བསྟན་འཛིན་ཚེ་དཔག
གཅིག ༼གནམ་ས་གོ་འབྱེད་༽དང་འཕྲད་པ།
ཟླ་གཅིག་ཙམ་གྱི་གོང་ལ། དྲ་ངོས་འདིའི་ཟིན་བྲིས་པ་གཉན་པོ་ལགས་ཀྱི་ཟིན་བྲིས་ནང་དང༌། ཁ་བརྡ་དྲ་དེབ་ནས་༼གནམ་ས་གོ་འབྱེད་༽དེབ་ཀྱི་རྒྱབ་མདུན་ཤོག་ངོས་ཀྱི་བཟོ་ལྟ་དང་དཀར་ཆག་ཅིག་བཀླགས་རྒྱུ་བྱུང༌། དེ་རྗེས་ཀྱི་ཉིན་ཤས་མཚམས་ནས་ངོ་སྤྲོད་དེ་གཉིས་ཀ་མཐོང་མེད་དུ་གྱུར། གང་ལྟར་ནའང༌། ༼གནམ་ས་གོ་འབྱེད༽ཀློག་འདོད་ཀྱི་ཡི་ག་དེ་ཉིན་རེ་ཞིང་འཕར་ཞིང་འགྲན་པའི་ཚུལ་དུ་གྱུར། བདུན་ཕྲག་སྔ་མའི་རེས་གཟའ་སྤེན་པའི་ཉིན་གྱི་དགོང་མོར། ཁ་པར་བརྒྱུད་གཞིས་བཞུགས་པ་ཞིག་དང་ལྷན་གླེང་མོལ་བྱས། གླེང་མོལ་དེ་ཡང་༼གནམ་ས་གོ་འབྱེད་༽ཀྱི་སྟེང་དུ་བབས། ཁོང་གིས་གསུང་སྟངས་བྱས་ན། ༼གནམ་ས་གོ་འབྱེད༽བཀྲམས་སོང་ལ། དེ་བཞིན་གོང་རིམ་ནས་བཀག་སོང༌། བཀྲམས་པ་དང་བཀག་པ་གཉིས་དུས་མཚུངས་ལྟ་བུ་ཆགས་སོང་ཟེར། ད་ནི་ཀློག་པའི་གོ་སྐབས་དང་རྨི་ལམ་དེ་ཡང་རེ་བ་མེད་པ་ཆགས་སོང་སྙམ་དུ་སེམས་པ་ཕངས་པ་ཞིག་བྱུང༌། སེམས་ཚོར་དེའི་རྗེས་ཐོག་ཏུ་བོད་ནང་གི་དྲ་ཚིགས་ཁག་ཅིག་ནང་འཛུལ་ནས་༼གནམ་ས་གོ་འབྱེད་༽ཀྱི་སྐོར་བཙལ་བ་ཡིན། དེ་ཡང༌། ལྷམ་ཀོག་ལགས་ཀྱིས་བྲིས་པ༼ བོད་མིའི་སེམས་ཁམས་རེ་འགའ་བསྔོགས་ན།༽ཞེས་པ་དང༌། ཚེ་རིང་རྡོ་རྗེ་ལགས་ཀྱིས་བྲིས་པ༼བདེན་སྨྲ་བའི་སྙིང་སྟོབས། གནམ་ས་གོ་འབྱེད་ལས་འཕྲོས་པའི་གཏམ༽ ཡེ་ཤེས་བསྟན་འཛིན་ལགས་ཀྱིས་བྲིས་པའི་ངོ་སྤྲོད་༼གནམ་ས་གོ་འབྱེད༽ སེང་རྡོར་གྱིས་བྲིས་པ༼གནམ་ས་གོ་འབྱེད་ལ་བལྟས་རྗེས༽ཞེས་པ་སོགས་ངོ་སྤྲོད་རྩོམ་ཡིག་རྒྱས་བསྡུས་བཅུ་གྲངས་ཤིག་རྙེད་པ་དག་ཀྱང་བཀླགས། དེ་ཚོ་བཀླགས་པས། སྔར་བས་ཀློག་འདོད་ཆེ་རུ་ཕྱིན། ཉིན་འགའི་རིང༌། ལས་དོན་ཅིག་གི་ཆེད་རྡི་ལིར་སོང་སྐབས་བོད་སྒར་བསམ་ཡས་གླིང་ན་ཡོད་པའི་བོད་དཔེ་ཚོང་ཁང་དག་ལ་མིག་བཤེར་རེ་བྱས། ཅི་ཡང་མཐོང་ལམ་དུ་མངོན་པ་ཞིག་མ་བྱུང༌། ངས་རང་ཉིད་ཀྱིས་བཙལ་སྟངས་དང་མིག་བཤེར་བྱེད་སྟངས་འདི་རྒྱུན་ལྡན་གྱི་སེམས་ཚོར་སྟེང་ན་མེད་པ་ཤེས་ནའང༌། རང་དབང་མེད་པར་སྐད་ཆ་འདྲི་བ་དང༌། མིག་བཤེར་བྱེད་པ་གཉིས་ཀ་མཚམས་འཇོག་བྱེད་ཐུབ་མ་སོང༌། སྟབས་ལེགས་པ་ཞིག་ལ། ལོ་ཤས་རིང་འཕྲད་མ་མྱོང་བའི་གྲོགས་པོ་ཤེས་རབ་ལགས་དང་ལམ་འཕྲད་བྱུང་། ཁོང་དང་ལྷན་གང་བྱུང་མང་བྱུང་མང་དག་ཅིག་གླེང་བའི་མཐའ་མ་དེར། ཁོང་ལ་༼གནམ་ས་གོ་འབྱེད༽་དེབ་ཅིག་ཡོད་པ་ཤེས་རྟོགས་བྱུང་ཞིང༌དེ་འཕྲལ་གཡར་པོ་ཞུས། དེ་ནི་ཁོས་བལ་ཡུལ་ནས་རྒྱ་གར་བར་གྱི་འགྲུལ་ལམ་གྱི་དུས་ཚོད་བསྐྱལ་རོགས་སུ་འཁྱེར་ཡོང་བ་ཞིག་རེད། ཁོ་རང་སླར་ཡུ་རོབ་ཏུ་འགྲོ་ཁ་མ་དེར། དེབ་དེ་ཁོང་ལ་ཕྱིར་ཕུལ་བ་ཡིན་མོད། ཁོང་གིས་དེ་ཁྱེད་རང་གིས་ཉར་རོགས། ཡང་ན་ཀློག་འདོད་ཡོད་མཁན་གཞན་ཞིག་ལ་སྤྲོད་རོགས་ཟེར། དེ་ནས་བཟུང་དེབ་དེ་ང་ལ་བདག་པར་གྱུར། ངས་ཀྱང་རྡི་ལི་ནས་ཉིན་ཤས་སྡོད་རྒྱུན་རིང་ཅ་ལག་རྩ་ཆེ་ཤོས་ཀྱི་ཚད་ཀྱིས་ཉར་བ་དང་ཞིབ་ཚགས་པོས་ཐེངས་གཅིག་བཀླགས་པ་ཡིན།
གཉིས། ༼གནམ་ས་གོ་འབྱེད་༽ཀྱི་ནང་དོན།
སྤྱིར་བཏང་གི་ཆ་ནས་བྱས་ན། དེབ་ཅིག་ཀློག་པའི་གོ་རིམ་ནི་ཚན་པ་དང་པོ་ནས་གཉིས་པ་རིམ་ཅན་དུ་ཀློག་དགོས་པ་ཡིན་མོད། ད་རེས་ངས། ཐོག་མར་བཀླགས་པ་ནི་༼གཏམ་གྱི་འགོ་མ༽ཞེས་པའི་ཚན་པ་དེ་ཡིན་པ་ལས། ཚན་པ་གཞན་དག་ནི་གོ་རིམ་མེད་པར་བཀླགས་པ་ཡིན། ངས་ཐོག་མར་བཙལ་ནས་རྙེད་འདོད་པ་ནི། ཁོང་གིས་དེབ་འདི་འབྲི་བའི་བསམ་བློའི་སྒྲོམ་གཞིའི་སྐོར་ཡིན་ཙ་ན། དེབ་འདིའི་ཚན་པ་གསུམ་པ་༼འཇིགས་པ་སྒེར་གཞུང་ཐལ་མཐའ་དགུ་འགྲིལ༽ཞེས་པ་དེ་གོ་རིམ་གཉིས་པའི་ཚུལ་གྱིས་བཀླགས་ཤིང༌། དེ་བཀླགས་ནས་ངས་རྙེད་འདོད་པ་དེ་ཡང་རྙེད་པར་གྱུར། དེ་ནི་འདི་འདྲ་སྟེ། ༼སྒེར་གཅོད་པའི་སྲིད་ཀྱི་གདུག་རྩུབ་དྲན་པས་འཇིགས་པ་དང༌། སྒེར་གཞུང་གང་ཡང་མི་རིགས་རིང་ལུགས་ཐལ་མཐའ་པར་ལྷུང་ཉེན་ལ་དཔགས་པས་འཇིགས་པ་དང༌། མི་བུ་སྒེར་གྱི་ཚེ་སྲོག་དང་བདེ་སྡུག་བསམས་པས་འཇིགས་པ་དང༌། མ་འོངས་སྔོན་རྟོག་གིས་འཇིགས་པ་བཅས་འཇིགས་པ་སྣ་བཞི་ཡོད་པ་བྲིས་ཏེ་མཚམས་འདིར་སླེབས་པ་ན། འཇིགས་པའི་ཚོར་བ་གཞན་ཞིག་ཡོད་པ་ནི། རྩོམ་འདི་བཀྲམས་པའི་རྗེས་ལ། ནམ་ཞིག་མི་ཡུལ་གྱི་ཚ་དམྱལ་དང་གྲང་དམྱལ་དུ་སྡོད་ལོས་དགོས་སྙམ་སྟེ་འཇིགས་སྐྲག་ཆེ་མོད། ཁ་ཡི་རྐྱེན་ལས་མགོ་བོ་ཤོར་ནའང་ལམ་འདི་རང་གིས་བདམས་པ་ཡིན་ཕྱིར་རང་འགན་རང་གིས་འཁུར་རྒྱུ་ཡིན་ནོ།།༽ ཞེས་བྲིས་འདུག་པ་འདི་རེད། ཇི་འདྲའི་བསམ་བློ་རླབས་ཆེན་ཨང་སྙམ་དུ་འཆར་བར་བྱས་སོ།། དེབ་བྱིངས་ནི། བཙན་འཛུལ་ནས་ད་ལྟའི་བར་གྱི་གནས་སྟངས་ཀྱིས་ཕྱུག་པར་བྱས་འདུག་པ་སྟེ། བོད་ཡུལ་འདི། གཤིན་རྗེའི་བཤས་རར་བསྒྱུར་བ། བདུད་ཀྱི་བཙོན་རར་བསྒྱུར་བ། དམྱལ་བའི་ཁྲིམས་རར་བསྒྱུར་བ། འཇིགས་སྐུལ་འཐབ་རར་བསྒྱུར་བ་བཅས་ཀྱི་གནས་སྟངས་དང་ངང་ཚུལ་དག་ཕྱོགས་བསྡོམས་ཀྱིས་བཀོད་དེ་འདུག་ལ། ས་བྱི་ལོའི་༼གསར་བརྗེ་འདིའི་རྒོལ་ས་སྒེར་གཅོད་རིང་ལུགས་པ་ཡིན་པ་དང༌། ཐབས་ལམ་འཚེ་མེད་ཞི་བ་ཡིན་པ། དམིགས་ཡུལ་རང་དབང་དང་དམངས་གཙོ་ཡིན༽་པའི་སྐོར་དང༌། རྣམ་པ་གཞན་དུ་ན། བོད་ཀྱི་ད་ལྟའི་གནས་སྟངས་ནི། ༼བྲག་དང་སྒོ་ང༌། ཁྲ་དང་བྱེའུ། ར་དང་སྤྱང་ཀིའི་ངང་ཚུལ་ཡིན་པ་ཤེས་བཞིན་དུ། སྟག་དམར་ཡག་རྒྱ་རྫོང་ནགས་དང་འབྲོང་བྲེ་སེར་ཁྲ་ཡག་རྫ་ལ་འཇུག་པ་ལྟ་བུའི་རྟོགས་སད་འདི། མ་གཞི་ནས་དུས་ཡུན་རིང་པོར་ཡིད་མཁར་བརྣགས་པའི་རེ་བའི་འདོད་པ་སྐར་མདའ་བཞིན་གནམ་ནས་ལྷུང་བ་དང༌། མི་ལོ་མང་པོར་སེམས་ལ་བཅངས་པའི་བདེན་པའི་ན་ཟུག་ཆུ་མིག་བཞིན་ས་ནས་བརྡོལ་བ་ཡིན་ནའང༌། སྣོག་རྫུན་འཕྲུལ་གསུམ་གྱིས་སྣ་ནས་ཁྲིད་ཅིང་གཡོ་སྒྱུ་ཁྲམ་གསུམ་གྱིས་རྩིབ་ནས་བསྐྱོར་ལ། གཏུམ་དྲག་བཙན་གསུམ་གྱིས་རྗེས་ནས་བཤར་བའི་མི་ཡུལ་སྒེར་གཅོད་ཀྱི་གཤིན་རྗེའི་འཁོར་ལོ་དེས། རྡུང་བཙིར་གནོན་གསུམ་ནམ་ལངས་པ་འདྲ་ཞིག་དང་སྒྲོ་སྐུར་རྩད་གསུམ་ས་རུབ་པ་ལྟ་བུའི་ལས་ཀྱིས། སྐད་ཅིག་ཉིད་ལ་ཚ་དང་ཚ་བ་ཡང་སོས་དང་གྲང་དང་གྲང་བ་པད་ཆེན་ལྟར་གས་པའི་གནས་ལ་ཁྲེལ་བག་མེད་པར་མངོན་སུམ་གྱིས་བརྫངས་སོང༌།༽ ཞེས་སྒེར་གཅོད་པ་དག་གི་བྱ་སྤྱོད་ཐེར་འདོན་དང༌། བདེན་པའི་ངོ་རིས་གསལ་རྗེན་དུ་བཀོད་དེ་འདུག དཔེར་ན། ༼བོད་ཡུལ་འཇིགས་སྐུལ་འཐབ་རར་བསྒྱུར་བ་༽ཞེས་པའི་ཚན་པ་དེའི་ནང༌། འདི་ལྟར་བཀོད་འདུག་པ་སྟེ། ༼ཞི་བའི་ལས་འགུལ་བྱུང་བ་ནས་བཟུང༌། གནད་ས་འགག་འཕྲང་ཐམས་ཅད་དུ་མདའ་ར་བཅོས། སྒྲོགས་དང་མེ་མདའ་བསྟར། སྤུ་ཟིང་ཟིང༌། སྐྲ་ཞོགས་ཞོགས། དགོན་གྲོང་འདུས་མདོ་ཕལ་ཆེར་ཉེན་རྟོག་པ་གཤར། གསང་ཉུལ་གྱིས་ཁེངས།༽ ཞེས་དང༌། ༼ཉིན་ལ་འཕར་སྤྱང་བཞིན་རྒྱུག མཚན་ལ་རྐུན་ཇག་བཞིན་འཇབ། དགོན་གྱི་ལྷ་ཁང་འདུ་ཁང་དང་གྲོང་གི་མི་ཁྱིམ་ལ་གློ་བུར་གློ་བུར་དུ་འཇབ་རྒོལ་བྱེད་ཅིང༌། ཁང་ཁྱིམ་གྱི་མདོ་ནས་ཕུ་ལ་གློང༌། ཕུ་ནས་མདོ་ལ་སྔོག རྒྱལ་བའི་སྐུ་པར་འཚོལ། སྦས་པའི་མཚོན་ཆ་འཚོལ། ཞོར་ལ་སྒོར་མོ་འཚོལ། རྒྱུ་ནོར་འཚོལ། སྐུ་པར་ས་ལ་རྡེབ་ཅིང་རྐང་པས་འགོམ། མི་གདོང་གཅན་གཟན་གྱི་སེམས་ཅན་དང་གྲྭ་ཆས་གྱོན་པའི་སྤྱང་ཀི་ཟེར། སྨྱོ་རྟགས་གཟའ་རྟགས་གཉིས་ཀ་སྟོན། བཙན་ཁང་ལས་ཆོས་སྐྱོང་སྲུང་མའི་ཕྱག་ཆ་མཐོང་ཞིང་རྙེད་པས། མཚོན་ཆ་སྦས་སྐུང་བྱས་པའི་དཔང་རྟགས་ཟེར། གླེན་རྟགས་བླུན་རྟགས་གང་ཡང་སྟོན། ཤེས་བཞིན་ཞྭ་དཔེ་ལྷམ་འགེབས་ཀྱང་བྱེད། གོང་ཅན་གྱི་དངོས་རྫས་འཁྱེར། གོང་མེད་ཀྱི་ཅག་ལག་རྐུ། ཐབ་མགོའི་ཚ་མ་ཚོས་ཀྱི་མོག་མོག་ཀྱང་ཕྲོགས་ཏེ་ཟ། རྐུན་མ་ཇག་པ་རྐྱ་བསྡེབས་རེད།༽ཅེས་སོགས་གནས་སྟངས་ངོ་མ་དག་ཕྱོགས་བསྡོམས་ཀྱི་ཚིག་ཏུ་བསྟར་ཏེ་འདུག་པ་བྱིངས་ནི། འདིར་བྲི་བས་ག་ལ་ལངས་ཏེ། དུས་ཀྱི་ཁོམ་པས་ལྕོགས་དཀའ་བས་ན། འདི་ཙམ་ནི། དེབ་འདིའི་ནང་དོན་གྱི་ཆ་ཤས་ཡང་ཤས་ཀྱི་ཕྱོགས་ཙམ་སྟོན་པའི་ཚུལ་དུ་བྱས་སོ།།
གསུམ། ༼གནམ་ས་གོ་འབྱེད༽ཀྱི་མགོ་མཇུག
ས་བྱི་ལོ་སྟེ་ཕྱི་ལོ་ ༢༠༠༨ ལོ་ནི་བོད་ཀྱི་ལོ་རྒྱུས་སྟེང་གི་ལོ་ཚིགས་གལ་ཆེན་ཞིག་སྟེ། མདོ་དབུས་ཁམས་གསུམ་མ་བགྲོས་བསམ་པ་གཅིག་མཐུན་གྱིས་ཞི་རྒོལ་དུ་ཞུགས་པའི་ལོ་ཞིག་ཡིན་སྟབས། བོད་ཕྱི་ནང་ཙམ་མ་ཡིན་པར། རྒྱ་རིགས་མཁས་པ་དང་རྩོམ་པ་པོ་གང་འཚམ་ཞིག གཞན་ཡང་། འཛམ་གླིང་ཤར་ནུབ་ཀྱི་མི་སྣ་མང་པོ་དང༌། ཚོགས་སྡེ་འདྲ་མིན། སྲིད་གཞུང་ཆེ་ཆུང་མང་པོས་ལོ་ཚིགས་འདི་ལ་འཇུས་ཏེ། བོད་ཀྱི་བདེན་དོན་གླེང་ཡོད། ཡིན་ནའང༌། རྒྱ་ནག་གཞུང་གིས་དེའི་ལྡོག་ཕྱོགས་ཀྱི་དྲིལ་བསྒྲགས་གཉེར་ཡོད། གླེང་སྟངས་མི་མཚུངས་པར་གྱུར་སྟབས། ༼གནམ་ས་གོ་འབྱེད་༽རྩོམ་པ་པོས། ༼ས་བྱི་ཞི་བའི་གསར་བརྗེ་ལ་བྲིས་པ༽་ཞེས་པའི་གསལ་བཤད་འདིས། དངོས་དོན་གང་ཞིག་དངོས་དོན་རང་གི་ངོ་བོར་གནས་དགོས་པའི་རྩ་དོན་ཞིག་བཟུང་ཡོད་པ་གསལ་སྟོན་གནང་འདུག་ཅིང༌། རྩ་དོན་འདིའི་ཁ་གཏད་ཡུལ་ནི་སྒེར་གཅོད་པའི་དྲིལ་བསྒྲགས་ཡིན་པ་དེ་རེད། ༼གནམ་ས་གོ་འབྱེད༽ཀྱི་དེབ་ནང༌། ཁ་གཏད་ཀྱི་གླེང་སྟངས་བཀོད་པའི་ཚིག་ལ། ༼བོད་ཀྱི་དམྱལ་བ་མུན་ནག་གི་བྲན་གཡོག་སྤྱི་ཚོགས་ཟེར་བ་ནས་དེང་དུས་བོད་ཀྱི་འོད་ཟེར་སྟོང་ལྡན་གྱི་སྤྱི་ཚོགས་རིང་ལུགས་ཟེར་བའི་བར་དང༌། ཏཱ་ལའི་བླ་མའི་ནག་ཉེས་སྤྱོད་པ་ཟེར་བ་ནས་རྒྱལ་སྤྱིའི་རྒྱ་རྒོལ་སྟོབས་ཤུགས་ཟེར་བའི་བར་དང༌། བཙན་བྱོལ་སྲིད་གཞུང་གི་སྲིད་འཛིན་སྒྲིག་གཞིའི་གནས་སྟངས་ནས་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ལྔའི་གནས་ཚུལ་བར་ལ་གསར་འགྱུར་གྱི་ཚུལ་དང༌། དངོས་བཤུས་ཀྱི་ཚུལ། སྙན་ཞུའི་ཚུལ་དུ་བསྟན་སོང༌།༽ཞེས་བཀོད་འདུག མདོར་བསྡུས་ན། ༼གནམ་ས་གོ་འབྱེད་༽ཀྱི་གླེང་སྟངས་འདི་འདྲ་དག་ནི། ང་ཚོས་སློབ་སྦྱོང་དང་མིག་ལྟོས་སུ་བཟུང་དགོས་པའི་གྲས་ངེས་པར་ཡིན་མཆི་སྙམ་པ་དང་བཅས་མདོར་བསྡུས་པའི་ཚུལ་གྱིས་ཞུ་བར་ཐལ་ལོ།།
གནམ་ས་གཉིས་ཀྱི་བར་འདི་ནས། ང་ཚོར་མགོ་བོ་འགྱོགས་པའི་གོ་འབྱེད་ལས་འགུལ་གྱི་སྐོར་དགྲ་བོའི་མཚོན་ཁ་ནས་ཡི་གེར་བཏབས་པའི་སྙིང་སྟོབས་འདི། བོད་མི་རེ་རེས་སེམས་ཀྱི་ཟབ་སར་གཅེས་ཉར་གནང་བར་ཡང་སྨོན་པ་ཡིན་ནོ།། །།
གནམ་ས་གོ་འབྱེད་དེ་རྩོམ་པ་པོར་ཆོག་མཆན་ཞུས་ནས་དབྱིན་ཡིག་དང་རྒྱ་ཡིག་སོགས་ལ་བསྒྱུར་ཐུབ་ན་ཅི་མ་རུང་།
ཉིན་འགའི་རྗེས་སུ་རང་ཉིད་ལ་དེབ་རིན་ཐང་ཅན་འདི་ཀློག་པའི་གོ་སྐབས་ཤིག་ཐོབ་པའི་སྨོན་ལམ་འདེབས།
གནམ་ས་གོ་འབྱེད་ལས་འོད་ཟེར་གྱི་གངས་སེང་གི་ང་རོ་ལས་ལྷག་ཅིག་བརྗོད་ཡོད་དམ། ང་ནི་གནམ་ས་གོ་འབྱེད་ཅེས་པའི་དཔེ་དེབ་ལས་ཞོགས་དུང་གི་བློ་ཁོག་དེར་ཧ་ལས་ཀི་འདུག
ཨ་ལ་ལ་་་ གནམ་ས་གོ་འབྱེད་ཀློག་མ་ཐུབ་ན་ཤི་ན་དམྱལ་བར་འགྲོ་ས་རེད། ཞོགས་དུང་གི་བློ་སྤོབས་དང་ཤེས་སྟོབས་ལ་སྨོན་མ་ཐུབ་ན་དེར་སོང་ནའང་དགའ་ས་རེད། འདིར་གནས་ཚུལ་བཀོད་པར་བསྟན་འཛིན་ཚེ་དཔག་ལགས་ཐུགས་རྗེ་ཆེ། ད་དེབ་འདི་ལག་ཐོབ་ཡོང་བར་ཐབས་བརྒྱ་ཇུས་སྟོང་འཐེན་རྒྱུ་ཡིན།
ཞོགས་དུང་ལྟ་བུའི་ལ་བརྒྱ་དང་ཤེས་ཡོན་ཅན་སྨྱུག་རྩེ་དགྲ་ངོར་བསྐོར་ཐུབས་པའི་དཔའ་བོ་དེ་ཚོ་དུས་ནམ་ཡང་བོད་པའི་གཟི་བརྗིད་
ང་ཚོ་བཙན་བྱོལ་ནང་ཡིག་འཁྱོག་རེ་འབྲི་ཤེས་དུས་སྐུ་ངོ་ཆེན་པོ་ཚོ་དང་ཁ་མཐུན་བྱེད་ནས་ཆོས་ལུགས་དང་ཆོལ་ཁ་ཕྱོགས་རེས་གི་དཔེ་དེབ་རེ་བསྟོན་ དུ་དུང་ཤེས་ཡོན་ཅན་ཡིན་འདོག་འདོག་བྱས་སྡད་ན་ངོ་ཚ་མ་རེད་པས་
ད་ལྟ་ང་ཚོས་དེབ་དེ་བཙན་བྱོལ་ནས་བསྐྱར་དཔར་དང་འགྲེམས་སྤེལ་བྱ་ཐུབ་ན་ཀློག་པ་བོ་མི་ཉུང་བ་ཞིག་ལ་ཕན་ཐོགས་པར་གདོན་མི་ཟ་བས། དེའི་ཐད་དུ་ཚང་མས་བློ་རིག་སྒྲིམ་རོགས་ཞུ། ང་ཡང་དེབ་དེ་ཀློག་ན་འདོད་དེ་ཤི་ལ་ཁད་དུ་ཡོད་མོད། བཀླག་སྐལ་མ་ལྡན་པར་ལུས་ཡོད།
ཁྱེད་ཀྱིས་སྐུ་ཞབས་ཞོགས་དུང་ལགས་ཀྱི་གནམ་ས་གོ་འབྱེད་ངོ་སྤྲོད་གནང་བར་ཐུགས་རྗེ་ཆེ། དེབ་འདི་རག་མཚམས་ཚོགས་པ་གང་རུང་ངམ་གཞུང་འབྲེལ་ཐོག་དཔར་འགྲེམས་བྱ་ཐུབ་ན་ཡག་ས་རེད། དེ་བཞིན་ཡིག་རིགས་གཞན་ལ་བསྒྱུར་ཐུབ་ན་ཕན་ཐོགས་ཆེ་ས་རེད། རང་ལ་སླར་ཡང་ཐུགས་རྗེ་ཆེ་ཞུས་པ་ཡིན།
མགོན་པa།ག་གི་བསམ་ཚུལ་ཤིན་ཏུ་བཟང་གི
ཀློག་པའི་གོ་སྐབས་ཤིག་ཐོབ་པའི་སྨོན་ལམ་འདེབས།
གནམ་ས་གོ་འབྱེེད་ཅེས་པའི་དེབ་དེ་མགྱོགས་པོར་བཙན་བྱོལ་ནས་བསྐྱར་དཔར་བརྒྱབ་ཐུབ་ན་བཟང་གི་ཡ།
ཀློག་མཁན་འདོད་མང་བོ་ཡོད་ཀི་ཡ། ནམ་ཞིག་ལ་དེབ་དེ་ཀློག་པའི་སྐལ་བ་ལྡན་ཡོང་བར་སྙམ་བཞིན་ཡོད་ཡ།
ཕལ་ཆེར་བསྐྱར་དཔར་གྱིས་འགྲེམས་སྤེལ་བྱས་ན་རྩོམ་པ་པོ་ཡང་དགའ་ཐག་ཆོད་ཡིན་རྒྱུ་རེད། ཕན་ཡང་ཆེན་པོ་ཐོག་རྒྱུ་རེད་ཡ། ད་དེ་ཙམ་བྱེད།