རྨི་ལམ་ཁྲི་ཕྲག་ལ་འཁྱིལ་བའི་ཕུགས་བསམ་གྱི་ལྕགས་རི་རྨང་ནས་ཉིལ་དུས། གསེར་མདོག་གི་རི་སྤྱང་ལམ་ལ་ཆས་བྱུང་། སྤྲིན་དཀར་དུམ་བུ་ཞིག་ཕ་གིའི་རི་རྐེད་དུ་འཁྲིལ་བའི་ཀློང་དུ་ཁུ་བྱུག་སྔོན་མོས་སྨྲེངས་སེམས་གསོ་བའི་མགྲིན་གླུ་བར་མེད་དུ་གྱེར་བཞིན་ཡོད་ན་ཡང་། རི་སྤྱང་གི་འགྲུལ་བཞུད་ལ་དུས་སྐར་གྱི་སྟོང་ཆ་ཡེ་ནས་བྲལ། ཕྱོགས་བཞིའི་གནའ་བོའི་གཞི་བདག་གཉན་པོའི་ཚོགས་ཀྱིས་ཀྱང་བསྐལ་བའི་རི་ཚོགས་འཁྱོམ་མིན་ལ་སེམས་ཁྲལ་བྱེད་ཅིང་། ལྷ་འདྲེ་འཐབས་པའི་རི་གྲོང་རེ་རེ་ནས་བསང་དུད་སྔོན་མོ་གྱ་གྱུར་དགུང་སྔོན་དབྱིངས་སུ་ཟུག
ཁ་བ་བབས་བྱུང་། རི་ཚོགས་ཀྱི་སྒང་གཞོང་དང་སྤང་ཐང་གི་གྲུ་ཟུར་ཐམས་ཅད་བུ་ཡུག་གིས་བཏུམས་ཤིང་། སྐབས་དང་སྐབས་སུ་ཐོས་པ་ནི་བཀྲེས་ལྟོགས་ཀྱིས་གཟིར་བའི་ཁྭ་ཏ་ནག་པོ་ཁྱུ་ཞིག་གིས་ལྷགས་རླུང་གི་ཁྲོད་དུ་བསྐུར་བའི་མྱ་ངན་གྱི་སྡུག་ཡུས་ཁོ་ན། ཡིན་ན་ཡང་། གསེར་མདོག་གི་རི་སྤྱང་། ཆེས་རྒྱང་རིང་གི་དམིགས་ཡུལ་དེར་ཆས་དགོས། སྐད་ཅིག་ཙམ་ཡང་ངལ་གསོ་མེད་པར་ཆས་དགོས།
གྲོག་རོང་དང་ནགས་ཀློང་། གཅན་གཟན་དང་རྔོན་པ། ཕྱོགས་བཞི་ནས་གསེར་མདོག་གི་རི་སྤྱང་གི་ཤ་ཁྲག་རུས་གསུམ་གྱི་གཤེད་དུ་འདུར། བླ་ཚེ་སྲོག་གསུམ་གྱི་དགྲ་རུ་གཟེངས། མུན་ནག་གིས་ཀྱང་མཆེ་གཙིགས་སྡེར་བགྲད་ཀྱིས་དམིགས་ཡུལ་རྒྱང་དུ་འདོར་བའི་སྐུལ་མ་བྱེད། མྱ་ངམ་ཐང་གིས་ཀྱང་ཤི་གསོན་བྱེ་མའི་ལ་ཁར་ལག་གདངས་སྦྲེལ།
ཡིན་ན་ཡང་། ཕ་མེས་ནས་བརྒྱུད་པའི་དཔའ་སྤོབས་ཤིག་གིས། རྟོགས་སད་ཀྱིས་སྤྲད་པའི་བློ་གདེང་ཞིག་གིས། གསེར་མདོག་གི་རི་སྤྱང་ལ་འོད་ཟེར་གྱི་ལམ་སྣེ་རྙེད། ཕུགས་བསམ་གྱི་གྲོང་ཁྱེར་བརྩིགས། སྲིད་པའི་གངས་རྒན་དག་གིས་ད་གཟོད་དགྱེས་འཛུམ་གྱི་སྣེ་ལེན་བྱེད་ཅིང་། བསྐལ་བའི་རི་ཚོགས་རེ་རེ་ཡིས་གཞི་ནས་བྱིན་རླབས་ཀྱི་གཟི་འོད་སྩོལ།
ཕ་མཐའ་བྲལ་བའི་མདོ་དབུས་མཐོ་སྒང་འདི་ནས། གསེར་མདོག་གི་རི་སྤྱང་ཁོ་ནས་རང་གི་གནས་མལ་རྙེད་ཅིང་། དུང་མདོག་གིོ་ཟླ་བ་གཅིག་བུས་རི་སྤྱང་ལ་ཁ་ཕྱོགས་བསྟན། དེ་བས། དཀར་སིབ་སིབ་ཀྱི་ཟླ་འོད་ཀློང་དུ། རི་སྤྱང་གི་ཚོགས་ལ་བུ་རབས་ཚ་བརྒྱུད་ཀྱི་ལོ་རྒྱུས་འབྲི་བའི་གོ་སྐབས་ཐོབ་ཅིང་། ཟླ་འོད་ཀྱིས་བཏུམས་པའི་ནགས་ཀླུང་དུ། རང་བྱུང་ཁམས་ཆེན་པོར་ཚེ་སྲོག་གི་དམར་མཆོད་འབུལ་བའི་རིག་གཞུང་ཡང་དར།
ཀ་བཤད་སྙན་རྩོམ་ལྷག་བསམ་བསྐུལ་བ།།
ཆོས་སྐུ་སྒྲིབ་བྲལ་རྣམ་དག་དབྱིངས་ལས་མཚན་དཔེའི་སྤྲིན་རིས་རྣམ་པར་བཀྲ།།
འགྲོ་ཁམས་མོས་པ་རྒྱ་མཚོའི་རྗེས་བཟུང་འཇམ་དཔལ་ཡབ་ཡུམ་ལ་བཏུད་ནས།།
འདི་ན་ཆོས་པའི་སྤྱི་ཚོགས་སྒྲིག་ཞུགས་ཆོས་ཀྱི་ལམ་ལས་འདའ་བ་འགའ།།
ཆོས་ལམ་འཛུད་པའི་ལྷག་བསམ་ངལ་བ་སྙིང་དུ་བཅངས་ཏེ་འདི་སྐད་གདམས།།
ཀ་བ་བུམ་པ་འཁོར་བ་ཡིན་མིན་ཚིག་སྤྱིར་སྒྲོ་འདོགས་གཅོད་དྲགས་ན།།
ཁ་རྐྱང་སྐམ་པོས་དལ་འབྱོར་རྟེན་བཟང་དོན་མེད་ཆུད་ཟོས་གཏང་ཡོང་ངོ་།།
ག་ས་ག་ལ་རང་ཚུགས་མི་ཐུབ་ཁྱི་རྒན་བཞིན་དུ་རྒྱུག་དྲགས་ན།།
ང་མེད་ཁྱེད་མེད་འདི་ཕྱི་གཉིས་ཕངས་སྤྲང་པོ་ལག་སྟོང་ཆགས་ཡོང་ངོ་།།
ཅ་རེ་ཅོ་རེ་ཐལ་རྟགས་ལྟར་སྣང་གང་བྱུང་མང་བྱུང་བསྟེན་དྲགས་ན།།
ཆ་རྒྱུས་མེད་པའི་ལོང་བ་མགོ་འཐོམ་རྟག་ཆད་གཡང་སར་ལྷུང་ཡོང་ངོ་།།
ཇ་ཧང་མདངས་ཀྱིས་མཛེས་པའི་ཁྲོད་དུ་ཁ་ལག་སྟོང་པ་ལྡིང་དྲགས་ན།།
ཉ་ཉོག་བསྲེས་པའི་མི་གཙང་རྣག་ཁྲག་བདུད་རྩིའི་ཆོས་དང་འདྲེས་ཡོང་ངོ་།།
ཏ་ཐཱ་ག་ཏའི་ལུང་དོན་ཤེས་ཀྱང་ཚུལ་བཞིན་སྒྲུབ་ལ་གཡེང་དྲགས་ན།།
ཐ་གྲུ་ཕྱི་ཡི་རྒྱལ་ཁབ་རྣམས་སུ་སྤྲེའུའི་གར་མཁན་ཆགས་ཡོང་ངོ་།།
ད་ལྟར་རང་ལག་ཡོད་པའི་ཆོས་ནོར་ཆོས་དྲེཊ་གཡེང་བས་རེངས་དྲཊ་ན།།
ན་རྒ་འཆི་བའི་གཡང་སའི་འགག་ནས་རྐང་པའི་རྟིང་རྩ་ཆད་ཡོང་ངོ་།།
པ་ལོ་མ་ཕབ་རབ་བྱུང་ཁྲོད་དུ་རལ་པ་གཟེངས་ཏེ་སྡོད་དྲགས་ན།།
ཕ་རོལ་སྐྱེ་བོའི་ཡིད་འཆེས་བརླཊ་ཏེ་གསེར་སྐུས་ཟངས་མདོག་བསྟན་ཡོང་ངོ་།།
བ་མོ་དབྱར་འཇོ་དགུན་གསོ་མེད་པར་ཕག་མགོ་མཁྱེན་པ་རྒྱག་དྲགས་ན།།
མ་རབས་རང་མཚང་མི་གཙང་དྲི་ང་གྲུམ་པའི་ལྟོ་བ་དྲལ་ཡོང་ངོ་།།
ཙཀྲ་གསུམ་གྱི་མདོ་སྔགས་གཞུང་ལ་རང་དགར་དྲང་ངེས་འབྱེད་དྲགས་ན།།
ཚ་གྲང་དམྱལ་བའི་མགྲོན་བརྡ་སླེབ་དུས་རྐུན་མའི་བུ་བཞིན་ཆགས་ཡོང་ངོ་།།
མཛའ་བཤེས་ངན་པའི་སླུ་བྲིད་གཏམ་སྙན་རྣ་བའི་རྩེ་ལ་བཏགས་དྲགས་ན།།
ཝ་ལམ་ཅན་གྱི་གྲོང་དུ་སླེབས་དུས་སྤྱང་ཀིའི་རྣ་འཛོམ་ཆད་ཡོང་ངོ་།།
ཞྭ་མོའི་མདོག་གིས་ཕན་ཚུན་འབྱེད་པའི་གྲུབ་མཐའ་ཕྱོཊ་འཛིན་ཆེན་དྲཊ་ན།།
ཟ་བྱེད་གླང་སྨྱོན་ཕན་ཚུན་འཐབ་པས་གཉིས་ཀ་འཕུང་པ་བྱེད་ཡོང་ངོ་།།
འ་རེ་འུ་རེ་དཀོར་ནག་ཉ་ཟོན་ཆུ་སྐྱར་བཞིན་དུ་ལྡིང་དྲགས་ན།།
ཡ་བཤའ་རྫུན་སྒྲིག་ཕྱི་མའི་བུད་ལེན་རུས་སྦལ་རྒན་པས་སྙོབ་ཡོང་ངོ་།།
ར་མ་ལུག་གི་ཆ་སྤྱོད་གང་མོས་འདུལ་བའི་གཞུང་ལས་བརྒལ་དྲགས་ན།།
ལ་རྒྱ་མི་ཤེས་མི་ཚེ་ཕུང་ཞིང་ཆོས་པའི་གྲལ་ནས་བུད་ཡོང་ངོ་།།
ཤ་ཟ་མཁའ་འགྲོ་སྒྲུབ་ལ་བྲེལ་ཏེ་སྐྱབས་འགྲོ་ཙམ་ཡང་མི་སེམས་ན།།
ས་དུང་ནང་དུ་རང་སྡུག་མྱོང་བའི་བྱི་བ་རྒྱ་བོ་ཆགས་ཡོང་ངོ་།།
ཧ་རེ་ཧོ་རེ་ཅི་སྐྱིད་གང་སྐྱིད་ཡིན་མདོག་ཁ་ཕོ་བྱེད་དྲགས་ན།།
ཧ་གོ་མེད་པར་བྱི་བའི་དཀྱིལ་གྱི་བྱི་ལ་མཁན་པོ་ཆགས་ཡོང་ངོ་།།
ཧ་ཅང་སྙེམས་པའི་ང་རྒྱལ་དྲག་པོས་ཁོག་པའི་ལྟོ་བ་སྦོས་དྲགས་ན།།
ཧ་ཧའི་འཕྱ་དགོད་ལྡིར་སྒྲས་ཁེངས་པའི་ནང་རྟགས་རྟུག་དྲི་ཁ་ཡོང་ངོ་།།
ཨ་ཕོ་ང་ཞེས་རང་གིས་རང་ལ་བརྩི་མཐོང་བྱེད་པ་ཆེ་དྲགས་ན།།
ཨ་དོན་ཆོས་ནོར་རྒྱབ་ལ་བཀྱག་དུས་ཐོད་པ་ས་ལ་ཐུག་ཡོང་ངོ་།།
ཨ་མའི་ཨོ་ལོ་བུ་སྡུག་རྣམ་པ་གདམས་པའི་གཏམ་འདི་གཟན་དྲགས་ནས།།
ཨ་ཕའི་རོ་ཞེས་སྨད་པར་ངེས་ཀྱང་དྲང་པོའི་ཞུ་བ་བརྗོད་པ་ལགས།།
དེ་སྐད་ཆོས་ཀྱི་དགག་ཕྱོགས་སློབ་སྟོན་ཕུལ་བྱུང་སྙན་པའི་ཚིག་སྦྱོར་འདིའང༌།།
ལྷོ་ཕྱོཊ་ཆོས་ཀྱི་ཡངས་པོའི་དགའ་ཚལ་དཔལ་ལྡན་འབྲས་དཀར་སྤུངས་པ་ནས།།
གཙུག་ལག་སྨྲ་བའི་ཟུང་ལྡན་འདབ་མ་ཤེས་བྱའི་མཁའ་ལ་ལྡིང་བའི་བུ།།
འཇིགས་མེད་མིང་པའི་སྤྲོ་བའི་མགྲིན་ནས་དལ་བུའི་དབྱངས་སུ་གྱེས་ཏེ་སོང༌།།
སྤྱི་ལོ་1993ལོར་བྲིས། <>འདོན་ཐེངས་དགུ་པའི་ཐོག་བཀོད།
རི་བོང་གི་གདུང་འབོད།
ལྷུན་ཆགས་ཀྱི་ནགས་ཀླུང་གསེབ་ན།།
དམར་སེར་གྱི་གཟི་མདངས་འབར་ཞིང༌།།
ངར་སྒྲ་ཡིས་རི་ལུང་ཁེངས་པའི།།
འཛུམ་དྲུག་གི་རྒྱ་སྟག་རྒན་པོ།།
གཅན་གཟན་གྱི་གྲལ་ཚོགས་དབུས་ན།།
འགྱིངས་སྟབས་ཀྱིས་དྲེགས་པ་ཁྱོད་རེད།།
འབྲོག་དགོན་གྱི་གཅོང་རོང་རྒྱུད་དེ།།
བྱ་གླག་གི་གཤོག་འགྱུར་བར་ནས།།
རྒྱུས་མེད་ཀྱི་ཚང་ཚིང་གསེབ་ཏུ།།
ཚེ་སྲོག་གི་རྒྱུ་བ་འདར་བཞིན།།
རྣམ་ཤེས་ཀྱི་བུ་མོ་འཁྱམས་པའི།།
ཉམ་ཆུང་གི་རི་བོང་བདག་རེད།།
ཕྲག་དོག་གི་ཤ་ལ་མ་རྔམས།།
ཁོང་ཁྲོ་ཡི་ཁྲག་ལ་མ་རོལ།།
ཞེ་སྡང་གི་མཆེ་བ་མ་རྩིག།
གཡོ་སྒྱུ་ཡི་སྡེར་མོ་མ་བགྲད།།
ཉམ་ཆུང་བའི་རི་བོང་ཞིག་གིས།།
ཡིན་ལུགས་ཤིག་བརྗོད་ན་ཨེ་རུང༌།།
ལྷག་བསམ་གྱི་སྤུ་རིས་དཀར་ཞིང༌།།
རྣམ་དཔྱོད་ཀྱི་མིག་འབྲས་མཛེས་པ།།
ཕྱི་ཐག་གི་རྣ་བ་རིང་ལ།།
ལྷན་སྐྱེས་ཀྱི་ལུས་རྩལ་གོམས་པའི།།
ཉམ་ཆུང་གི་རོ་བོང་ཞིག་ལ།།
མཐོང་ཆུང་གིས་ཁྱད་གསོད་ཨེ་རུང༌།།
བཅུ་ཕྲག་གི་ཁ་སྤུ་རིང་པོས།།
ཟུང་ལྡན་གྱི་འདབ་མར་བརྒྱན་ཞིང༌།།
སྐྱེས་སྦྱངས་ཀྱི་རྣ་རྩེ་རྣོན་པོས།།
ལུགས་ཟུང་གི་ལ་རྒྱ་བཏེགས་པར།།
བསྟོད་ཚིག་གི་གླུ་དབྱངས་མེད་ཀྱང༌།།
རྩིས་མེད་ཀྱི་དམའ་འབེབས་ཨེ་རུང༌།།
གཡང་གཟར་གྱི་ཚང་ཚིང་གསེབ་ནས།།
མཆོང་ལྡིང་གི་སྙིང་རླུང་གཡོ་ཞིང༌།།
ཉམ་ཆུང་ལ་ཁྱད་གསོད་གོམས་པའི།།
ང་རྒྱལ་གྱི་སེངྒེ་བཏུབས་པར།།
བསྔགས་བརྗོད་ཀྱི་ཕྲེང་བ་མེད་ཀྱང༌།།
སྐྱོན་འཛུག་གི་སྡིག་འཛུབ་ཨེ་རུང༌།།
རྙོག་འཛིང་གི་རྩིང་སྤྱོད་ཁྲོད་དུ།།
སྙིང་སྟོབས་ཀྱིས་རང་ལུས་གྲུ་བཞི།།
མེ་ཕུང་ལ་མཆོང་བར་བཟོད་པའི།།
གཟེངས་བསྟོད་ཀྱི་རི་མོའི་གཟུགས་བརྙན།།
ཟླ་ངོས་ལ་འབྲི་གནང་མེད་ཀྱང༌།།
དམར་འབེབས་ཀྱི་སྡང་མིག་ཨེ་རུང༌།།
བདུན་ཕྲག་གི་བགྲང་བྱའི་ཕྲེང་བར།།
སྔོ་ལྗང་གི་སྤང་རི་མཐོན་པོར།།
འཚེ་མེད་ཀྱི་རྩྭ་ཆུར་རོལ་ཏེ།།
ཚེ་སྲོག་གི་རྒྱུ་བ་འཚོ་བར།།
ཚང་ཚིང་གི་ནགས་མའི་གསེབ་ནས།།
ཁྱད་གསོད་ཀྱི་འཕྱ་སྨད་ཨེ་རུང༌།།
ཨེ་རེ་ཌའི་ལྗོན་པའི་རྩེ་ནས།།
རང་མཚང་གི་འཕོངས་དམར་སྟོན་ནས།།
གཞན་སྐྱོན་ལ་སྨད་པའི་ཙིར་སྒྲས།།
དབྱར་རྔ་ལ་རྒོལ་བར་བྱེད་པའི།།
ནགས་གནས་ཀྱི་སྤྲེའུའི་ཁྱུ་ཚོས།།
མཐོང་ཆུང་གི་གད་མོ་ཨེ་རུང༌།།
ཚང་ཚིང་དང་ནགས་ཀླུང་ཁྲོད་ནས།།
སྔོ་ལྗང་གི་ནེམ་མདངས་འཛིན་པའི།།
ལྗང་ལོ་ལ་རོལ་བའི་ཉམ་ཆུང༌།།
འཚེ་མེད་ཀྱིས་བག་ཕེབས་གནས་པར།།
མཆེ་སྡེར་གྱི་རྔམས་ཟིལ་བར་ནས།།
ཚེ་སྲོག་ལ་རྒོལ་བ་ཨེ་རུང༌།།
རང་མཐོང་གི་འུད་ཀྱིས་ཁེངས་པའི།།
ཧམ་ལྡན་གྱི་ཨུ་ཚུགས་སྟག་གིས།།
ཉམ་ཆུང་གི་བདེན་པའི་རི་བོང༌།།
ཚེ་སྲོག་གི་ཟུང་ཁྲག་འཇིབ་ཀྱང༌།།
རྣམ་ཤེས་ཀྱི་ལྷ་མོ་འཕུར་ཏེ།།
ཟླ་བ་ཡི་ངོས་ལ་ཐིམ་འགྲོ།།
སྤྲིན་བྲལ་གྱི་ནམ་མཁའི་དབྱིངས་ནས།།
དཀར་མཛེས་ཀྱི་ཟླ་བ་གཞོན་ནུའི།།
འོད་ཞགས་ཀྱི་ཀྱོ་བ་རྣོན་པོས།།
འཛུམ་དྲུག་གི་དྲག་ཉམས་བཀུག་ནས།།
ཡིན་ལུགས་ཀྱི་བདེན་པའི་ར་སྤྲོད།།
ལྷ་དབང་གི་མདུན་སར་ཞུ་འགྲོ།
1994,12,20 ལྷོ་ཕྱོགས་རྒྱ་མཚོའི་ཉེ་འགྲམ་ནས་བྲིས།།
དྲང་སྲོང་རྒན་པོའི་ལྟ་གྲུབ།
ཆར་དང་ཉི་ཟེར་འཐབ་པའི་དབྱར་གཞུང་ན།།
སྣ་ལྔའི་ཁ་དོག་འཁྱིལ་བའི་འཇའ་རིས་སྣེ།།
སུ་དང་གང་གིས་འཇུ་ཡང་མི་ཟིན་པ།།
བདེན་པའི་གནས་ལུགས་བསྟན་པའི་མཚོན་གཞི་ཞིག།
ཁ་རྩངས་གྲང་ལྷག་འཐབ་ནས་ཁ་བ་འབབ།།
དེ་རིང་གཡའ་དག་མཁའ་ནས་ཉི་གཉོན་འཛཱུམ།།
གནམ་སའི་གཤིསལུགས་ངེས་མེད་འགྱུར་བ་འདི།།
འདུས་བྱས་མི་རྟག་མཚོན་པའི་དཔང་རྟགས་ཤིག།
འཕར་སྤྱང་ཝ་མོ་ཚོགས་པའི་དུར་ཁྲོད་དུ།།
རྣམ་ཤེས་རླུང་གིས་ཁྱེར་བའི་མཛེས་མའི་ལུས།།
གོས་མེད་གཅེར་བུར་ལུས་པའི་མགྲོན་སྟོན་འདིས།།
དྲང་སྲོང་རྒན་པོའི་ཞལ་ལ་བདེན་ཁ་སྦྱིན།།
བྱང་ཐང་བྱེ་མ་སྤུངས་པའི་ཇག་ལམ་ན།།
མི་བསད་རྟ་སྒྲིལ་བྱེད་པའི་ཇག་ཚོགས་ཚོ།།
ནག་ཅན་མི་ཡི་གྲལ་མཐར་བརྩི་ན་ཡང༌།།
གསལ་རིག་སེམས་ཀྱི་འོད་སྣང་མཉམ་པ་ཉིད།།
གཡོ་ཅན་ཁོང་འཛུམ་འཆོར་བའི་དགོད་སྒྲ་ཡིས།།
ཅོལ་ཆུང་སྙིང་ལ་དགའ་བའི་མིག་འཕྲུལ་འདི།།
སྲིད་མཚོར་དགའ་ཚལ་འཛིན་པའི་བྱིས་པ་ཚོའི།།
སེམས་ཀྱི་ཚོར་རིས་མཚོན་པའི་སྣང་བསྙན་ཞིག།
2007/3/26/སྤྱི་འཐུས་གྲོས་ཚོགས་སུ་བྲིས།