བྱ་གཞུང་འཇམ་བྷེ
< ༡ >
གཞན་གྱི་བདེན་ཆོག་ཆོག་དང་འདྲ་ཆགས་ཆགས་ཀྱི་གཏམ་བཤད་དག རང་རང་གི་དབང་བློའི་འཆར་སྒོ་དང་མཐུན་པའི་ཡིད་འཐད་བྱུང་བ་དང་། གོ་ལོག་ཨ་མཐས་སུ་འཛིན་པའི་རང་གཤིས་བསྣོལ་བསྡེབས་ཀྱིས། རང་གིས་གང་བྱས་གང་བཤད་ཐམས་ཅད་བདེན་པར་བརློམ་སྟེ། དཔུང་ཤུགས་ངོམ་རེ་དང་ཕོ་ཚོད་བཙོང་རེ་ཡིས། ང་རྒྱལ་ཁྱོད་ཕམ་གྱི་གཡུལ་འཐབ་ལས་སྲིད་གཞུང་གསར་བ་ཞིག་དང་དབུ་ཁྲིད་གསར་བ་ཞིག་བཞེངས་བསྐྲུན་འདོད་ན། དེ་ལྟར་བཞེངས་བསྐྲུན་མཛད་པའི་སྲིད་གཞུང་གསར་བ་དང་དབུ་ཁྲིད་གསར་བ་དེ་ནི། གླེན་མེད་དང་ཁྲེལ་འདས་དང་། མ་རབས་རུལ་སུངས་ཀྱི་སྲིད་གཞུང་གསར་བ་དང་དང་དབུ་ཁྲིད་གསར་བ་ཞིག་ལས་མི་འཁྱོངས་བ་ཐག་ཆོད་པ་རེད།
< ༢ >
སྐྱེ་བོ་ཀུན་ཀྱི་དབང་པོའི་རྣོ་རྟུལ་དང་ཀུན་སློང་ལྟ་བའི་འཁྱེར་སོགས་ཀྱིས་གོ་ལུགས་དང་འགྲེལ་ལུགས་གཅིག་ཏུ་མི་བབས་ན་ཡང་། རང་ཉིད་ཀྱི་ཁ་དང་བསམ་པའི་ཁོར་ཡུག་རང་ཉིད་ལ་བདག་པ་ཡིན་སྟབས་རང་རང་ལ་ཚུར་སྣང་གི་ཆུ་ཟླ་ལྟ་བུའི་རྟོག་འཆར་དེ་བཤད་ཆོག་མོད། འོན་ཀྱང་། དབང་ཚོར་ཐོལ་བ་རེ་དང་རང་ཤེད་རང་ལྟ་མཆོག་འཛིན་གྱིས་དགའ་སྡུག་གི་གཏམ་དང་བདེན་པའི་གནས་ལུགས་གླེང་བ་འདིས་རང་རེའི་སྤྱི་ཚོགས་ཀྱི་འཕྲལ་ཕུགས་རྒྱང་གསུམ་གྱི་བདེ་འཇགས་དང་འཆམ་མཐུན་རྡོག་རྩ་གཅིག་སྒྲིལ་ལ་ཕན་གནོད་ཇི་འདྲ་ཞིག་ཡོང་གི་ཡོད་མེད་ལ་ངེས་པར་ཏུ་བསམ་གཞིག་བྱེད་དགོས།
< ༣ >
ཁྱོད་ཚོའི་ལྟ་བ་དང་ལངས་ཕྱོགས་དག་མ་དག་དང་མངོན་འདོད་དང་ཕུགས་སེམས་ལ་ཁུངས་འཁྱོལ་བ་དང་དང་གནད་ཕུག་པའི་གཏན་ཚིགས་ཤིག་ཡོད་མེད་མི་ཤེས་མོད། རང་འདོད་ཁ་ཤེད་མཁྲང་བའི་དུག་ལྕེ་ནག་པོ་དེས་གཞན་གྱི་དད་སེམས་དང་ལྷད་མེད་པའི་རྣམ་ཤེས་ལ་གས་ཆག་དང་སེར་ཀ་མ་གཏོང་། མི་ལོ་བརྒྱད་ཅུར་འདོད་འཇོ་བ་མོའི་འོ་མ་མཐུང་བཞིན་དུ་མང་གཙོའི་གཤེད་མ་དང་རྒྱལ་བཙོང་བའི་ཞྭ་ནག་གཡོགས་པ་ནི་མི་སྤྱོད་ལས་འདས་པའི་གདུག་རྩུབ་ཆེན་པོ་ཞིག་མ་རེད་དམ། འདི་དང་རྒྱ་གུང་ཁྲན་གྱིས་མ་ཉེས་ཁ་གཡོག་དང་མཚན་སྨོད་ལ་ཁྱད་གང་ཞིག་ཡོད་བ་རེད་དམ། དེར་བརྟེན་ཡ་ཡོ་མེད་པའི་བློ་གྲོས་ཀྱི་མིག་དག་པའི་རྣམ་དཔྱོད་ཅིག་ཡོད་ན་བདེན་རྫུན་དང་ལེགས་ཉེས་ཀྱི་སྤུ་རིས་འབྱེད་པ་ནི་ཤུན་དུ་ནས་གལ་ཆེའོ།
< ༤ >
སྟག་པགས་གྱོན་པའི་བོང་བུ་ཆབ་སྲིད་ཀྱི་འཁྲབ་སྟེགས་སྟེང་ཁྲམ་པའི་ཟློས་གར་ཅི་ལྟར་འཁྲབ་ཚུལ་ང་ཚོའི་སེམས་སུ་གསལ་ལེར་ཡོད། སྒྱུ་འཕྲུལ་ལ་བྱང་བའི་ཝ་རིགས་ཡོད་ཚད་རྒྱལ་སྲུང་བའི་རྒྱུད་འཛིན་པ་དང་། རྒྱ་ནག་གི་བཙོན་ཁང་དུ་སོང་བ་ཐམས་ཅད་རྒྱལ་ཞེན་གྱི་དཔའ་པོ་ཞེས་བསྙད་པའི་གཏམ་དེ་དག་ནི་གདོང་དམར་བའི་འབངས་མི་དཀྱུས་མའི་ཚོགས་ལ་ངན་གཡོ་སྣ་དགུ་འཆམ་པའི་སྐྱུག་བྲོ་བའི་བྱ་སྤྱོད་ཞིག་མ་རེད་དམ། ད་དུང་བག་ཡོད་ཀྱི་ཚོར་བས་ཚོད་མི་ཟིན་པར་ཧམ་བཤད་ཀྱིས་མཐར་སྐྱེལ་འདོད་ན། ཁ་འཁྱལ་གྱི་སྐྱུག་པ་འཆོར་ལ་ཉེ་བས་ཁྲུས་ན་མི་དག་པའི་སྐྱུག་པའི་མཚོ་མོ་ལུད་པར་ངེས།
༢༠༡༥-/-༩-/-༢༤ ཉིན་ལ།
དད་པ་ལོག་སྤྱོད་བྱེད་མཁན་ཞིག་གདའ།
ཨ་ལན་འདི་ལས་གཞན་མི་གདའ།
བོད་ལ་སྐྱབས་མགོན་ཡོད་པས་དགའ་བ་ལ། །
གཞི་མེད་བསྐུར་འདེབས་མང་བས་སྐྱོ་བ་ལ། །
བོད་ལ་དམངས་གཙོ་ཡོད་པས་དགའ་བ་ལ། །
དམངས་གཙོའི་ལམ་ལུགས་མི་ཤེས་སྐྱོ་བ་ལ། །
བོད་ལ་རིག་གཞུང་མང་བས་དགའ་བ་ལ། །
རིག་གཞུང་སློབ་མི་ཉུང་བས་སྐྱོ་བ་ལ། །
ཨ་མདོ་མཁས་པ་མང་པས་དགའ་བ་ལ།
ཕྲག་དོག་གཅིག་པུར་འབུངས་པས་སྐྱོ་བ་ལ།
མི་རྟག་སྒྱུ་མར་བཞེད་པའི་རིག་གཞུང་འོག
བླ་མ་རྟག་བརྟན་སྒྲུབ་འདི་ཨ་ཙ་མ།
དད་པ་ལོག་སྤྱོད་པ་བྱ་མིང་ཅན་ཁྱོད་ཀྱི་དཀྲུགས་གཏམ་འདིའི་འགན་སུས་ཁུར་གྱི་རེད་དམ།