འོད་ནག (བོད།) ལྷ་སྡེ་གནམ་ལོ་ཡག་གིས་འོས་སྦྱོར་བྱས།
༡ ང་ནི་བོད་ནང་ན་ཡོད། བཙན་བྱོལ་སྲིད་གཞུང་དང་ཕྱི་སྡོད་བོད་མིའི་གནས་སྟངས་མང་པོ་ཞིག་ཤེས་ན་འདོད་ཀྱང་ཤེས་ཐུབ་ཀྱིན་མེད། ཡིན་ཡང་། ཉིས་སྟོང་བཅུ་དྲུག་ལོའི་སྲིད་སྐྱོང་འོས་མིའི་སྐོར་གྱི་རྩོད་གླེང་གིས། བཙན་བྱོལ་སྲིད་གཞུང་གི་གནས་སྟངས་དང་། རྒྱལ་ཕྱི་ནང་གི་བོད་མི་མང་པོའི་སེམས་ཀྱི་དགའ་སྐྱོ་ཆགས་སྡང་སོགས་ཟུར་ཙམ་བསྟན་ཡོང་བཞིན་འདུག ཡང་ན་ངས་ཐེངས་འདིའི་རྩོད་གླེང་བརྒྱུད་ནས་འདི་ལ་ཧ་ཅང་དོ་སྣང་བྱེད་བཞིན་ཡོད། ང་ལ་མཚོན་ན། འདི་ནི་བོད་མིའི་འཐབ་རྩོད་ཀྱི་ཁ་ཕྱོགས་དང་དམངས་གཙོའི་སད་རྟོག་སོགས་ཀྱི་གཏིང་རིམ་ལ་བལྟ་སའི་སྒེའུ་ཁུང་ཞིག་རེད་འདོད་བཞིན་ཡོད།
༢ གནད་དོན་མང་པོ་ཞིག་གི་ཐད་ལ་ངས་ཆ་རྒྱུས་ཆེན་པོ་ལོན་མེད། དེ་བས་ངས་གནད་དོན་མང་པོ་ཞིག་གི་ཐད་ལ་ཁ་གྲགས་ཀི་མིན། ཡིན་ཡང་། དྲ་ལམ་ཁག་ན་ཐེངས་འདིའི་རྩོད་གླེང་སྐོར་ནས་སྤེལ་བཞིན་པའི་རྩོམ་ཡིག་དང་བཀའ་སློབ་རེ་འགའ་སོགས་ལ་བལྟས་རྗེས། ངས་ཐེངས་འདིར་ཡང་བོད་མིའི་ཁྱི་གཤིས་མཐོང་བྱུང་། སྔོན་ཆད་ཀྱང་དོན་དག་སྣ་ཚོགས་ཀྱི་སྟེང་ནས་ངས་བོད་མིའི་ཁྱི་གཤིས་འདི་མཐོང་མྱོང་ཡོད། དེ་བས་ད་རེབ་བོད་མིའི་ཁྱི་གཤིས་ཀྱི་ཐད་ནས་སྐད་ཆ་རེ་གཉིས་བཤད་ན་འདོད།
༣ ཁྱི་ནི་རང་ཉིད་གསོ་མཁན་ནམ་ལྟོ་ལྡུད་མཁན་ལ་བློ་དཀར་བ་ཞིག་རེད། བློ་དཀར་སྟངས་ནི་བདག་པོའི་བྱ་དངོས་ཡག་གཙོག་གང་ཡིན་ལ་ཁྱད་མེད་དུ་སྲུང་སྐྱོབ་བྱེད་པ་དེ་རེད། བདག་པོ་ལ་གནོད་པ་བཟོ་བའི་མི་བཟང་ངན་གང་ཡིན་ལ་ཁྱད་མེད་དུ་རྨུག་པ་དེ་རེད།
འདི་ནི་ཁྱིའི་རང་བཞིན་ནམ་གཤིས་ཀ་ཞིག་རེད། འདི་ནི་ངས་འདིར་བཤད་འདོད་ཡོད་པའི་ཁྱི་གཤིས་ཟེར་བ་དེ་ཡིན། ཁྱི་གཤིས་འདིའི་ཆེས་སྐྱུག་བྲོ་བའི་གནད་རྩ་ནི། ཡག་གཙོག་དང་བཟང་ངན་ལ་བླངས་དོར་གྱི་ཁྱད་མེད་པར། ལྟོ་ལྡུད་མཁན་གྱི་བདག་པོ་དང་། ལྟོ་ལྡུད་མཁན་གྱི་བདག་པོ་སྲུང་སྐྱོབ་ནི་གཞན་ཀུན་ལས་གཙོ་བོར་འཛིན་པ་དེའི་སྟེང་ན་ཡོད། འདི་ཁྱི་ཞིག་གི་ངོས་ནས་སྐྱུག་བྲོ་དགོས་པ་ཞིག་ཡིན་པ་རེད་ཟེར་བ་མིན། གཤིས་ཀ་འདི་མི་དང་སྤྱི་ཚོགས་ཤིག་ལ་ཡོད་ན། དེའི་ངོས་ནས་ད་གཟོད་སྐྱུག་བྲོ་བ་ཞིག་རེད།
༤ ཐེངས་འདིའི་སྲིད་སྐྱོང་གི་འོས་འགྲན་གྱི་རྩོད་གླེང་ཐད་གླེང་ཕྱོགས་སྣ་ཚོགས་བྱུང་བཞིན་འདུག དེའི་ཁྲོད་དུ་ཁ་ཅིག་གིས་ཀླུ་མཁར་བྱམས་སོགས་ལ་གོང་ས་མཆོག་དང་། དབུ་མའི་ལམ་ལ་དགག་པའམ་མཚན་སྨོད་བྱེད་མི་ཆོག རྒྱུ་མཚན། གོང་ས་མཆོག་བོད་ལ་ཆོས་སྲིད་གཉིས་ཐད་ནས་བཀའ་དྲིན་ཆེན་པོ་ཡིན་ཟེར་བཞིན་འདུག བཙན་བྱོལ་སྲིད་གཞུང་གི་དམངས་གཙོའི་ལམ་ལུགས་ཀྱང་གོང་ས་མཆོག་གིས་གནང་བ་ཡིན་ཟེར་བཞིན་འདུག བཙན་བྱོལ་བ་དག་གི་ཁ་རྒྱབ་ཀྱང་གོང་ས་མཆོག་གིས་གསོ་བཞིན་ཡོད་ཟེར་བཞིན་འདུག ད་དུང་ལག་དེབ་ལྗང་ཁུ་དང་སེར་བོ་ཟེར་བ་ཞིག་ཀྱང་གོང་ས་མཆོག་གི་བཀའ་དྲིན་གྱིས་རེག་བཞིན་ཡོད་རབས་སོགས་བཤད་བཞིན་འདུག
མདོར་རྩ་དེད་ན། གོང་ས་མཆོག་ནི་ང་ཚོ་ལ་བཀའ་དྲིན་ཆེ་བས་ཁོང་ལ་རྒྱབ་སྐྱོར་ལས་རྒྱབ་འགལ་བྱས་ན་མི་ཆོག་ཟེར་བཞིན་འདུག གོང་ས་མཆོག་གི་དགོངས་གཞི་ལྟར་འགྲོ་འདུག་བྱེད་པ་ལས། དེ་ལས་བརྒལ་ན་གོང་ས་མཆོག་ལ་རྒྱབ་འགལ་བྱས་པ་རེད་ཟེར་བཞིན་འདུག དྲིན་ལན་ལོག་འཇལ་བྱས་པ་རེད་ཟེར་བཞིན་འདུག
གླེང་ཕྱོགས་འདི་མཐོང་རྗེས་ངའི་ཡིད་ལ་དབང་མེད་དུ་དྲན་པ་ནི། ཀྲུང་གུང་སྲིད་གཞུང་གིས་རྒྱུན་དུ་བཤད་བཞིན་པ་ཞིག་སྟེ། གུང་ཁྲན་ཏང་མེད་ན་ཀྲུང་གོ་གསར་བ་མེད་རབས་དང་། བོད་ཀྱི་ད་ལྟའི་ལམ་དང་གློག་དང་ཁང་པ་དང་དབུལ་སྐྱོར་དང་སློབ་གྲྭ་སོགས་མེད་རབས་དང་། དེ་བས་གུང་ཁྲན་ཏང་ནི་ང་ཚོ་ལ་བཀའ་དྲིན་ཆེན་པོ་ཡིན་རབས་དང་། དེའི་དྲིན་དྲན་དགོས་རབས་དང་དེ་ལ་དགའ་དགོས་རབས་དང་། དྲིན་ལན་ལོག་འཇལ་བྱས་ན་མི་འོས་རབས་སོགས་བཤད་པ་དྲན་པར་བྱེད།
༥ སྤྱིར་དྲིན་ཅན་གྱི་དྲིན་ཤེས་པ་དང་དྲིན་ལན་འཇལ་བ་ནི་བཟང་སྤྱོད་མེད་མི་རུང་བ་ཞིག་རེད། ཡིན་ཡང་། དྲིན་ལན་འཇལ་མདོག་གིས་དྲིན་ཅན་གང་དེའི་ཅི་བཤད་བདེན་པ་དང་ཅི་སྒྲུབ་དགེ་བ་རུ་བལྟས་ནས། ལེགས་ཉེས་བླངས་དོར་སོགས་གང་ཡང་མེད་པར་དྲིན་ཅན་གང་དེའི་རྗེས་སུ་འབྲང་བ་དང་། དྲིན་ཅན་གང་དེའི་ལེགས་ཉེས་ཀྱི་བྱ་བ་མཐའ་དག་ལ་རྒྱབ་སྐྱོར་བྱེད་པ་དང་། དྲིན་ཅན་གང་དེའི་དགོངས་པ་དང་མི་མཐུན་པའི་ལྟ་གྲུབ་མཐའ་དག་དགྲ་དང་ཐན་དུ་བལྟས་ནས། བཟང་ངན་ཁྱད་མེད་དུ་དེ་ལ་སྡང་བ་ནི་ཁྱི་གཤིས་ལས་མྱི་གཤིས་མ་རེད།
དེ་བཞིན་དུ། དྲིན་ཅན་གང་དེས་ཀྱང་གཞན་ལ་ཕན་དང་རོགས་རམ་བྱེད་པ་དེ། གཞན་དེ་རང་གི་རྗེས་སུ་འབྲང་ཆེད་དང་རང་ལ་སྲུང་སྐྱོབ་བྱེད་མཁན་ཙམ་དུ་སྒྲུབ་བཞིན་ཡོད་ན། དེ་ནི་ཁྱི་གསོ་སྟངས་ལས་མྱི་སྐྱོང་སྟངས་མ་རེད།
༦ བོད་ཀྱི་ཁྱི་གཤིས་འདི་རྒྱུན་དུ་མཐོང་རྒྱུ་ཡོད། དཔེར་ན། སློབ་གྲྭ་ཞིག་གམ་དེའི་དགེ་རྒན་ཞིག་ལ་གཞན་ཞིག་གིས་དགག་པ་ཞིག་བཏང་བ་ཡིན་ན། དེའི་སློབ་མ་ཚོས་ལེགས་ཉེས་བླངས་དོར་མེད་པར་ངའི་སློབ་གྲྭ་དང་ངའི་དགེ་རྒན་ལ་གཞན་གྱིས་དགག་པ་གཏོང་བཞིན་འདུག ངའི་སློབ་གྲྭ་དང་ངའི་དགེ་རྒན་ནི་ང་ལ་བཀའ་དྲིན་ཆེན་པོ་ཡིན་པས། ང་རང་ཅིས་ཀྱང་ངའི་སློབ་གྲྭ་དང་ངའི་དགེ་རྒན་གྱི་ཕྱོགས་ནས་ལངས་ཏེ་ཕ་རོལ་པོ་ལ་ཡ་ལན་སྤྲོད་དགོས་བསམ་བཞིན་འདུག དེ་ནི་དྲིན་ལན་འཇལ་སྟངས་ཤིག་ཏུ་ཡང་འདོད་བཞིན་ཡོད་ཚོད་རེད། འདིའི་སྐབས་ཀྱི་དྲིན་དྲན་སྟངས་དང་དྲིན་ལན་འཇལ་སྟངས་ནི་ཁྱི་གཤིས་རེད། འདིའི་སྐབས་ཀྱི་དྲིན་ནི་ཁྱི་ལྟོ་རེད། སྐབས་འདིར་ཁྱི་གཤིས་དང་ཁྱི་ལྟོའི་བར་ན་བདེན་པ་ནི་ཉི་མ་བཞིན་ཤར་ཡོད་ཀྱང་མི་མཐོང་། དེ་ནི་ཁྱི་གཤིས་ཀྱིས་བསྒྲིབས་སོང་བ་རེད་ལ། དེ་ནི་ཁྱི་ལྟོ་ཡིས་བསྒྲིབས་སོང་བ་ཡང་རེད།
སྤྱིར་མི་ནི་ཁྱི་མིན་པས་སྐབས་འདིར་བདེན་རྫུན་ལེགས་ཉེས་ཀྱི་ཐད་ནས་བླངས་དོར་བྱ་ཤེས་ན་འོས། དྲིན་ནི་དྲིན་གྱི་སར་འཇོག་པ་དང་བདེན་ནི་བདེན་གྱི་སར་བཞག་སྟེ། འདི་གཉིས་ཀྱི་བར་ནས་རང་ཉིད་དྲང་སྟོབས་ཀྱིས་ལངས་ཏེ། ཅི་ཞིག་བཤད་དགོས་པ་དེ་བཤད་ཅིང་། གང་ཞིག་བསྒྲུབ་དགོས་པ་དེ་སྒྲུབ་ན་འགྲིག
ཡིན་ཡང་། བོད་ཕྱི་ནང་གཉིས་ཆ་ན་དེ་བྱེད་མཁན་ཤིན་ཏུ་དཀོན་ཏེ། དཔེར་ན། བོད་ཀྱི་དགོན་པ་ཞིག་གམ་དེའི་བླ་སྤྲུལ་ཞིག་ལ་གཞན་ཞིག་གིས་དགག་པ་ཞིག་གཏོང་བའམ་མི་མཐུན་པ་ཞིག་བསྒྲུབས་པ་ཡིན་ན། དགོན་པ་དེའི་གྲྭ་བ་དག་ཁྱི་གཤིས་ཀྱིས་དེད་དེ། གཞན་དེའི་སྟེང་ལ་ཁྱི་བཞིན་ཞོགས་འོངས་པ་རེད།
༧ ཁྱིས་རང་ཉིད་བདག་པོའི་བྲན་གཡོག་ཡིན་པ་ཤེས་བཞིན་མེད། དེ་བཞིན་དུ། བོད་མི་ཁྱི་གཤིས་ཅན་དག་གིས་ཀྱང་རང་ཉིད་དྲིན་ཅན་གང་ཞིག་གི་བྲན་གཡོག་ཏུ་གྱུར་བཞིན་པ་ཤེས་བཞིན་མི་འདུག
༨ སྟབས་ལེགས་པ་ཞིག་ལ། གོང་ས་མཆོག་བོད་ཀྱི་ཁྱི་བདག་ཡིན་ན། ཁོང་གིས་བོད་ཀྱི་ཁྱི་དག་གི་སྐེ་ཡི་ལྕགས་ཐགས་བླངས་ནས་རང་དབང་བྱིན་ཡོད།
ཡིན་ཡང་། སྟབས་མ་ལེགས་པ་ཞིག་ལ། བོད་ཀྱི་ཁྱི་དག་སྔར་བཞིན་ཁྱི་བདག་གི་ཐུ་འོག་ན། ཁྱི་བདག་ཁོ་ནའི་ངོ་ལ་བལྟས་ནས་གཉིད་འདུག འདི་ཅི་ཞིག་གིས་ལན་པ་ཡིན་ནམ།
༩ དམངས་གཙོའི་ལམ་ལུགས་ནི་དངོས་གནས་ཡག་པོ་རེད་ལ་གཙོག་པོ་ཡང་རེད། རྒྱུ་མཚན། དམངས་གཙོའི་འོས་ཤོག་ཁྱིས་ཀྱང་འཕེན་ཆོག་པ་རེད། ལྟོས་དང་། རྡ་རམ་ས་ལ་ན་ཁྱི་མང་པོས་དམངས་གཙོའི་འོས་ཤོག་འཕེན་བཞིན་འདུག
༡༠ ད་ནི་ངས་བོད་མིའི་ཁྱི་གཤིས་གླེང་མཚམས་འདི་ནས་འཇོག་པར་བྱ། འདིར་བོད་མིའི་ཁྱི་གཤིས་སྐོར་ཉུང་ཙམ་ལས་བཤད་ཐུབ་མ་སོང་། སྟབས་བདེ་དུས་ཤིག་ལ་བོད་མིའི་ཁྱི་གཤིས་ཀྱི་བྱུང་རིམ་དང་དེས་བཟོས་པའི་ལེགས་ཉེས་སོགས་སྔོག་ནས་བཤད་ཨེ་ཤེས་བལྟ་འོངས། འདི་ནི་གླེང་སློང་བ་ཙམ་ཡིན་རྒྱུ་བྱོས། རྩོམ་འདི་རང་གི་ཡིད་ཚིམ་པ་ཞིག་མ་བྱུང་ཐལ།
དེ་མིན་འདིར་གསལ་བཤད་བྱ་དགོས་པ་ཞིག་ལ། བོད་མི་ཁྱི་གཤིས་ཅན་ནི་དབུ་མའི་ལམ་འདོད་མཁན་ཁྲོད་ན་ཡོད་པ་རེད་ལ། རང་བཙན་འདོད་མཁན་ཁྲོད་ན་ཡང་ཡོད་པ་རེད། དེ་གཉིས་ཀ་མི་འདོད་པའི་ཁྲོད་ན་ཡང་ཡོད་པ་རེད། བོད་ཕྱི་དང་ནང་གཉིས་ཀ་ན་ཡོད་པ་རེད་ལ།བོད་ཀྱི་གྲྭ་ཇོ་དང་རོང་འབྲོག་དང་སློབ་མ་དང་ལས་བྱེད་དང་། མཐའ་ན་ཤེས་ཡོན་པའི་སྡེ་ན་ཡང་ཡོད་པ་རེད།
2015.09.98/
གནམ་ལུ་གཡག ཁྱེད་ནས་བོད་མི་རིགས་ཁྱི་འདྲ་བོ་ཞིག་མཐོང་གི་ཡོད་པ་འདྲ། རྩོམ་ཡིག་འདི་ཁྱེད་ཀྱི་བྲིས་པ་ལས་འོད་དཀར་ནག་གང་ཞིག་ནས་བྲིས་པ་མིན་པ་གསལ་བོ་རེད། དཔའ་ཀྲུའུ་ཞི་(དཔལ་འབྱོར་ཚེ་རིང་)དང་ཁྱེད་གཉིས་ལ་འཐབ་གཅིག་པུའུ་ནས་དངུལ་ལོར་ཅི་ཙམ་ཐོབ་ཀྱི་ཡོད་མེད་མི་ཤེས་མོད། ཕ་ཡུལ་གྱི་གཉེན་ཉེ་ལྟོས་དང་བཅས་པ་མི་རིགས་ཀྱི་བླ་བཙོང་མཁན་ཁྱིམ་རྒྱུད་དུ་སྦྱར་བ་ནི་ཁྱི་ལས་ཐབས་སྡུག་པ་ཞིག་མ་ཡིན་ནམ། ཨེ་མ་ཧོ། ལྟས་ངན་མི་ཁ་དགྲ་ལ་བཟློག
མུ་མཐུད་ནས་བོད་མིའི་ཁྱི་གཤིས་ཀྱི་སྐོར་ཏོག་ཙམ་གླེང་ན། ཕྱིའི་ལུས་ཀྱི་སྤྱོད་པ་སྟོན་སྟངས་ཀྱི་ཐོག་ནས་མཐོང་ཚུལ་ཡོད་པ་འདིར་བཀོད་ན་འདོད།
ཁྱི་གཤིས་ཅན་གྱི་བོད་མི་ཚོས་རྒྱུ་བདག་རིན་པོ་ཆེན་མཇལ་དུས་སུག་བཞི་ས་ལ་བཙུགས། ལག་པ་གཉིས་ཁྱིའི་ལག་པ་ལྟར་གཤིབ་གཤིབ་བྱས་ནས་མདུན་དུ་བཙུགས། ཁ་ནས་ལྕེ་ལེབ་བརྐྱངས། རྐུབ་ལ་རྔ་མ་མེད་པར་མ་གཏོགས་ཁྱི་ཡི་ལུས་ཀྱི་རྣམ་འགྱུར་སྟོན་སྟངས་དང་གཅིག་པ་གཅིག་རྐྱང་ཞིག་སྟོན་གྱི་རེད། འདི་ལ་ཡ་རབས་བཟང་སྤྱོད་འབོད།
འདི་འདྲ་བའི་སུག་བཞི་ས་ལ་བཙུགས་མཁན་གྱི་ཁྱི་གཤིས་ཅན་རྣམས་རྒྱུ་བདག་གི་ཁ་ལ་ཉན་པོ་རེད། ཡར་རྒྱུགས་གསུངས་ན་ཡར་རྒྱུགས། མར་རྒྱུགས་གསུངས་ན་མར་རྒྱུགས། རྒྱུ་བདག་གི་བཀའ་དགོངས་ཐོག་ཏུ་ཤར་རྒྱུགས་དང་ནུབ་རྒྱུགས་བྱེད་ཀྱི་མ་གཏོགས་དྲང་བདེན་དང་གནས་ལུགས། རང་དབང་དང་དམངས་གཙོའི་རྗེས་སུ་རྒྱུགས་ཤེས་ཀྱི་མེད། ཅིའི་ཕྱིར་ཞེ་ན། ཁྱི་གཤིས་ཅན་ཚོའི་བློ་ངོ་ལ་རྒྱུ་བདག་ནི་དྲང་བདེན་ཡིན། གནས་ལུགས་ཡིན། རང་དབང་དང་དམངས་གཙོ་གནང་མཁན་ཡིན། ཁོང་ལས་ལྷག་པའི་ཚད་མ་ཞིག་འཛམ་གླིང་ཐོག་ཏུ་ཡོད་པར་ཁས་མི་ལེན་པའི་ཕྱིར་རོ།
བོད་ནང་གི་བོད་མི་གཞོན་སྐྱེས་ཤེས་ཡོན་ཅན་རྣམས་ལ་རེ་བ་ཆེན་པོ་ཡོད། རྟོག་སད་པའི་སྡེ་ཡི་མགོ་བོ་ཡར་བཀྱག་ཐུབ་པའི་སྨོན་ལམ་ཡོད། བོད་མི་རིགས་འགྲོ་བ་མིའི་རིགས་ཀྱི་གྲལ་མཐའ་ནས་ཡར་ལང་ཐུབ་པའི་རེ་བ་བྱེད་བཞིན་ཡོད།
ལྷ་སྡེ་ཟེར་མཁན་དེ་འཚོས་ལ་མ་འཚོས་པའི་ཡ་མ་རླ་རང་རེའི་རྟོག་སད་པ་སྔོན་ཐོན་ཅན་གྱི་ཕུགས་བསམ་ཅི་ཡང་མེད་པའི་ཀླད་སྟོང་གྲས་ཤིག་རེད། བཙན་བྱོལ་གཞུང་ལ་དམངས་གཙོ་ཡང་དག་པ་མེད་ན་འཁྱམས་པོ་ཀླུ་མཁར་ལྟ་བུ་སྲིད་སྐྱོང་འོས་མིར་ལང་ནས་༧ གོང་ས་མཆོག་དང་བོད་གཞུང་ལ་ཟུར་ཟ་དང་རྒྱག་གཏམ་། སྨྱོན་གཏམ་སོགས་ག་ས་ག་བར་བཤད་ནས་འགྲོ་ཀི་མིན་འདུག་པས། མིག་ཡོད་ན་ལྟོས་ཤིག ཚོགས་པ་བྱེ་བྲག་པས་ཡོང་མ་བཅུག་པ་ཡང་སོ་སོའི་རང་དབང་རེད། ཁྱོད་ཚོ་ལྟ་བུ་ཡར་ཐོན་ཅན་འཛམ་གླིང་ནང་བྱུང་མྱོང་ཡོད་རྒྱུ་མ་རེད།
དྲིན་མ་ཤེས་པའི་ཁྱི་གཤིས་ཤིག་དགོས་ཟེར། དེ་ནི་ཁྱི་གཤིས་ལས་མི་སྡུག་གམ།
དེང་རབས་ཀླད་གསར་གྱི་སྐད་ཆ་ལས་རྨོངས་རྩོམ་ཞིག་རེད་མི་འདུག་ཡག་མོ་བྲིས་འདའ།
ཉོན་མོང་དུག་གསུམ་ཡོད་དཱ་ཡོད།
མ་རིག་མུན་པ་འཐིབ་སེ་འཐིབ།
འགྲོ་བ་མི་ཡི་རང་གཤིས་འདི།
བྱེ་བྲག་སྤྱི་ལ་སྦྱར་བ་ཙམ།
འཐབ་རྩོད་བྱེད་ན་དགྲ་གཉེན་གྱི།
དབྱེ་འབྱེད་བྱེད་པ་རྨིང་གཞི་ཡིན།
དེ་ནས་ལངས་ཕྱོགས་དམ་བཟུང་ནས།
བླངས་དོར་མ་ནོར་གནས་ལུགས་ཡིན།
འཇིག་རྟེན་རྒྱལ་ཁ་ཇི་སྙེད་པ།
ཁྱི་གཤིས་དག་ལ་རྟེན་ནས་བྱུང་།
དེ་བཞིན་ཕམ་ཁ་ཇི་སྙེད་པ།
ཁྱི་གཤིས་བོར་ལས་བྱུང་མིན་ནམ།
ཁྱི་གཤིས་མི་ཤེས་ཀྱང་ཁྱི་བཤད་ཅིག་བྱས་འདུག རྩོམ་ཡིག་འདི་འབྲི་མཁན་དེས་གོང་ས་མཆོག་ཟེར་བ་དེ་ཅི་འདྲ་ཞིག་ཡིན་ཟུར་ཙམ་ཡང་ཤེས་མི་འདུག ད་དུང་ཁ་ཆེན་པོ་ཞིག་གདང་ནས་གཅིག་བཤད་ཁུལ་བྱེད་པ་ནི་སྙིང་རྗེ་བའི་གནས་རེད། མི་འདིས་གོང་ས་མཆོག་དང་ཁོང་གི་དགོངས་གཞི་ལ་རྒྱབ་སྐྱོར་བྱེད་མཁན་ཚང་མ་དད་པ་ཁོ་ནའི་རྗེས་འབྲང་པ་ལས་གནས་ལུགས་ལ་ལྟ་ཤེས་མཁན་ཞིག་མིན་པ་ལྟ་བུའི་ལྟ་ཚུལ་བཟུང་འདུག་ལ། དེང་སང་བཙན་བྱོལ་ནང་གི་མི་མང་པོ་ཞིག་ཀྱང་འདི་འདྲ་རེད། ཁོ་ཚོ་ནི་རང་ལྟ་མཆོག་འཛིན་དང་གཞན་ལྟ་ལ་ཁྱད་གསོད་བྱེད་མཁན་ཞིག་ལས་གཟུ་བོའི་བློ་ཡིས་བསམ་བཞིག་བྱེད་མཁན་ཞིག་གཏན་ནས་མ་རེད།
མའོ་ཁྱི་ཐམས་ཅད་བླ་མར་སྡང་།།
བླ་ཁྱི་དཔེ་གསར་ཀུན་ལ་སྡང་།།
སྒོར་ཁྱི་ས་མཚམས་མེད་པར་སྡང་།།
ཁྱི་སྡེ་ལོ་ཡག་པོད་པར་སྡང་།།
ཁྱི་རྐོ་སྟོང་པའི་ཁ་སྒོ་ན།།
ཁྱི་ཡང་རྩོད་པར་མི་བྱེད་པས།།
དཔལ་ལྡན་སེང་གེས་ལས་ཀར་འདུར།།
གཞན་བརྟེན་ཁྱི་རྣམས་དྲྭ་བར་རྩོད།།
ཁུག་རྟ་དར་དམར་གཤོག་པ་ཅན།།
ལོ་ཡག་ཉི་གདུག་གཤོག་པ་ཅན།།
གྲོད་པི་བོད་དང་རྒྱ་ལ་བཟེད།།
རྒྱ་ལ་རེ་བས་གཉིས་ཀ་འཕུར།།
ཨོང་ཤ་མེད་པའི་ཨམ་ཕྲུག་གཉིས།།
ཁྱི་སྣང་བརྩམས་པ་པོ་ལས་མཐོ།།
ཁྱི་སྐད་ལས་ཀྱི་སྣེ་མོར་གཟན།།
ཁྱི་སྟུག་རྩོམ་པ་པོ་ལ་མཆོད།།
ཁྱི་གཤིས་ཅན་གྱི་ཁྱིར་རྒན་སུ་ཡིན་མིན་གཤམ་འོག་ནས་བེ་རི་ལ་སོགས་སོ་སོས་ངོས་ལེན་བྱས་འདུག་ག། ཁྱིར་རྒན་འདི་ཚོས་ནམ་ཡིན་ཡང་གནས་ལུགས་ལ་མི་བལྟ་བར་བདག་པོའི་དོན་དུ་ཀུ་ཅོ་སྣ་ཚོགས་འདོན་ལ་ཡོད་ཚད་ལ་བཟུག་རྒྱུ་དེ་རེད།
བདག་པོའི་དོན་དུ་སྐད་འབྱིན་པ།།
དུད་འགྲོ་སྒོ་ཁྱི་ཡན་གྱིས་ཤེས།།
ཁྱི་ཡི་ཟླ་ཡང་མི་ཉན་པས།།
ཕ་ལ་དབྱུག་རྡུང་བྱེད་ལ་ལྟོས།།
གོས་དཀར་ཤོམ་ལྭ་བྱེད་ཞོར་དུ།།
སླ་ང་གོན་ནས་ཁྲུས་ལ་ཞུགས།།
རང་སྡུག་རང་གིས་ཉོ་ཞོར་དུ།།
དགྲ་ངོ་འཚོ་བའི་གཏམ་ལ་ཞུགས།
གཤེད་མའི་སྟར་གྲི་བརྡར་ཞོར་དུ།།
རང་གི་སྐེ་ལ་ཡོངས་སུ་བསྣུན།།
ཉེས་མེད་གཉའ་ཤིང་འཁུར་ཞོར་དུ།།
རྒྱ་དཔོན་ཞིས་ལ་མཐེ་བོང་ཀེར།།
འོད་ནག་ཨ་མའི་ཨོ་ལོ་ཁོང་།།
ཨ་བྱང་ཚང་གིས་ཉོས་ཚར་འདུག།
རང་ཁ་གསེར་གྱི་སྒོ་མོ་ནས།།
རིགས་མཐུན་གསོད་པའི་དུག་ཐོན་སོང་།
ཡག་པོ་ཞེ་དྲག་རེད། ཁྱི་གཤིས་ཅན་ཚོས་འུར་བརྒྱབ་འདུག ཁྱི་གཤིས་མེད་མཁན་ཚོས་གནས་ལུགས་ཤེས་འདུག
༄། ། རྩོམ་ཡིག་འདི་ལ་གཞན་དང་མི་འདྲ་བའི་གནས་ལུགས་དང་རྒྱུ་མཚན་འདུག་ལ། སྟོན་ཐབས་ཀྱང་ཚིག་ཉུང་ལ་དཔེ་དོན་ཧ་ཅང་འཕྲོད། ཡིན་ན་ཡང་། འདི་གའི་བོད་མི་ཚང་མས་༸གོང་ས་མཆོག་དང་ཁོང་ཚང་གི་འདས་པའི་བཀའ་དྲིན་རང་རྒྱུ་མཚན་དུ་བྱས་ནས་རང་བཙན་གྱི་ལྟ་བ་དང་། དེ་འཛིན་པ་པོ་ཀླུ་བྱམས་སོགས་ལ་ངོ་རྒོལ་གནང་གི་འདུག་ཟེར་ན། དེ་རྩ་ནས་མ་རེད། བོད་དོན་སེལ་བྱེད་ཀྱི་ཐབས་ལམ་ཡག་ཤོས་དབུ་མའི་ལམ་དུ་མཐོང་བའི་སྒོ་ནས་རང་བཙན་དེ་རྩོད་དང་བཅས་པར་དགག་པ་རྒྱག་ཅིང་འགལ་ཟླར་ལང་མཁན་མང་པོ་ཡོད་རེེད། ཚང་མ་ལ་་རྒྱུག་པ་ལེབ་རྡུང་བྱེད་སྟངས་དེ་ཅུང་ཙམ་ཐལ་དྲགས་པའི་བཟོ་འདུག གང་ལྟར་རྩོམ་པ་པོ་དེ་ལ་ཐུགས་རྗེ་ཆེ་ཞུ། རྩོམ་ཡིག་རང་རེད། །
བདག་པོ་ལ་བློ་དཀར་ཞིང་རང་ཁྱིམ་སྲུང་སྐྱོབ་ཀྱི་ནུས་པ་ཡོད་པའི་ཁྱི་རྣམས་ཀྱི་གཤིས་ཀ་ནི་ཅུང་འགྲིག་འདུག རང་ཁྱིམ་སྲུང་བ་ཕར་ཞོག་ད་དུང་ཇག་རྐུན་གྱི་རྒྱབ་ལངས་བྱས་ཏེ་བདག་པོ་ལ་རྨུག་པའི་ཁྱི་གཤིས་ཅན་དག་ནི་དམར་པོ་ཚང་གིས་གསོས་པའི་ཁྱི་དག་དང་ཁྱད་པར་མི་འདུག ད་སྐབས་བཙལ་བྱོལ་ནང་ན་དེ་འདྲའི་ཁྱི་མང་བོ་འདུག
བོད་ཕྱི་ནང་གི་”དཀྲུག་ཡིག་འབྲེལ་མཐུད་པ་”གནམ་ལོ་ཡག་ལགས་ཐུགས་རྗེ་ཆེ།
བོད་ནང་གི་བོད་མི་ལ་བཙན་བྱོལ་མཁྱེན་པའི་ནུས་ཤུགས་ཡོད་ནི་མ་རེད། དེ་ལ་ཁག་མེད། དགྱ་དམར་དམར་པོའི་དབང་འོག་རེད། གལ་སྲིད་ཁོས་གཏམ་ལྡན་པ་དང་དངོས་ཡོད་གནས་ལུགས། ཀླུ་བྱམས་ཀྱིས་ཆང་འཐུང་གྲོགས་པོ་འགའ་དང་གྲོས་བཏབ་ནས་བོད་ཀྱི་བདེ་སྡུག་དང་བདེན་མཐའ་གླེང་ཁུལ་བྱེད་པ་དང་། ༧ གོང་ས་སྐྱབས་མགོན་ཆེན་པོས་སྟོབས་ཆེན་རྒྱལ་ཁབ་ཁག་གི་རྒྱལ་དཔོན་ཚོ་དང་གྲོས་བཏབ་ནས་བོད་ཀྱི་བདེ་སྡུག་དང་བདེན་མཐའ་བསྒྲག་བཞིན་ཡོད་པའི་ངོ་བོའི་ནུས་ཤུགས་དང་བཀའ་དྲིན་ནི། སུ་ལ་ཡང་གསལ་བཤད་མ་དགོས་བར་ཤེས་མ་ཐུབ་ན། ད་མྱི་ཞིག་ཡིན་པ་ལས་ཁྱི་ཞིག་ཡིན་ན་དག་ཙམ་དགའ་བ་མེད་འགྲོ། བདག་པོ་དམུར་ནི་མ་རེད་ཐལ། དེ་འདྲ་ཞིག་མ་རེད་དམ། གསར་ཁོ་ཚོ།
གནའ་མོ་བོད་ཀྱི་གཏམ་དཔེ་ལ། ཁྱི་མྱོ་ཡང་བདག་པོ་ངོ་ཤེས། ཟེར་སྲོལ་ཡོད་རེད།
གོང་འཁོད་ཕྱོགས་བྲིས་འདི་འཇིག་རྟེན་ཁ་དཔེར་ལ༼རང་ཤ་བཅད་ནས་ཁྱི་ངན་ལ་འཕང་༽ཟེར་བ་ལས་གཞན་མི་འདུག་གདའ།
གནམ་ལོ་ཡག་ཟེར་བ་ཁྱོད་ཉོན་ཅིག་ཨ། རང་བཙན་རྩོད་མི་ཆོག་ཟེར་མཁན་སུ་གཅིག་མེད། ཁྱོད་ཚོས་༸གོང་ས་མཆོག་ལ་གཞི་མེད་ཀྱི་སྐྱོན་འཛུགས་བྱེད་མི་ཆོག་ཟེར་གྱི་ཡོད། ལྟས་ངན་ཁྱོད་ཚོ་རྒྱ་གུང་ཁྲན་ལ་གཙིག་གཅིག་བཤད་མ་ཐུབ་པར་བོད་ནང་ཁུལ་དུ་ཁྱི་ནང་བཞིན་སྐད་རྒྱག་དགོས་པ་འདི་ཅི་རེད། ང་ཚོ་བོད་མི་ཚང་མ་༸གོང་ས་མཆོག་གི་བུ་ཕྲུག་ལྟར་ཡིན་དུས་སོ་སོའི་ཨ་ཕ་ལ་དོན་མེད་སྐྱོན་འཛུགས་བྱེད་དུ་བྱེད་མི་ཆོག་ཟེར་གྱི་ཡོད། ད་སྡུག་ཚོད་ཟིན་ན་དགའ།
བོད་ནང་དུ་རྟོགས་སད་པ་མང་བོས་ཀླུ་མཁར་བྱམས་ལ་རེ་བ་གནང་གི
འདུག བཙན་བྱོལ་ནང་གི་གྲྭ་བ་གྲྭ་ལོག་མི་གྲལ་དུ་མེད་པ་ཁ་ཤས་ཀྱིས་ཀླུ་མཁར་བྱམས་ལ་ཅིག་རེད་ཟེར་གི་འདུག དོན་དམ་ནི་ལོ་རྒྱུས་ནང་གསལ་ཡོང་གི་རེེད།
ཁྱི་མྱོ་ཡང་བདག་པོ་ངོ་ཤེས།
འདི།
ཁྱི་སྨྱོ་ཡང་བདག་པོ་ངོ་ཤེས།
བོད་ཀྱི་དཔལ་འབྱོར་སྐྱོ་བོ་བྱས་ནས་རང་བཙན་ཡིན་ཟེར་ནས་བསྡད་པ་ལས། དཔལ་འབྱོར་གང་ལེགས་ཡོད་ཐོག་རྒྱ་ནག་མཉམ་དུ་བསྡད་ན་ཕན་ཐོགས་ཆེ་བ་མེད་དམ། ལགས།
ཧཧཧཧཧ་་་་་ཅིག་བྱས་དུས་ཀརྡོ་གཉེར་ཕྱག་པ་འདིས་ཆོས་སྲིད་གང་ཐད་ལ་རྒྱུས་ཡོད་མདོག་དང་སྡོམ་རྒྱག་དུས་བོད་མིའི་དཀའ་ངལ་དེ་དཔལ་འབྱོར་མེད་པས་ལན་རེད་འདུག་དྲན། ཨ་ཁ། ཤ་ཚ། སྙིང་རྗེ་ཡུལ་རང་རེད་འདུག་་་་་་་མ་ཤེས་ན་དྲ་བ་ནང་འཚང་རྒྱག་དགོས་མ་རེད་ ཀརྡོ་གཉེར་ཕྱག་པ་ལགས།
རེད། ངས་བསྡོམས་བརྒྱབ་དུས། བལ་ཡུལ་དང་། འབྲུག་ཡུལ་གཉིས་ནི། རང་བཙན་གྱི་མིང་ཐོག་འོག་ལ། སྤྲང་པོ་ཁྱུ་ཅིག་བཟོ་བཞིན་ཡོད་མཐོང་བགྱིད་འདུག
བོད་ཀྱི་གནས་ཚུལ་དེ། དེ་བས་ཀྱང་ཐ་དད་ཅིག་རེད། བོད་མི་རང་ཉིད་ཀྱི་བློ་ཁོག་དང་། སེམས་བདེ་མ་ཉམས་པའི་ཐོག་ནས། གཞན་མི་དབང་འོག་ཏུ་བསྡུ་རྒྱུ་དེ། ང་ཚོ་བོད་མིའི་རེ་འདོད། ལག་ཆ་ཆ་ཚང་བར་ཡོད་སྙམ་ལགས།