད་པར་ངོ་འདོམ་པ་གང་རེ་ཤོར་ཏེ། སྐད་ཅིག་དེ་ཉིད་ལ་རི་མོའི་གཟུགས་སུ་བཀོད་ཡོད་ཅེས་བཤད་ན་རྫུན་དུ་མི་འགྱུར་གྲང་།
འཚེམ་དྲུབ་རྒྱལ་དར་ཆེན་པོ་འདིའི་ཆེད་དུ་ངས་ཉིན་གྲངས་ཉི་ཤུ་མ་ཟིན་བཏོན་ཡོད་ལ། ཧ་ཅང་ཚབས་ཆེའི་ཉེན་ཁ་དེ་འདྲའང་རིམ་པར་བརྒྱུད་ཡོད། འདིའི་རྒྱབ་ངོས་སུ་རིམ་པ་བཞིན།
མཐར་བཙན་འཛུལ་མཁན་གྱི་ཚད་མེད་པའི་བཙན་གནོན་ལ་བོད་མི་ཡོངས་རྫོགས་ནས་སྡུག་འཁུར་མ་ཐུབ་པར་ངའི་མི་མང་གི་བཟོད་པའི་མཐའ་ཟད་པ་རེད། (༧གོང་ས་མཆོག་གི་གསུང་འཚེམ་དྲུབ་མ།)
གཟུགས་ཅན་ལུས་ཀྱི་ཕུང་བོ།། ཚད་མེད་མནར་གཅོད་བཏང་ཡང་།། ནང་གི་ཤེས་པ་གསལ་པོ།། འཁོར་ས་ཡིད་བཞིན་ནོར་བུ།།
སངས་རྒྱས་ཀྱི་བསྟན་དོན་དང་སེམས་ཅན་གྱི་བདེ་སྐྱིད་ཀྱི་ཆེད་དུ་བོད་མི་ཚོ་ཞི་བའི་སྒོ་ནས་ཡར་ལ་ལོངས། ཞེས་བྲིས་མོད་གསར་འགོད་པ་དེ་དག་གིས་ང་ཚོའི་རྒྱལ་དར་གང་ལ་ཁྱེར་མིན་ཅི་བྱས་མིན་ད་ལྟའང་ཤེས་རྟོགས་ཐུབ་མེད།
(གོང་པར་དེ་ཕྲན་ལ་གསར་དུ་རེག་ཅིང་ཁས་ཉིན་ངོ་དེབ་སྟེང་རྐྱང་འགོད་བྱས་པར་གཞན་གྱིས་ཡུལ་དུས་གསལ་བཤད་བྱས་འདུག་ལ། རང་ཉིད་ཀྱིས་ཀྱང་ཅུང་ཆ་མ་ཚང་བར་སྙམ་སྟེ། བསྐྱར་དུ་ངོ་སྤྲོད་མདོ་ཙམ་དང་ལྷན་དུ་དམར་ཕྱོགས་རྒྱལ་བ་གཉིས་པའི་མཚན་སྨད་ལ་སྦྱར་བའོ།། ༢༣/༩/༢༠༡༥ ཉིན།)
ལོ་རྒྱུས་ཀྱི་དྲན་རྟེན་འདི་ཉིན་ཞིག་གང་ཡོད་རྩད་ཆོད་པར་སྨོན།