—–སྐྱོ་བྲག་དགའ་དབང་།
ང་ཚོ་མིའི་འགྲོ་བའི་བསམ་དོན་འགྲུབ་བྱེད་ཀྱི་ཐབས་ལམ་ཡག་ཤོས་ནི་ཤེས་ཡོན་སློབ་སྦྱོང་བྱེད་པ་ཡིན་པར་མཐོང་བས་མི་རིགས་དང་ཡུལ་ཕྱོགས་ཀྱི་ཁྱད་པར་མེད་པ་མི་བུ་ཡིན་ནོ་ཅོག་གིས་གནའ་ནས་ད་བར་དུ་སོ་སོའི་ལྕོགས་ཚོད་ཀྱིས་བཟའ་བཏུང་འགྲོ་འདུག་ཡན་གྱི་སློབ་སྦྱོང་རེ་བྱེད་ཀྱིན་ཡོད་པ་རེད།
བོད་ཡུལ་མདོ་ཁམས་སྐྱོ་བྲག་གི་སྟོད་ཀྱི་ཆ། ཡུལ་སྐྱོང་ཆེན་པོ་རྫ་རྒྱལ་རྡོ་རྗེ་འཕེན་ཕྱུག་གི་འདབས་ཞོལ། རི་ཆུའི་བཀོད་པ་ཤིན་ཏུ་མཛེས་པའི་གནས། ས་རྫ་རོང་གཞུང་གི་གྱང་གེ་ཐང་དུ་སྙན་ངག་གི་ཟབ་སྦྱོང་འཛིན་གྲྭ་ཟླ་བ་གཅིག་རིང་ཚུགས།
བསྟན་དང་འགྲོ་ལ་སྨིན་པའི་ལྷག་བསམ་དང་ཤེས་ཡོན། འཇོན་ཐང་དང་བྱས་རྗེས་སོགས་གང་ཅི་ཕུན་སུམ་ཚོགས་པ་མཁན་རིན་པོ་ཆེ་ཚུལ་ཁྲིམས་རྣམ་དག་གི་གཅུང་པོ། མཁན་པོ་ཀུན་དགའ་དང་། ཕུན་ཚོགས་དར་རྒྱས་ཟུང་གིས་གཏོང་ཕོད་ཀྱི་ཕྱག་རིང་བརྐྱངས་པས་ཟས་གོས་གནས་མལ་གྱི་མཐུན་རྐྱེན་ཆ་ཚང་བ་སྦྱར།
ཆུང་དུས་ཀྱི་མི་ཚེ་ཕྱུགས་རྫི། གཞོན་པའི་མི་ཚེ་སློབ་སྦྱོང་། དར་མའི་མི་ཚེ་བསྙེན་སྒྲུབ་ལ་རྫོགས་ཤིང་། ནམ་ཁོམ་དུ་འཆད་ཁྲིད་དང་རྩོམ་རིག་ལ་གཞོལ་བས། མཁས་པའི་གྲལ་ལ་བསླེབས་པའི་མཚན་སྙན་གྱིས་གངས་ལྗོངས་ཁྱབ་པ། སྙན་ངག་པ་ཆེན་པོ་ལྷ་རྩེའི་ཁུ་བྱུག་དགེ་རྒན་དུ་ཕེབས།
རི་གྲོང་ནས་སྐྱེས་འཚར་བྱུང་ཞིང་དཀའ་སྤྱད་འབད་བརྩོན་གྱིས། པེ་ཅིང་། ལན་ཀྲོའུ། ཟི་ལིང་། མཚོ་ལྷོ། སྐྱེ་མདོ་སོགས་ཀྱི་སློབ་ཆེན་དང་སློབ་འབྲིང་འགྲིམ་བཞིན་པ་དང་། རྒྱུ་འབྱོར་དང་ནུས་པས་མ་འདང་བས་སློབ་གྲྭའི་སྐལ་བ་མ་བྱུང་ནའང་། སོ་སོའི་རང་སྦྱོང་གིས་ཤེས་ཡོན་གྱི་སྐས་ལ་རིམ་འཛེགས་གནང་བཞིན་པའི་སློབ་ཕྲུག་ཕོ་མོ་སུམ་ཅུ་སོ་ལྔ་འཛོམས།
ཁོང་རྣམ་པས། བོད་ཡུལ་མཐོ་སྒང་གི་དགུན་ཚེ་ཁ་བ་བུ་ཡུག་དང་ལྷགས་པ་སྡོངས་པའི་གྲང་ངར་རྣོན་པོ་སྤུ་གྲིའི་སོ་ལས་ཚ་བ་དག་ལ་སྲོག་བསྡོས་ཀྱིས་བཟོད་པར་བྱས་ཏེ། ཉིན་མཚན་ཁྱད་མེད་ཀྱི་སྦྱངས་པ་ལྷུར་བླངས་པས། སྙན་ཚིག་ཡུལ་ཆུ་བཞིན་བཞུར་བ་ལ་ཐོགས་པ་མེད་པའི་སྙན་ངག་པ་ཁྱུ་ཚོགས་ཤིག་སྐྱེད་སྲིང་ཐུབ་པའི་གྲུབ་འབྲས་བྱུང་།
སྙན་འགྱུར་ཕུན་སུམ་ཚོགས་པའི་རྒྱན་གྱིས་སྤུད་པའི་རྩོམ་ཡིག་སྤུས་ཚད་ཆེས་ལེགས་པ་མང་དག་ཅིག་སྤེལ་བ་ནི། དུས་ཐུང་གི་གྲུབ་འབྲས་རང་ཡང་དགའ་སྤོབས་སྐྱེ་ཞིང་། གཞན་ཡང་ངོ་མཚར་བའི་གནས་ཚུལ་ཡིན་ཕྱིར། ཕོ་མོ་ཚང་མའི་རྩོམ་ཡིག་ཡོད་པ། གྲངས་བཞི་བཅུ་ལྷག་ཙམ་གྱི་སྙན་དེབ་སྤུས་མ། རི་གྲོང་གི་རྨི་ལམ། ཟེར་བ་ཞིག །དགེན་ལྷ་རྩེའི་ཁུ་བྱུག་སྐུ་ཉིད་ནས་རྩོམ་སྒྲིག་ཕྱག་བསྟར་གྱིས་བཏོན་པའི་སྦྱིན་བདག །རྫ་རོང་གཞུང་གི་ཡུལ་མི་ཤེས་ཡོན་ལ་དགའ་བ་དག་གིས་རང་མོས་ཀྱི་ཞབས་འདེགས་གནང་བས་བགྱིས་པ་ཡིན་སྐད་རེད།
གང་ལྟར་རང་རེ་གངས་ཅན་པའི་སྐད་ཡིག །ཕ་རོལ་པོའི་བསམ་པ་གནག་ལ་སྦྱོར་བ་རྩུབ་པའི་གཡོ་བྱུས་དྲག་ཤུགས་ཅན་རབས་དང་རིམ་པ་སྤེལ་བའི་ཉེར་ལེན་གྱིས། འཆི་ལ་ཉེ་བའི་གཉན་འཕྲང་དུ་བསླེབས་པའི་དུས་སྐབས་འདི་འདྲར། སྙན་དེབ་སྤུས་མ་ཞིག་གོང་མའི་བཀའ་དང་འོག་མའི་སྐེ་ལ་ཐུག་གིན་བོད་ཡུལ་དུ་འགྲེམ་སྤེལ་ཐུབ་པའང་ངོ་མཚར་རེད་ལ། བོད་ཀྱི་སྐད་ཡིག་ཉག་གཅིག་གི་བཀའ་དྲི་གྱིས་འཚོ་ཞིང་། ཤར་ནུབ་ཀྱི་ཡུལ་གྲུ་མང་པོར་བག་ཡངས་སུ་རྒྱུ་བའི་དམན་པ་བདག་ཀྱང་ཤིན་ཏུ་དགའ་བོ་བྱུང་བས། དགེ་སློབ་སྦྱིན་བདག་དང་བཅས་པ་ལ་སེམས་གཏིང་ནས་བཀའ་དྲིན་ཆེ་ཞུ་བ་ཡིན།
རང་ནུས་ཀྱིས་ཁོང་རྣམ་པར་གཞན་པའི་རོགས་ཕན་ཐུབ་པ་ཅི་ཡང་མེད་ནའང་། སྙན་ངག་པ་གྲགས་ཅན་ལྷ་རྩེའི་ཁུ་བྱུག་གིས་རེ་སྐུལ་གནང་བ་བཞིན། སྙན་དེབ་ཀྱི་འགོ་བརྗོད་དུ་ཁོ་བོས་བྲིས་པའི་རེ་སྨོན་ནི་གཤམ་གྱི་འདི་རེད།
རི་གྲོང་གི་རྨི་ལམ།
ང་ཚོའི་ལྟེ་ཁྲག་ས་ལ་འཕོས་པ་ནས། །
རེ་བའི་དམིགས་འབེན་བདེ་བའི་ཕྱོགས་ལ་བྱེད། །
བདེ་བའི་འབྱུང་གནས་ཤེས་ཡོན་བདུད་རྩི་སྟེ། །
ཤེས་ཡོན་མེད་ན་བདེ་བ་གང་གིས་སྒྲུབ། །
ཤེས་ཡོན་རྩ་བ་སྐད་དང་ཡི་གེ་སྟེ། །
མི་རིགས་རྩ་བའང་སྐད་དང་ཡི་གེ་ཡིན། །
སྐད་ཡིག་མེད་ན་ཤ་ཁྲག་བརྒྱུད་པ་ལས། །
རང་རིགས་རྣམ་དག་ཡིན་པ་ཇི་ལྟར་གྲུབ། །
སྐད་ཡིག་ལ་མཁས་གནའ་དིང་ཤེས་ཡོན་དང། །
བསམ་སྤྱོད་འཛོམས་པའི་བྱས་པ་དཀར་པོའི་རྗེས། །
འཇོག་པའི་ནུས་པ་བདག་ལ་མེད་གྱུར་ན། །
འཚོ་གནས་ཙམ་ནི་དུད་འགྲོའི་བུས་ཀྱང་བྱེད། །
ཕ་མས་བྱིན་པའི་ཤ་ཁྲག་ཕུང་པོ་འདིས། །
རི་གྲོང་རྨི་ལམ་བདེ་སྐྱིད་ཡིད་བཞིན་ནོར། །
བདག་གཞན་མཛེས་པའི་རྒྱན་དུ་ལོན་པ་ཞིག །
རེ་བའི་སྐུལ་མ་ས་མཐའི་ཡུལ་ནས་ཐལ།
ང་དང་ཁྱོད་ཀྱི་གནས་ཡུལ་མི་གཅིག་ཀྱང་། །
གདོང་དམར་བོད་ནས་ཆད་པའི་ཤ་ཁྲག་དང་། །
རི་གྲོང་རྨི་ལམ་སེམས་ལ་གཅིག་པས་ན། །
བརྩོན་པའི་སྦྱོར་བ་མ་ལྷོད་སྙིང་གི་གྲོགས། །
རྒྱལ་ཁམས་པ་སྐྱོ་བྲག་དགའ་དབང་གི་སྙིང་ཁོང་ནས་འཕོས་པའི་རེ་བ་གཙང་མ།