གཙང་ཞོལ་བདེ་གསལ།
སེམས་ཀྱི་ཟླ་བ་ཞིག་དམར་པོའི་གཟའ་ཡིས་བཟུངས།།
གདུང་འབོད་མཆོད་སྤྲིན་གྱིས་གནམ་ས་ཁ་སྦྱར་བྱས།།།
རྒྱུ་སྐར་འོད་ཅན་ཚོའི་སྤྱན་ལམ་ཡངས་པ་ཡིས།།
འཕག་ཚག་གློད་འདོད་ཀྱི་མགོ་འཕང་དམའ་བ་མེད།།
སེམས་ཀྱི་ཉི་མ་ཞིག་གངས་རིའི་ཕག་ལ་ནུབ།།
དམ་ཚིག་དྲོད་ཅན་གྱི་བྱིན་རླབས་ཡོངས་ལ་ཁྱབ།།
དྲན་པས་གླུ་སྐད་ཀྱི་མཐོ་དབྱངས་འཕྱུར་ས་ནས།།
རེ་སྒུག་སྙིང་སྟོབས་ཀྱི་སྨོན་འདུན་ཉམས་པ་མེད།།
སེམས་ཀྱི་ཕ་ཡུལ་ཞིག་དགྲ་བོའི་ལག་ཏུ་ཤོར།།
འཇིགས་རུང་མཚོན་ཆ་ཡི་རྩེ་ཁ་བྲང་ལ་གཏད།།
ཁྲག་དམར་ཙར་ཙར་གྱིས་འཆི་ལམ་རེ་རེ་ན།།
ལ་རྒྱའི་ཕོ་ཚུགས་ཀྱི་གདོང་པ་ཤོར་བ་མེད།།
༢༠༡༤/༧/༢ ཉིན་རྡ་རམ་ས་ལར་བྲིས།