—-རྫ་ཚེ་རིང་བཀྲ་ཤིས།
༡༽
རྨི་ལམ་གྱི་མགྲོན་པོ་དག་ཁེར་གཤར་གཉིས་གཤར།
ལ་ལ་བུད་པ་དག་སྐར་མའི་ཐུགས་ཀར་ཐིམ།
འཁྲེངས་སེམས་ཀྱིས་དབེན་པའི་ཕྱི་མིག་ལགས།
ཁྱེད་ཀྱིས་སྨྲས་པ་དག
ཤིན་ཏུ་བདེན་མོད།
པི་ཝང་གི་རྒྱུད་ཐག་རེ་རེ་བཞིན་ཆད་ཟིན་ཙ་ན།
ནམ་ཡང་རམ་དཀྲོལ་བྱ་བར་མི་ནུས་ཀྱི།
ང་ལ་གུ་ཡངས་གནོངས་ཤིག
༢༽
རྒྱང་རིང་གི་གནམ་མཐའ་ནས་ལྷུང་བའི་མེ་ཏོག་གི་ངུ་ངག
འཆི་ལྟས་ཀྱི་ལ་ཉེ་ཡིན་ནམ།
འཕོ་འགྱུར་གྱི་རང་གཤིས་ཡིན།
ལན་མེད་ཀྱི་སྨྲ་བ་དེ་དག
ཤིན་ཏུ་ཟབ་པས།
“ཏེ་ལོ་ངས་ནི་ཅི་ཡང་མི་ཤེས་སོ།”
༣༽
བགད་ཏེ་ངུས་པའི་ཟིན་བྲིས་དག
མགྱོགས་པར་དེབ་ཏུ་འཆོས་ཤིག
ཡི་གེ་ལས་འཆེད་པའི་མེ་སྟག་རིན་པོ་ཆེ།
‘‘འོད་ཀྱི་ལུས་ལ་ཡེ་ཤེས་སྙིང་པོ་ཅན།”
སུ་ཞིག་གི་གམ་ནས་གཤེགས།
“སྐུ་ལ་རུས་པ་ཁྲག་མེད་ན།
རིང་བསྲེལ་”ལྟ་ཅི།
ཐལ་བའང་མེད་དོ།
༤༽
“ཉི་མ་ཐམས་ཅད་དགེ་བ་་ཡིན།
སྒྱུ་སྐར་ཐམས་ཅད་བཟང་པོ་ཡིན།”
ཕི་ལང་ཐམས་ཅད་རྫུ་འཕྲུལ་ཆེ།
ཕྲུ་གུ་ཚང་མ་ཀུ་ཅོ་ཆེ།
མའོ་ཙི་ཏུང་ཡང་གཟི་བརྗིད་ཆེ།
བདེན་པ་དང་བདེན་པའི་ཚིག་འདིས།
རྒྱ་ནག་པོའི་ཀེག་ཟློག་ཞི་བར་གྱུར་ཅིག
༥༽
གྲོག་མ་དག་གཤོག་པའི་ཆེད་དུ་གསོན་ནམ།
གཤོག་པ་དག་གྲོག་མའི་རྒྱབ་ནས་འཆི།
སླར་ཡང་འདྲི་བར་མི་བགྱི་ཡི།
ཁ་གསལ་གང་ཡང་མེད་པའི་གསལ་བཤད་འདིར།
ཁྱེད་ཧ་ཅང་མཉེས་པར་སྨོན།
༢༠༡༥/༩/༢༥