ཚེ་རིང་གི་བུ།
༥༩ ལོར་བོད་མི་མང་རི་ཡུལ་གཉིས་སུ་གྱེས་མ་ཐག བཙན་གྱིས་བྱོལ་བའི་བོད་པ་ཚོས་བོད་ཀྱི་བདེན་དོན་རྒྱལ་སྤྱིའི་སྤྱི་ཚོགས་ལ་འབོད་སྐུལ་གྱིས་བོད་ཀྱི་རིག་གཞུང་གཅེས་ཉར་དང་། གཞིས་ལུས་མི་མང་གིས་རྒྱ་དམར་གྱི་རྩེ་གྲི་ཁ་ནས་བསམ་ཡུད་ལས་འདས་པའི་སྡུག་བསྔལ་མྱང་མགོ་ཚུགས། འདི་ནི་བོད་ཀྱི་ལོ་རྒྱུས་ཐོག་བྱུང་མ་མྱོང་བའི་གཡོ་འགུལ་ཆེན་པོ་ཞིག་རེད་ཅེས་བཤད་ནའང་མ་ཆོག་པ་མེད། གཡོ་འགུལ་ཆེ་བའི་ལོ་རབས་དེར། བོད་གཞིས་བྱེས་གཉིས་ཀྱི་བར་ལ་འབྲེལ་ཐག་ཞིག་ཀྱང་མེད་སྟབས། ཚལ་བུར་གས་པའི་སྤྱི་ཚོགས་ཆེ་ཆུང་འདི་གཉིས་ནི་འཇིག་ཅིང་སྐྲག་པ། རྒུད་ཅིང་ཉམས་པ། འཚོ་གནས་ཀྱི་བདེན་དཔང་མེད་པའི་ངོ་བོར་གྱུར་ཡོད་ནའང་། མའོ་ཙེ་ཏུང་ཤི་བ་རེད། རྨེག་མེད་དུ་སོང་ཚར་ལ་ཉེ་བའི་བོད་མི་རིགས་ཀྱི་རེ་བ་སླར་ཡང་འབར་མགོ་ཚུགས་པ་དང་ཆབས་ཅིག ང་ཚོས་གནམ་ས་བླ་འོག་བརྗེ་བ་ལྟ་བུའི་འཕོ་འགྱུར་ཞིག་ལ་སྒུག་ཀྱང་། རྒྱ་བོད་ཀྱི་གནམ་ས་ཏིན་ཞོ་ཕུན་གྱིས་སྒེར་གཅོད་བྱས་པ་ན། ང་ཚོའི་རེ་བ་ཆུ་ལ་བྲིས་པའི་དཀྱིལ་འཁོར་ལྟ་བུར་གྱུར། བསམ་བློ་སྒེར་གཅོད་ཀྱི་ལོ་རབས་དེའི་ནང་། ཏིན་གྱི་བསམ་བློ་སྒམ་ཞིང་དཀྱིལ་ཡངས་ཟེར་ནའང་འདྲ། རང་བཙན་མིན་པའི་གྲོས་གཞི་ཞིག་གསར་དུ་བཏོན་པ་དེས། བཙན་བྱོལ་བོད་གཞུང་གིས་རང་བཙན་གྱི་ངོ་བོ་དེ་བཞག་ནས་རང་སྲིད་རང་སྐྱོང་གི་རྣམ་པའི་ཐོག་ཏུ་ཕྱིན། སྐད་གྲགས་ཅན་གྱི་ལམ་དབུ་མ་ཟེར་བ་འདི་ཡང་དུས་དེར་བྱུང་བ་རེད་ལ། བོད་ཀྱི་སྐུ་ཚབ་ཚོགས་པ་ཟེར་བ་འདི་ཡང་གོ་རིམ་དེའི་ནང་བྱུང་བ་ཞིག་རེད། གྲོས་གཞི་འདིའི་སྟོབས་ཀྱིས། བོད་ལ་གུ་ཡངས་ཀྱི་བསེར་བུ་ཞིག་ཤོར་བ་བདེན་ཀྱང་། ཕྱི་བཀག་ནང་སྡོམ་གྱི་སྲིད་ཇུས་དེ་འགྱུར་བ་ཕྲན་བུ་ཙམ་ཡང་ཕྱིན་མེད་ནའང་། བོད་གཞིས་ལུས་མི་མང་གིས་བོད་རྒྱའི་གྲོས་མོལ་འདི་སྙིང་སྟོབས་ཤིག་གིས་བཏེགས་ཏེ་གསར་བརྗེ་ཞིག་ལ་སྒུག་བསྡད། གོ་སྐབས་དེ་དང་བསྟུན་ནས་༸གོང་ས་མཆོག་གིས་ཀྱང་དབུ་མའི་ལམ་གྱི་ལྟ་ཚུལ་འདི་བྱང་ཨ་རིའི་གྲོགས་ཚོགས་དང་ཡུ་རོབ་ཀྱི་གྲོས་ཚོགས་སོགས་ནས་ཕྱི་གསལ་ནང་གསལ་གྱིས་བསྒྲགས། གང་ཐུབ་ཀྱིས་བདེན་པ་བརྡར་ནའང་། ཧུའུ་ཡའོ་པང་གིས་ཚིག་ཐོ་ལྔ་པོས་བཙན་བྱོལ་བོད་གཞུང་རྨོངས་ཤིང་འཐོམས་པའི་གནས་སུ་བསྐྱལ། བོད་ཀྱི་སྐུ་ཚབ་ཚོགས་པའི་འགྲོ་མཚམས་ཀྱང་རེ་ཞིག་ཆད། སླར་ཡང་བོད་མི་རིགས་ཀྱིས་རྒྱ་ནག་གི་སྲིད་ཇུས་ཀྱི་ལྕགས་རི་ནས་ཐར་དཀའ་བའི་ཚོར་སྣང་ཟབ་མོ་ཞིག་སླེབས། ཏིན་ཞོ་ཕུན་ཀྱང་ཤི། དེ་ནས་ཅང་ཙེ་མིན་གྱིས་རྒྱ་བོད་ཀྱི་གནམ་ས་ཐག་གིས་བཅད། འཇིགས་སྣང་གི་སྐབས་དེ་འདྲ་ཞིག་ལ། ༸གོང་ས་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་གནང་བ་ལ་རྐྱེན་བྱས་ཏེ། བོད་ལ་གདུང་གྲོགས་མཛོད་མཁན་གྱི་ནུབ་ཕྱོགས་པ་ཇེ་མང་དུ་གྱུར་པ་དང་མཉམ་དུ། བོད་དོན་འདི་ཧོལ་རྒྱུག་ཐོད་རྒལ་ཙམ་མ་ཡིན་པར་གནས་ལུགས་ཤིག་ལ་བརྟེན་ནས་གོང་དུ་འཕེལ། སྐབས་དེ་འདྲ་ཞིག་ལ། ཅང་རྒས་པོ་ཆགས། ཧུའུ་ཅན་ཐོས་སྤྱི་ཚོགས་རང་ལུགས་ཀྱི་རྒྱུན་སྲིང་། སླར་ཡང་བོད་མི་ཚོས་ཧུའུ་ཅན་ཐོ་བོད་ཀྱི་གནས་བབ་ལ་གསལ་ཆ་ཡོད་པར་བསྙད་དེ་རྨང་གཞི་མེད་པའི་རེ་བ་ཞིག་བརྒྱབས། མག་མོག་གི་རེ་བ་དེའི་རྒྱབ་ནས་ང་ཚོས་རེ་བ་དེ་བསྐྱར་དུ་ཕྱིར་འཐེན་བྱེད་དགོས་བྱུང་ཡོད། དེ་ནས་ང་ཚོས་ཉིས་སྟོང་བརྒྱད་ཀྱི་ཨོ་ལོན་པུག་གི་རྩེད་འགྲན་ལ་སྒུག་བསྡད། རྩེད་འགྲན་འདིའི་གོ་སྐབས་ལ་བརྟེན་ནས་བོད་ཕྱི་ནང་གཉིས་སུ་ཡོད་པའི་གངས་ཅན་པ་ཚོས་ཤ་ཐང་རུས་ཐང་གིས་གསར་བརྗེ་ཞིག་བསླངས་པ་རེད། བོད་གཞིས་བྱེས་མི་མང་དང་རྒྱལ་སྤྱིའི་གྲོགས་པོ་ཚོས་ཀྱང་རྒྱ་གཞུང་ལ་ཕྱོགས་སྣ་སྒོ་མོ་ནས་གནོན་ཤུགས་སྟོབས་ཅན་སྤེལ་ནའང་། རྒྱ་ནག་གིས་ཨ་ཤུ་ཞིག་ཀྱང་མ་བཏབ། བོད་ཀྱི་སྐུ་ཚབ་ཚོས་ཀྱང་རྒྱ་ནག་ནས་ཕྱིར་ལོག་ཐེངས་རེར་འགྱུར་ལྡོག་ཅི་ཡང་མེད་པའི་སྐད་ཆ་རྙིང་བ་ཞིག་ཁྱེར་འོངས། དྲང་མོར་བཤད་ན། མི་ལོ་ལྔ་བཅུའི་བརྒྱུད་རིམ་ནི་འདི་འདྲ་ཞིག་རེད། མི་ལོ་ལྔ་བཅུ་ནི་བོད་མིའི་རེ་སྒུག་གི་ཁྲོད་ནས་བཞུར་སོང་། ཡིད་སྐྱོ་བ་ཞིག་ལ། དེ་རིང་ང་ཚོས་མི་ལོ་ལྔ་བཅུའི་འཕེལ་འགྲོས་ལ་བསམ་བློ་རེ་བཏང་ཚེ། བོད་དོན་འཐབ་རྩོད་ཀྱི་ཕྱོགས་ནས་སྤྱི་མཐུན་གྱི་འབྲས་བུ་དམིགས་བསལ་བ་ཞིག་རྡོག་རྡོག་དང་བཅས་ཏེ་སྟོན་རྒྱུ་མེད་པ་དེ་རེད།
ཕྱོགས་གཞན་ནས་བསམ་བློ་བཏང་ན། བོད་ལ་སྦྲུམ་མ་མངལ་ཤོར་ལྟ་བུའི་དུས་སྐབས་བྱུང་ཡོད་ནའང་། མི་རབས་རྒན་པ་ཚོས་རྒྱ་དམར་གྱི་སྡུག་རྩུབ་དང་ང་བརྒྱད་ལོའི་མུ་གེར་བསྲན་རྒོལ་གྱིས་རང་ཉིད་
ཀྱི་མགོ་ནམ་ཡང་སྒུར་མྱོང་མེད་པ་དང་། མི་ཐོག་བར་བ་ཚོས་ཀྱང་རིག་གསར་གྱི་སྦྱོར་བ་ཇི་ལྟར་རྩུབ་ནའང་། དེ་ནི་ཆབ་སྲིད་ཀྱི་འཐབ་རྩོད་ཅིག་ཏུ་འདོད་ཡོད་པ་ལས། རང་ཉིད་རྦད་དེ་རྒུད་པར་ཕྱིན་ཅིང་ཉམས་པ་ཞིག་ཏུ་ངོས་འཛིན་གནང་མེད། བར་སྐབས་དེར། ༸པཎ་ཆེན་སྣང་བ་མཐའ་ཡས་ཀྱིས་ཚལ་བུར་གས་ཏེ་ཐོར་ཞིག་ཏུ་ཕྱིན་པའི་བོད་ཀྱི་རིག་གཞུང་གི་རྩ་བར་ཆུ་བླུགས་ཏེ་ལྗང་ལོ་རྒྱས་སུ་བཅུག་པ་དང་། བོད་ཀྱི་མི་རབས་གསར་བ་འདི་ཚོར་རིག་གནས་ཕྱོགས་ཀྱི་སྤོབས་པ་ཞིག་དང་། སྙིང་སྟོབས་ཤིག གདེང་ཚོད་ཅིག་སྤྲད་ཡོད་པ་འདི་ཡང། ༸པཎ་ཆེན་སྣང་བ་མཐའ་ཡས་གཙོ་བོར་གྱུར་པའི་བོད་ཀྱི་མཁས་པ་རྒན་རབས་ཚོའི་བཀའ་དྲིན་ཉག་གཅིག་ཡིན་ལ། རང་ཉིད་དང་མི་རིགས་འཚོ་གནས་ཀྱི་ཕྱིར་དུ་རང་དབང་དང་། འདྲ་མཉམ། ཞི་བདེ་བཅས་ཀྱི་ཁ་གཡང་སྒྲོག་བཞིན་པ་ནི་མི་རབས་རྒན་པ་དང་མི་རབས་བར་བ་ཚོའི་ཤུགས་རྐྱེན་ལ་བརྟེན་ནས་བྱུང་བ་མ་རེད་ཅེས་སུ་ཞིག་གིས་ཀྱང་བསྙོན་འདིང་ནུས། ལྷག་པར་དུ་གཞིས་ལུས་མི་མང་གིས་རྒྱ་ནག་གི་སྒྱོགས་མདེལ་ངར་མ་དང་ལྕགས་སྒྲོག་ཁོལ་མའི་གསེང་ནས་རང་ཉིད་ཀྱི་སེམས་མ་ཞུམ་པར་༸གོང་ས་མཆོག་དང་བཙན་བྱོལ་བོད་གཞུང་ལ་རེ་བ་བརྒྱབས་དང་རྒྱག་བཞིན་ཡོད་པ་འདི། མི་རིགས་འདིའི་བློ་སྤོབས་ཅི་ལ་མིན། བྱེས་ལ་མཚོན་ནའང་། དཀའ་ངལ་མང་པོ་རུ་ལྟར་འཛིང་ནའང་། ༸རྒྱལ་དབང་མཆོག་གི་སྐུ་དྲིན་ལ་བརྟེན་ནས་བཙན་བྱོལ་བོད་གཞུང་གསར་འཛུགས་དང་། དམངས་གཙོ་གསར་སྒྱུར། སློབ་གྲྭ་གསར་འཛུགས། དགོན་སྡེ་གསར་རྒྱག གཞིས་ཆགས་གསར་རྒྱག་དང་། མདོར་ན་མི་རིགས་ཤིག་སྐྱེད་བྱེད་ཀྱི་རིག་གནས་དང་། ཡུལ་སྲོལ་གོམས་གཤིས་སོགས་ལ་བདག་གཅེས་ཀྱིས་སྐུ་ངལ་ལུ་གུ་རྒྱུད་དུ་མཛད་པའི་སྙིང་པོར། དེང་སང་བོད་པ་ཟེར་ན་འགུལ་རྒྱུ་ཡོད་པ་ཞིག་དང་བོད་ཀྱི་རིག་གཞུང་ཟེར་ན་སྟོན་རྒྱུ་ཞིག་ཡོད་པ་འདི། ང་ཡི་༸བླ་མ་སྤྱན་རས་གཟིགས་ཀྱི་སྐུ་དྲིན་ཁོ་ནར་བརྟེན་ནས་བྱུང་བ་ཞིག་རེད།
འོ་ན། འདི་ཙམ་གྱིས་ང་ཚོའི་རེ་བ་འགྲུབ་པ་རེད་སྙམ་ན། ༸རྒྱལ་བ་རིན་པོ་ཆེས་ཀྱང་ང་ཚོ་བཙན་བྱོལ་དུ་ཡོང་དགོས་པའི་དམིགས་ཡུལ་ནི་བོད་ཀྱི་བདེན་དོན་ཆེད་ཡིན་པ་ལས་གཞན་ཅི་ཡང་མིན་གསུངས་པ་འདིའི་ཐོག་ནས་གསལ་བོར་ཤེས་ཐུབ། འོན་ཀྱང་། ད་བར་དུ་ང་ཚོས་རང་བཙན་རྩད་པ་དང་རང་སྐྱོང་རྩོད་བཞིན་པ་རེད། སྐུ་ཚབ་བཏང་བ་རེད། ལས་འགུལ་སྤེལ་བ་དང་། སྐད་འབོད་བྱས་པ་རེད། བོད་ཀྱི་བདེན་པ་འདི་ཡང་ཡང་གླེང་སྟོབས་ཀྱིས་ཁ་ཤས་ཀྱི་རྨུད་པ་ན་སྐྲངས་འབུར་རེ་ཐོན་ཡོད་པའི་ཚོད་ཡིན། འོན་ཀྱང་། ང་ཚོར་ཐོབ་པ་ནི་ྐླད་ཀོར་ཡིན་སྟབས། བོད་མི་མང་ལ་ཞེད་སྣང་རིང་པོ་ཞིག་སྐྱེ་བཞིན་ཡོད་པ་ཁག་ག་ལ་ཡོད། ད་དུང་། མཉམ་འབྲེལ་རྒྱལ་ཚོགས་དང་། ཡུ་རོབ་མནའ་འབྲེལ་མཐུན་ཚོགས་ཀྱིས་དུས་དང་བསྟུན་ནས་བོད་དོན་སྐྱུར་འཇོག་དང་། ཨ་རི་གཙོས་པའི་སྟོབས་ཆེན་རྒྱལ་ཁབ་ཚོས་བོད་ལ་རྣམ་འགྱུར་རེ་བསྟན་ཚེ། ཆེན་པོར་གྱུར་པའི་རྒྱ་ནག་འདིས་ཚོང་འབྲེལ་གྱི་སྟོབས་ཤུགས་སྤྱད་དེ་འབུར་འཇོམས་བྱེད་ཀྱི་ཡོད། བོད་རྒྱ་ཆེའི་མི་མང་གིས་སྒེར་ལངས་ཀྱི་ལས་འགུལ་རྩོམ་ཐེངས་རེར་ཁྲག་དྲི་བྲོ་བའི་དྲན་གནོན་བྱེད་ཀྱི་ཡོད།
འདི་འདྲའི་གནས་སྟངས་འོག ཁ་སང་དེ་རིང་བོད་མི་མང་པོས་བོད་དོན་གླེང་ཞོར་དང་རྩོད་པ་བྱེད་ཞོར་དང་། རང་བཙན་གཙང་མ་དང་རང་སྲིད་རང་སྐྱོང་གི་དགེ་མཚན་གླེང་གིན་ཡོད། རང་རང་ལ་དཔག་པའི་བསམ་ཚུལ་རེའང་ཡོད་ཚོད་འདུག འོན་ཀྱང་། ཚང་མས་རེ་སྒུག་བྱེད་བཞིན་ཡོད་པ་ནི་ལོ་མཇུག་གི་དམིགས་བསལ་ཚོགས་ཆེན་འདི་རེད་སྙམ། ཚོགས་ཆེན་འདིའི་དམིགས་ཡུལ་ནི་ད་ལོའི་བོད་ནང་གི་ཛ་དྲག་གི་དོན་རྐྱེན་དང་། རྒྱལ་སྤྱིའི་གནས་བབ་ཀྱི་འོག་ནས་བོད་ཀྱི་རྩ་དོན་ལ་གྲོས་བསྡུར་བྱེད་རྒྱུ་དེ་ཡིན་ན། བོད་ནང་གི་ཛ་དྲག་གི་དོན་རྐྱེན་ནི་རང་དབང་དང་། ཐོབ་ཐང་། འདྲ་མཉམ་ཟེར་བ་ཞིག་མེད་པ་བརྟེན་ནས་བྱུང་བ་ཞིག་རེད་ལ། གཞིས་ལུས་མི་མང་གི་རེ་འདོད་དེ་ཡང་། ༸རྒྱལ་བ་རིན་པོ་ཆེ་བོད་ལ་མྱུར་ནས་མྱུར་དུ་ཕེབས་རྒྱུ་དེ་རེད། རྒྱལ་སྤྱིའི་གནས་བབ་འདི་ཡང་ཉིན་ནས་ཉིན་རེར་འཕོ་འགྱུར་འགྲོ་གིན་ཡོད་སྟབས། བོད་དོན་ལས་འགུལ་འདི་ཡང་དེ་དང་བསྡོངས་ནས་སྤེལ་དགོས་པ་ནི་བཤད་མ་དགོས་པ་ཞིག་རེད་དེ། བསམ་བློ་ཞིབ་ཏུ་བཏང་ན། རང་ཐག་རང་གཅོད་ཀྱི་ལྟ་གྲུབ་ཐོག་ནས་སོང་ནའང་ཁག་པོ་རེད། བདེན་པའི་ཨུ་ཚུགས་རྒྱབ་ལ་འཁུར་ཏེ་བོད་ལ་ལོག་ནའང་ས་མཚམས་གཅིག་པུ་ནས་ཀྱང་ཐར་གི་མ་རེད། དེ་ལས་སྐད་གྲགས་ཅན་གྱི་ལམ་དབུ་མའི་རྒྱབ་ཀྱི་རང་སྲིད་རང་སྐྱོང་མུ་མཐུད་དུ་གླེང་། ང་ཚོས་༸རྒྱལ་བ་རིན་པོ་ཆེ་དགུང་ལོ་བགྲེས་པོ་ཡོད་པ་ཤེས་པའི་ཐོག ༸རྒྱལ་བ་ཁོང་སྐུ་བཞུགས་ཐོག་ཏུ་བོད་མི་ཞིག་གིས་ཁོང་གི་འགན་བླངས། དོགས་འདྲི་ཡོད་པ་ཁག་༸རྒྱལ་བ་ཚང་ལ་བཀའ་འདྲི་ཞུས། སྦྱོར་བརྡར་བྱས། དེ་ནས་བཙན་བྱོལ་བོད་གཞུང་གི་སྲིད་ཇུས་ཁག་ལ་འགྱུར་བ་གཏོང་དགོས་སར་འགྱུར་བ་བཏང་། སྐུ་ཚབ་ཚོགས་པ་འདི་ཡང་དགོས་མིན་ལ་བསམ་བློ་ཞིག་བཏང་། བོད་ཀྱི་མི་རབས་གསར་བའི་གཞོན་སྐྱེས་ཚོར་ཁ་ཡོད་ལག་ཡོད་ཀྱི་བོད་ཀྱི་རིག་གཞུང་སློབ་དགོས་པར་ཐར་ལམ་ཡག་པོ་ཞིག་བཙལ། བཙན་བྱོལ་དུ་ཡོད་པའི་བོད་མི་ལས་མེད་དག་ལ་རོགས་པ་བྱས། བོད་ནང་ལ་འབྲེལ་ཐག་མ་ལྷོད་པར་མུ་མཐུད་དུ་གཞོགས་འདེགས་བྱེད་དགོས་སར་རོགས་པ་གནང་། རྒྱལ་སྤྱིའི་གྲོགས་པོ་ཚོར་སྔར་ལས་ལྷག་གི་འབྲེལ་བ་བྱེད་དགོས་པ་ལས། གྲོས་ཚོགས་ཀྱིས་གཏན་འབེབས་བྱས་པའི་རང་སྲིད་རང་སྐྱོང་བཞག་སྟེ། ཀྲུང་ཧྭ་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་སུ་གསལ་བའི་མི་རིགས་ས་གནས་རང་སྐྱོང་ཞེས་པ་དེ་དགོས་རབས་བཤད་ན། ཧོལ་རྒྱུག་ཟེར་བ་འདི་རེད་ལ། འདི་ནི་རྨང་གཞི་མེད་པའི་ལྟ་བ་ཞིག་ཀྱང་རེད།
ཚོགས་ཆེན་གྱི་སྐབས་སུ། གོང་དུ་ཞུས་པ་དག་ཐུགས་སྣང་ཡོང་བའི་རེ་བ་དང་། ཉེ་ཆར་༸གོང་ས་མཆོག་གིས། བོད་ཀྱི་འཐབ་རྩོད་འདི་མི་རབས་ནས་མི་རབས་བརྒྱུད་དེ་འགྲོ་དགོས་པ་རེད། ཡིན་ནའང་། ཕ་མེས་ནས་བཞག་པའི་བོད་ཀྱི་རིག་གཞུང་འདི་བརླག་ཉན་གི་མ་རེད། རྒྱ་ནག་ཇི་འདྲའི་སྟོབས་འབྱོར་ཆེ་ནའང་། དཔལ་འབྱོར་ཟེར་བ་འདིར་བརྟན་བརླིང་ཡོད་པ་མ་རེད། ཉིན་མ་གཅིག་ལ་འགྱུར་བ་འགྲོ་གི་རེད་ཅེས་གསུངས་སོང་། དེ་ཡིན་དུས། ང་ཚོ་ཇི་ལྟར་ཐབས་སྡུག་ཀྱང་། རང་ཉིད་ནག་བསུབ་དུ་མི་གཏོང་བར། ང་ཚོར་བསམ་བློའི་སྟོབས་ཤིག་དགོས་རྒྱུ་ནི་ཁ་ཚ་དགོས་གཏུགས་དང་། འདི་མེད་ན་ང་ཚོ་ཕམ་པ་རེད། དོན་གྱིས་ཤི་བའང་རེད་དོ།
གལ་སྲིད་རྒྱ་ནག་གིས་ཨ་རི་ནང་བཞིན་རང་ལ་ཡོད་པ་དེ་རང་གིས་ཐོན་སྐྱེད་བྱས་ཏེ་གཞན་ལ་བཙོངས་ནས་ཁེ་བཟང་བླངས། རང་ལ་མེད་པ་དེ་གཞན་གྱི་ལག་ནས་ནང་འདྲེན་བྱས་ཏེ་མེད་པའི་སྟོང་ཆ་སྐོང་ཐུབ་པ་ཡིན་ན་རྒྱ་ནག་ལ་དཔལ་འབྱོར་ཉམས་ཉེན་ཆེན་པོ་ཞིག་འཕྲད་ཀྱི་མ་རེད། གལ་སྲིད་རྒྱ་ནག་འདི་ལ་ཨ་རིའི་མི་གྲངས་ལྟ་བུ་ཞིག་ལས་མེད་པ་ཡིན་ན་ད་སྐབས་རྒྱ་ནག་འདི་བཞིན་འཛམ་གླིང་གི་རྒྱལ་ཁབ་ཕྱུག་ཤོས་ཤིག་ཆགས་ཡོད་ངེས་རེད། རྒྱ་ནག་དང་རྒྱ་གར་གཉིས་ཀྱི་དཔལ་འབྱོར་ཡར་རྒྱས་མེད་པ་དེ་ཕྱོགས་གཅིག་ནས་མི་གྲངས་མང་པས་བྱས་པ་ཞིག་རེད་ལ། ཕྱོགས་གཞན་ཞིག་ནས་དཔལ་འབྱོར་སྒྲིག་གཞི་ཨ་རི་དང་འཇུ་ཕེན་ནང་བཞིན་མེད་པ་དེས་ཀྱང་བྱས་པ་རེད། དེ་བཞིན་དཔལ་འབྱོར་གོང་སྤེལ་གྱི་ཚབ་ཏུ་བསམ་བློའི་བཅོས་སྒྱུར་ཟེར་
ནས་གྲུབ་འགྲས་ལྡོག་ཕྱོགས་ནས་ཐོན་པའི་རིག་གནས་གསར་བརྗེ་ཡང་དང་བསྐྱར་དུ་སྤེལ་བཞིན་བསྡད་པ་དེས་བྱས་པ་ཞིག་རེད་སྙམ། ང་ཚོས་བོད་ཀྱི་རྩ་དོན་འགྲུབ་རྒྱུ་དེ་རྒྱ་ནག་སྤྲང་པོ་ཆགས་རྒྱུར་བསྒུག་དགོས་པ་ཡིན་ན་བོད་ལ་རེ་བ་ཅང་མཐོང་གི་མི་འདུག ༡༩༨༠བར་དུ་རྒྱ་ནག་དེ་འཛམ་གླིང་གི་རྒྱལ་ཁབ་སྐྱོ་ཤོས་ཤིག་ཏུ་གནས་པའི་ལོ་ངོ་དེ་དག་གི་རིང་ལ་བོད་ཀྱི་རྩ་དོན་ལ་ཕན་ཐོགས་ཅང་ཡོང་ལ། ད་ལྟའི་དུས་རབས་འདིར་བལྟས་པ་ཡིན་ན་ཡང་། བལ་ཡུལ་དང་འབྲུག་ཡུལ་གཉིས་འཛམ་གླིང་གི་རྒྱལ་ཁབ་སྐྱོ་བོའི་གྲས་སུ་འོག་ནས་ཡར་བགྲང་དགོས་པ་གཉིས་ཡིན་ན་ཡང་བོད་མི་སྐྱབས་བཅོལ་བ་ཚོར་ཇི་འདྲའི་བརྙས་བཅོས་ཤིག་བྱེད་བཞིན་འདུག དེ་བཞིན་རྒྱ་གར་གཞུང་གིས་ཀྱང་གོང་ས་མཆོག་སྐུ་འཚོ་བཞུགས་ཀྱི་སྐབས་སུ་རང་རེར་བོད་དོན་འཐབ་རྩོད་ཀྱི་འགོག་རྐྱེན་རབ་དང་རིམ་པ་ཞིག་བཟོས་ཡོད་ལ། མ་འོངས་པར་གོང་ས་མཆོག་སྐུ་མི་བཞུགས་དུས་བརྒྱ་ཆ་བརྒྱ་རྒྱ་ནག་གི་ཁ་ལ་ཉན་ནས་བཙན་བྱོལ་བོད་གཞུང་སྒོ་རྒྱག་ཏུ་འཇུག་གི་རེད། དཔེར་ན་བལ་ཡུལ་དུ་བོད་གཞུང་དོན་གཅོད་ཁང་དང་སྣེ་ལེན་ཁང་གཉིས་སྒོ་རྒྱག་ཏུ་བཅུག་པ་བཞིན་ནོ། །དེས་ན་ངས་ནི་རྒྱ་ནག་སྤྲང་པོ་ཆགས་ན་བོད་དོན་ལ་རེ་བ་ཡོད་ཅེས་པ་དེར་ངོས་ལེན་བྱེད་ཐུབ་ཀྱི་མི་འདུག གཅིག་བྱས་ན་ངའི་ཆབ་སྲིད་ཀྱི་ལྟ་གྲུབ་རིག་པའི་གཞུང་ལུགས་ཀྱིས་མ་འདངས་པ་ཞིག་ཡིན་སྲིད་ལ། ཡང་མིན་ན་དེ་ནི་དོན་དངོས་ཀྱིས་ཚུར་ཁ་གྲགས་པ་ཞིག་ཡིན་རྒྱུ་རེད།
ཆད་བཅོས།
ཅང་ཡོང་ལ། ཅང་མ་ཡོང་ལ།
འཕྲོས་བཤད། མཚན་ཉིད་རིག་པའི་སྟེང་ནས་བསམ་བློ་ཞིག་བཏང་ན། མི་ཞིག་ལ་སྒོར་༡༠༠༠ཡོད་དུས་སྒོར་༢༠གཞན་ལ་སྦྱིན་རྒྱུར་དེ་ཙམ་གྱི་སེར་སྣ་ཡོང་གི་མ་རེད་ལ། གལ་སྲིད་སྒོར་༡༠༠ལས་མེད་དུས་སྒོར་༢༠གཞན་ལ་སྦྱིན་རྒྱུར་དཀའ་ངལ་ཆེན་པོ་ཞིག་ཡོད། དེ་བཞིན་རྒྱ་ནག་གི་སྟོབས་འབྱོར་རྒྱས་ནས་ངར་ངར་ཕད་ཕད་ཅིག་ཆགས་སོང་ན་རང་གི་ཆ་ཤས་ཤིག་གཞན་ལ་སྟེར་བའམ་བཙོངས་རྒྱུར་དེ་ཙམ་གྱི་དཀའ་ངལ་མེད་ཅིང་། གལ་སྲིད་རྒྱ་ནག་ཉམས་རྒུད་དུ་གྱུར་ཚེ་ས་ཆ་ལག་མཐིལ་ཙམ་ཞིག་ཀྱང་རིན་ཐང་ཆེ་རུ་འགྲོ་སྲིད་ལ། ལྷག་པར་དུ་བོད་ས་ལྟ་བུའི་རིན་ཐང་ཅན་ཞིག་ལས་སླ་བོར་གློད་ཀྱི་མ་རེད།
ཚེ་རིང་གི་བུས་རྒྱལ་བ་རིན་པོ་ཆེ་དགུང་ལོ་མཐོན་པོར་ཕེབས་པས་སེམས་ཁྲལ་ཡོད་ཚུལ་ཞིག་བྲིས་འདུག རྒྱལ་བ་རིན་པོ་ཆེ་དགུང་ལོ་མཐོན་པོར་ཕེབས་པ་དེ་ཕྱོགས་གཅིག་ནས་སེམས་ཁྲལ་བྱེད་དགོས་པ་ལྟ་བུ་ཡིན་ཡང་ཕྱོགས་གཅིག་ནས་བལྟས་ན་དེ་ཙམ་སེམས་ཁྲལ་བྱེད་དགོས་པ་ཞིག་ཀྱང་མ་རེད། ཨ་མེ་རི་ཁའི་སྲིད་འཛིན་འོས་གཞི་ཇོན་མི་ཁེན་ལ་ལྟོས་དང་། ལོ་ཚད་ཀྱིས་ཆ་ནས་ཁོ་ཡང་རྒྱལ་རིན་པོ་ཆེ་དང་གཅིག་མཚུངས་རེད། ཁོ་ད་ལྟ་སྲིད་འཛིན་འོས་གཞི་ལ་ལངས་ནས་སྐད་ཆ་ག་ཚོད་རྫིགས་པོ་ཤོད་ཀྱིན་མི་འདུག་གམ།
ཡ། སྤོབས་པ་ལགས། ༸རྒྱལ་བ་རིན་པོ་ཆེ་མཆོག་དང་ཇོན་མི་ཁེན་གཉིས་བསྡུར་ཐབས་ཤིག་ག་ལ་ཡོད། རྒྱལ་བ་རིན་པོ་ཆེ་མེད་པའི་ཉིན་མོར་བོད་མི་ཞིག་གིས་ཁོང་གི་ཆབ་སྲིད་ཀྱི་འགན་ལེན་དགོས་པ་རེད། དེ་ནི་གཡོལ་ཐབས་མེད་པ་ཞིག་རེད། སྡུག་ས་ནས་བསམ་བློ་བཏང་ན། སྔ་ས་ནས་བོད་མི་ཞིག་གིས་ཁོང་གི་ཆབ་སྲིད་ཀྱི་ཐུགས་འགན་བླངས་ན་རྗེས་ཕྱོགས་དཀའ་ངལ་འདྲ་ཡོད་པ་མ་རེད། ད་དུང་ང་ཚོར་སྦྱོང་བརྡར་བྱེད་རྒྱུ་མང་པོ་ཡོད་པ་རེད། ཨ་རིར་མཚོན་ན་ནི་ཇོན་མི་ཁེན་ཡོད་ན་རེད། མེད་ནའང་རེད། ཁྱད་པར་འདྲ་ཡོད་པ་མ་རེད།
ྐླུ་སྨྱོན་ལགས། ཁྱེད་རང་གིས་༨༠ལོའི་བར་དུ་རྒྱ་ནག་རྒྱལ་ཁབ་འདི་སྐྱོ་བོ་རེད་ཅེས་གསུངས་སོང་། བདེན་པ་རེད། བསམ་བློ་གཏོང་དགོས་པ་ཞིག་ལ། ༨༩ལོར་༸གོང་ས་མཆོག་ལ་ནེ་སྦེལ་ཞི་བདེའི་གཟེངས་རྟགས་ཐོབ་ནས་བཟུང་། བོད་དོན་རྒྱབ་སྐྱོར་ཚོགས་པ་ཡིན་ནའང་འདྲ། བོད་ལ་དགའ་བའི་རྒྱལ་སྤྱིའི་གྲོགས་པོ་མང་ནས་མང་དུ་ཕྱིན་པ་རེད། ༨༩ལོའི་སྔོན་དུ། རྒྱ་ནག་ཉམ་ཐག་རེད་ལ། བོད་དོན་ཀྱང་ཉམ་ཐག་རེད། བོད་ཀྱི་འཐབ་རྩོད་དང་རྒྱ་ནག་གི་དཔལ་འབྱོར་གཉིས་མགོ་མཉམ་ལྟ་བུ་བྱས་ཏེ་ཕར་རྒྱས་སུ་ཕྱིན་པ་རེད། དེང་སང་རྒྱལ་སྤྱིའི་མི་མང་གི་ངོས་ནས་བཤད་ན། བོད་དོན་ཐོག་རྒྱབ་སྐྱོར་ཡོད་པ་གསལ་བོ་རེད། གཞུང་གི་ངོས་ནས་དཔལ་འབྱོར་དང་ཚོང་འབྲེལ་ལ་རྐྱེན་བྱས་ཏེ་བོད་ལ་ལག་པ་བསྲིང་མཁན་ཧ་ལམ་མེད་ཟེར་ན་ཆོག རྒྱ་ནག་འདི་དཔལ་འབྱོར་གྱི་སྟོབས་ཤུགས་ཆེ་དྲགས་སྟབས། བོད་ལ་ཞེན་པ་དཀར་པའི་རྒྱལ་ཁབ་སུ་གཅིག་གིས་ཀྱང་རྒྱ་ནག་ལ་གནོན་ཤུགས་སྤྲོད་ཐུབ་ཀྱི་མེད། རྒྱ་ནག་ཉམ་ཐག་ཏུ་གྱུར་ན་བོད་དོན་འདི་སེལ་ཐུབ་དང་མི་ཐུབ་དེ་དོན་དག་གཞན་ཞིག་རེད་དེ། འདི་ཕྱོགས་ངོས་གཅིག་ལ་བསམ་བློ་བཏང་ནས་ཞུས་པ་རེད། གཞན་རྒྱ་ནག་དམངས་གཙོ་ཅན་དུ་ཆགས་དང་མི་ཆགས། རྒྱ་ནག་ལ་རང་བཞིན་མེད་པར་འགྱུར་ན་འགྲོ་དང་མི་འགྲོ མ་འོངས་པར་རྒྱལ་སྤྱིས་རྒྱ་ནག་ལ་གནོན་ཤུགས་སྤྲོད་དང་མི་སྤྲོད་སོགས་ལའང་བསམ་བློ་གཏོང་རྒྱུ་ཡོད་ཡོད་པ་རེད།
ཚེ་རིང་གི་བུ་ལགས། ཁྱེད་ཀྱིས་བཤད་པ་དེ་ཡང་བདེན་པ་རེད།
ཁ་སང་ཁྱེད་ཀྱིས་ལྷོ་ཨ་ཕུ་རི་ཀའི་སྲིད་འཛིན་ནར་སན་མི་ཏྲན་ལ་དང་༸རྒྱལ་བ་རིན་པོ་ཆེ་གཉིས་བསྡུར་སོང་ང་། དེ་ཡང་བསྡུར་ཐབས་ཡོད་པ་མ་རེད། ༸རྒྱལ་བ་རིན་པོ་ཆེས་ཕྱག་ལས་ཇེ་ཡངས་ལ་བཏང་ན་ཡག་པོ་འདུག་ཅེས་བཤད་ཀྱི་ཡོད་པ་ལས། རྩ་བ་ཉིད་ནས་བོད་ཀྱི་གནད་དོན་སྐྱུར་འཇོག་བྱེད་ན་ལེགས་པོ་འདུག་ཅེས་བཤད་ཀྱི་མི་འདུག དྲིན་ཆེན་པོ། བསམ་བློ་ཐོངས།
ཁ་སང་ཁྱོད་གཉིས་ཁ་མཐུན་བྱས་ནས་བུ་མོ་ཞིག་ལ་སྡང་ཟུག་བསྟན་ཐལ། དེ་རིང་འདི་ཟིག་ན་ག་རེ་གི་དོན་དག་ལ་འགྲིག་གི་མེད་དམ། ཨ་དྲིན་ཆེན་པོ་གཉིས།
དཀོན་མཆོག དཀོན་པའི་ནང་ནས་མཆོག་ཏུ་གྱུར་པ་ཁྱེད་ཀྱིས་མཆན་བུ་ྐློག་ཤེས་ཀྱི་མི་འདུག ངེད་གཉིས་མ་འགྲིག་པ་དེ་འདྲ་མ་རེད། ངས་སྤོབས་པ་ལ་ལན་ཞིག་བཏབ་པ་རེད། ཁ་སང་གི་བྱི་མོ་དེ་བརྗོད་གཞི་རྙིང་པ་རེད།