—–ཨ་རིག་འགྱུར་མེད།
ཁ་སང་རང་རྒྱ་ནག་གི་བཙོན་འོག་ཏུ་མི་ལོ་བཅུའི་རིང་སྡུག་སྦྱོང་མནར་གཅོད་མྱངས་པའི་ཨ་རིག་སྒྲོལ་མ་སྐྱབས་ལགས་གློད་གྲོལ་ཐོབ་ཡོད་ཀྱང་། ཁོང་གི་གཟུགས་པོའི་གནས་སྟངས་ཧ་ཅང་སྐྱོ་བོ་ཡིན་པར་མ་ཟད། ཕོ་བ་དང་མཆིན་པར་ན་ཚ་ཡོད་པའི་ཚོད་དཔག་བྱེད་ཀྱིན་འདུག་ལ། ཁོང་གི་ཁ་དང་མིད་པ་ཡང་ཡང་སྐམ་པོ་ཆགས་ཀྱི་ཡོད་འདུག
ཨ་རིག་སྒྲོལ་མ་སྐྱབས་ལགས་དེ་སྔར་ཕྱི་ལོ་༢༠༠༥ ལོའི་ཟླ་༣ པར་རྒྱ་ནག་ཉེན་རྟོག་པས་ལྷ་ས་ནས་འཇུ་བཟུང་གིས་དུས་ཡུན་ལོ་བཅུའི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་དང་། ཁ་སང་སྟེ་ཟླ་འདིའི་ཕྱི་ཚེས་ ༨ ཉིན་ཁོང་གི་དུས་བཀག་བཙོན་འཇུག་གི་དུས་ཡུན་རྫོགས་ཏེ་ལྷ་ས་ཆུ་ཤུལ་བཙོན་ཁང་ནས་གློད་གྲོལ་ཐོབ་ཡོད་ཀྱང་། ཤེས་རྟོགས་བྱུང་བ་ལྟར་ན་མདོ་ལ་རྫོང་སྤྱི་བདེ་ཉེན་རྟོག་པ་གཉིས་ཆེད་དུ་ལྷ་ས་ཆུ་ཤུལ་བཙོན་ཁང་ལ་ཁོང་ལེན་དུ་ཕྱིན་ཡོད་འདུག
ཁོང་ཁ་སང་ཞོགས་པའི་ཆུ་ཚོད་བརྒྱད་ཀྱི་སྟེང་ལྷ་ས་ཆུ་ཤུལ་བཙོན་ཁང་ནས་གློད་གྲོལ་ཐོབ་རྗེས་ལྷ་ས་ནས་ཟི་ལིང་བར་གནམ་གྲུའི་ནང་དུ་བསྐྱལ་འདུག་པ་དང་། ཕྱི་དྲོའི་ཆུ་ཚོད་བཞི་བའི་སྟེང་ཟི་ལིང་སྤྱི་བདེ་ཉེན་རྟོག་ལས་ཁུངས་སུ་ཆུ་ཤུལ་བཙོན་ཁང་གིས་རྩིས་སྤྲོད་བྱས་རྗེས། བོད་ནང་གི་དགོང་མོའི་ཆུ་ཚོད་དགུ་དང་ཕྱེད་ཀའི་སྟེང་མདོ་ལ་རྫོང་སྤྱི་བདེ་ལས་ཁུངས་སུ་རྩིས་སྤྲོད་བྱས་ཏེ། དེ་རུ་ཡིག་ཆ་ཁག་ཅིག་ལ་གྱན་གྱའི་མཚན་རྟགས་བརྒྱབ་པ་སོགས་ཀྱི་འགྲོ་ལུགས་འགའ་བསྒྲུབ་ནས་བོད་ནང་གི་དགོང་མོའི་ཆུ་ཚོད་ ༡༠ དང་སྐར་མ་ ༤༠ ཡས་མས་སུ་དངོས་སུ་བཙོན་གྲོལ་ཐོབ་སྟེ། སྤུན་མཆེད་ཁག་ཅིག་དང་ལྷན་དུ་ཕྱིར་རང་ཁྱིམ་དུ་ལོག་ཡོད་འདུག
མདོ་ལ་རྫོང་ཐོག་ཏུ་འབྱོར་སྐབས་དེར་ཡོད་ཀྱི་བོད་མི་འགས་མཐོང་སྟེ་ཁ་བཏགས་གཡོག་པ་སོགས་དགའ་བསུ་ཞུས་འདུག་ཀྱང་། དགོང་མོ་ཡིན་སྟབས་མང་ཚོགས་མང་བོ་འདུ་ཐུབ་མེད་པ་དང་། ས་གནས་ནས་ཡུལ་མི་ཞིག་གིས་འགྲེལ་བརྗོད་གནང་བ་ལྟར་ན། ལོ་འདི་ཚོར་ས་གནས་གང་ས་ནས་ཆབ་སྲིད་བཙོན་མ་གློད་གྲོལ་ཐོབ་སྟེ་ཕྱིར་རང་ཡུལ་དུ་འབྱོར་སྐབས། བོད་རིགས་མང་ཚོགས་ཀྱིས་དགའ་བསུའི་སྣེ་ལེན་དང་ཁ་བཏགས་གཡོག་པ། ཀི་སྒྲ་སྒྲོག་པ། ལྷ་རྒྱལ་འཐེན་པ་སོགས་བྱེད་ཀྱི་ཡོད་སྟབས་རྒྱ་ནག་ཉེན་རྟོག་པས་ཁོང་ཆེད་དུ་མདང་མཚན་མོ་མ་གཏོགས་ཕྱིར་རང་ཡུལ་དུ་ལོག་མི་ཐུབ་པ་བྱས་འདུག་ཟེར།
དེ་སྔར་ཕྱི་ཕྱོགས་སུ་ཨ་རིག་སྒྲོལ་མ་སྐྱབས་ལགས་ལྷ་ས་ཆུ་ཤུལ་བཙོན་ཁང་ནས་ཟི་ལིང་དུ་གནས་སྤོར་བཏང་བ་རེད་ཅེས་པའི་གནས་ཚུལ་ཞིག་འབྱོར་ཡོད་ཀྱང་། གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན། ཁོང་ད་ལྟའི་བར་དུ་ལྷ་ས་ཆུ་ཤུལ་བཙོན་ཁང་རང་དུ་བཙོན་འཇུག་བཀག་ཉར་བྱས་པ་ལས་ས་གནས་གཞན་དུ་གནས་སྤོར་བྱེད་མྱོང་མེད་པ་དང་། ཁོང་བཙོན་ཁང་ནང་ཡུན་རིང་བཞུགས་སྟབས་གཟུགས་པོའི་གནས་སྟངས་སྐྱོ་བོ་ཆགས་ཡོད་པར་མ་ཟད། ས་གནས་བོད་མི་ཞིག་གིས་འགྲེལ་བརྗོད་བྱས་པ་ལྟར་ན། ཁོང་གི་ཕོ་བ་དང་མཆིན་པར་ན་ཚ་ཡོད་པའི་ཚོད་དཔག་བྱེད་ཀྱིན་འདུག་ལ། དེང་སྐབས་ཁོང་གི་ཁ་དང་མུད་པ་ཡང་ཡང་སྐམ་པོ་ཆགས་ཀྱི་ཡོད་འདུག་ཟེར།
ཡང་བོད་མི་གཞན་ཞིག་གིས་ཁོང་བཙོན་དུ་བཞུགས་རིང་བོད་དབྱིན་གཉིས་བྱང་ཆུབ་པ་ཞིག་སྦྱངས་ཡོད་པར་མ་ཟད། ཁོང་གིས་ལོ་འདི་དག་རིང་རི་མོའི་སྒྱུ་རྩལ་གྱི་ཕྱོགས་ལའང་སྦྱོང་པ་མི་དམན་པ་བྱས་ཏེ། ཁ་སང་དགོང་མོ་ཕྱིར་རང་ཁྱིམ་དུ་ལོག་སྐབས་མི་དང་བྱ། གཅན་གཟན། སྒོ་ཁྱི་སོགས་ཀྱིས་མཚོན་རི་མོ་བརྒྱ་ལྷག་ཅིག་བྲིས་ནས་ཁྱེར་ཡོང་ཡོད་འདུག་ཟེར།
ཨ་རིག་སྒྲོལ་མ་སྐྱབས་ལགས་ནི་མདོ་ལ་རྫོང་འབྲོང་ལུང་ཞང་། དར་ལུང་རི་ཁག་བཞི་བའི་མི་ཡིན་ལ། ཆུང་དུས་ནས་བཟུང་ཞང་གི་སློབ་ཆུང་དང་རྫོང་སློབ་འབྲིང་། མཚོ་སྔོན་ཞིང་ཆེན་དགེ་ཐོན་སློབ་ཆེན་བཅས་རིམ་པར་སློབ་སྦྱོང་གནང་མཐར། མདོ་ལ་རྫོང་སློབ་འབྲིང་དུ་དགེ་རྒན་གྱི་ཕྱག་ལས་གནང་བ་དང་། རྗེས་སུ་རྒྱ་ནག་པེ་ཅིན་སློབ་གྲྭ་ཆེན་མོ་རུ་ཞིབ་འཇུག་སློབ་མའི་ཆེད་སྦྱོང་གནང་སྟེ་ ༢༠༠༣ མཐར་ཕྱིན་ཡོད་འདུག ཁོང་པེ་ཅིན་ནས་སློབ་མཐར་ཕྱིན་རྗེས་རྒྱ་གར་དུ་འབྱོར་ཏེ་ཤེས་རབ་དགའ་ཚལ་སློབ་གླིང་ནས་ཀྱང་ལོ་གཅིག་རིང་དབྱིན་ཡིག་ཆེད་སྦྱོང་གནང་མྱོང་འདུག
༢༠༠༤ ལོར་ཕྱིར་བོད་དུ་ལོག་ནས་ལྷ་སའི་སློབ་གྲྭ་ཞིག་ཏུ་ལོ་རྒྱུས་དགེ་རྒན་གྱི་ཕྱག་ལས་གནང་། ༢༠༠༥ ལོའི་ཟླ་ ༣ ཚེས་ ༩ ཉིན་རྒྱ་གཞུང་གིས་ཉེན་རྟོག་པས་འཇུ་བཟུང་གིས་ལོ་དེའི་ཟླ་ ༡༠ ཚེས་ ༣༠ ཉིན་ལྷ་ས་གྲོང་ཁྱེར་འབྲིང་རིམ་ཁྲིམས་ཁང་གིས་ “རྒྱལ་ཁབ་བདེ་འཇགས་ལ་གནོད་སྐྱོན་བཟོས་པའི་” ཉེས་མིང་བཀལ་ཏེ་ལོ་བཅུའི་བཙོན་འཇུག་ཁྲིམས་ཐག་བཅད། སྐབས་དེར་ཁོང་ལ་ཆབ་སྲིད་ཀྱི་ནག་ཉེས་ཕོག་དོན་གཙོ་བོ་ཁོང་གིས་བརྩམས་པའི་ “ལྷིང་འཇགས་མེད་པའི་ཧི་མ་ལ།” ཞེས་པའི་འབོལ་རྩོམ་གྱི་དེབ་དེ་ཡིན་ལ། ཡང་གནས་ཚུལ་ཡོང་ཁུངས་གཞན་ཁག་ཅིག་གིས་སྐབས་དེར་ཁོང་གིས་ད་དུང་ “བོད་ཀྱི་ས་ཁམས་ལོ་རྒྱུས་” ཞེས་པ་ཞིག་ཀྱང་བྲིས་ཡོད་ནའང་ཁོང་འཇུ་བཟུང་བྱས་རྗེས་ཉེན་རྟོག་པས་བཙན་འཕྲོག་བྱས་ཏེ་དཔར་སྐྲུན་བྱེད་ཐུབ་མེད་པ་དང་། ཁོང་ནི་བོད་ཀྱི་ས་ཁམས་ལོ་རྒྱུས་སྐོར་ནས་མཁས་པ་ཕུལ་དུ་བྱུང་བ་ཞིག་རེད་ཟེར།
༢༠༡༢ ལོའི་ཟླ་ ༡༡ ཚེས་ ༡༥ ཉིན་ཏེ་བཙོན་འོག་རྩོམ་པ་པོའི་དུས་དྲན་ཉིན། རྒྱལ་སྤྱིའི་སྙུག་ཚོགས་ཀྱི་བཙོན་འོག་རྩོམ་པ་པོའི་མཐུན་ཚོགས་དང་རྒྱའི་རང་དབང་སྙུག་ཚོགས་གཉིས་ཀྱིས་བཙོན་འོག་གི་རྩོམ་པ་པོའི་གཟེངས་རྟགས་ཞེས་པ་ཨ་རིག་སྒྲོལ་མ་སྐྱབས་ལགས་དང་རྒྱ་རིགས་རྩོམ་པ་པོ་ཝུ་ཡིས་ལོང་གཉིས་སུ་ཕུལ་ཡོད། དེ་ནི་རྩོམ་པ་པོ་ཁོང་གཉིས་ཀྱི་རང་དབང་རྩོམ་འབྲིའི་སྙིང་སྟོབས་ལ་ཡི་རངས་གུས་བརྩི་དང་ཆེ་མཐོང་གཟེངས་བསྟོད་བྱས་པ་ཞིག་ཡིན་འདུག
ཁོང་གི་ཕ་མིང་ལ་མཁས་བཙུན་དང་མ་མིང་ལ་སྒྲོལ་མ་ཟེར་ཞིང་ཁོང་གཉིས་ལ་བུ་ལྔ་དང་བུ་མོ་ལྔ་བཅས་བུ་ཕྲུག་བཅུ་ཡོད་པ་ལས་ཁོང་ནི་བུ་ལྔའི་ནང་གི་གསུམ་པ་དེ་ཡིན་འདུག
༼རི་མོ་འདི་རྣམས་ནི་སྒྲོལ་མ་སྐྱབས་ལགས་ཀྱིས་བཙོན་ཁང་ནང་ནས་བྲིས་འདུག༽
རྩོམ་པ་པོ་གྲགས་ཆེན་ཨ་རིག་སྒྲོལ་མ་སྐྱབས་མཆོག་ལ་བཙོན་གྲོལ་ཐོབ་པར་བཀྲ་ཤིས་བདེ་ལེགས་ཡོད། སྨན་ཁང་ཡིད་ཆེས་ཆོག་ས་ཞིག་ཏུ་ལུས་ཕུང་ལ་བརྟག་དཔྱད་བྱས་ནས་སྨན་བཅོས་གནང་རོགས། ཡིན་ནའང་། དེང་སྐབས་རྒྱ་ནག་གི་སྨན་ཁང་ཁག་ཏུ་ནད་པའི་མཁལ་མའི་མཚོན་པའི་དོན་ལྔ་སྣོད་དྲུག་གང་རུང་བོར་བརླག་བྱུང་གི་ཡོད་པས། གཟབ་གཟབ་གནང་གལ་ཤིན་ཏུ་ཆེ།
བཙོན་གྲོལ་ཐོས་པས་དགའ་ཐལ།
སྐུ་གཟུགས་སྐྱོ་བས་སྐྱོ་ཐལ།
གངས་ཅན་བོད་ཀྱི་དཔའ་བོ།
ཡུན་ནས་བརྟན་པར་བཞུགས་རོགས།
རིགས་ཞེན་དང་ལ་རྒྱ་སྙིང་ཁོང་ནས་འཕྱུར་བའི་བོད་ཀྱི་དཔའ་བོ་སྒྲོལ་མ་སྐྱབས་ལགས་བཙོན་འཇུག་མནར་གཅོད་ཀྱི་ལོ་ཟླ་རིང་མོ་ཞིག་མྱངས་ནས་ད་ཆ་བཙོན་གྲོལ་ཐོབ་པར་སྙིང་ཐག་པ་ནས་བཀྲ་ཤིས་བདེ་ལེགས་ཞུ། འཇིག་རྟེན་འདིའི་ཐོག་སུས་ཀྱང་མི་འདོད་པ་ནི་བཙོན་པ་ཡིན་ལ། དེའི་ནང་ནས་ཆབ་སྲིད་བཙོན་པ་ཡིན། ད་དུང་དེའི་ནང་ནས་སུས་ཀྱང་རྨི་ལམ་ཙམ་ཡང་མི་འདོད་པ་ནི་རྒྱའི་མནར་གཅོད་འོག་གི་ཆབ་སྲིད་བཙོན་པ་རེད། ཡིན་ནའང་། ཁོ་བོའི་ཀླད་པའི་སྦུག་ཏུ་མི་འདོད་བཞིན་དུ་རང་བཞིན་གྱིས་སླེབས་འོང་བའི་དྲི་བ་ཞིག་ནི། གོང་གི་རྩོམ་ཡིག་དེའི་ནང་ ༼ ཡང་བོད་མི་གཞན་ཞིག་གིས་ཁོང་བཙོན་དུ་བཞུགས་རིང་བོད་དབྱིན་གཉིས་བྱང་ཆུབ་པ་ཞིག་སྦྱངས་ཡོད་པར་མ་ཟད། ཁོང་གིས་ལོ་འདི་དག་རིང་རི་མོའི་སྒྱུ་རྩལ་གྱི་ཕྱོགས་ལའང་སྦྱོང་པ་མི་དམན་པ་བྱས ༽ ཟེར། མ་གཞི་ནས་ཚ་འདྲི་དང་ཚ་འདེད། མནར་གཅོད་དང་སྡུག་སྦྱོང་། སྡུག་ལས་དང་སྡུག་རྩུབ་ཆེ་མ་ཆུང་གསུམ་མྱོང་དགོས་པའི་རྒྱའི་བཙོན་ཁང་ནང་དུ་དེ་འདྲའི་སྐད་ཡིག་མཐར་ཕྱིན་པ་ཞིག་སྦྱོང་བའི་གོ་སྐབས་ཤིག་ཡོད་དམ། རི་མོ་སོགས་སྒྱུ་རྩལ་ལ་སློབ་པའི་གུ་ཡངས་ཀྱི་ཁོར་ཡུག་ཅིག་ཡོད་དམ།