རྔ་བ་རྒྱལ་ཁམས་པ།
བོད་རྒྱལ་ཁབ་ཀྱི་མངའ་ཐང་དགུང་དུ་དར་སྐབས། ལྷ་ལུང་དཔལ་རྡོར་གྱིས་བཙན་པོ་དར་མ་བཀྲོངས་ཏེ། སྤྱི་ལ་དབང་བའི་རྒྱལ་མཚམས་ཆད་ནས་བོད་སིལ་བུར་འཐོར། དེ་ལ་བོད་ཀྱི་ལོ་རྒྱུས་ཐོག་སྨད་སུལ་ཞེས་འབོད་ཅིང་། ལོ་རྒྱུས་ཀྱི་ནག་ཉེས་དང་ཅུང་གུད་གསོ་རྒྱུ་མེད་པ་ཞིག་ཏུ་གྱུར་ནས། མཐའ་མཇུག་ད་ལྟའི་གནས་སྟངས་འདི་བྱུང་བ་རེད། དེ་ནི་ཆོས་ལུགས་མི་སྣ་དང་། རབ་བྱུང་བཙུན་པས་ཆབ་སྲིད་ནང་ཆ་ཤས་བླངས་པ་ལས་བྱུང་བའི་འབྲས་བུ་རེད།
སོག་པོ་ཆིང་གུར་རྒྱལ་རྒྱུད་ཀྱི་རྒྱབ་དཔུང་ལ་བརྟེན་ནས། ས་སྐྱས་བོད་ལ་དབང་བསྒྱུར་ཐུབ་ཙམ་བྱུང་ནའང་། རབ་བྱུང་དང་ཆོས་བྱེད་མི་སྐྱས་དབང་ཆ་ལོག་པར་སྤྱད་པ་ལ་བརྟེན་ནས་མཐར་ས་སྐྱའི་མངའ་ཐང་ཉམས་པ་རེད། འདི་ལ་ལོ་རྒྱུས་ཐོག་ས་ཕག་ནང་འཁྲུག་ཅེས་འབོད། རྒྱ་མིས་བོད་རྒྱ་ཁུངས་ཡིན་པའི་རྒྱུ་མཚན་གཅིག་ལ་གནད་དོན་འདི་ཨུ་ཚུགས་མཐའ་སྐྱེལ་བྱེད་ཀྱིན་ཡོད་པ་རེད།
རླངས་ལྷ་གཟིགས་ཀྱི་རྒྱུད་པ། དཔའ་མཛངས་གཉིས་ལྡན་གྱི་རྒྱལ་བོ། ཕག་གྲུ་བྱང་ཆུབ་རྒྱལ་མཚན་གྱིས་རྒྱུ་འབྲས་ཀྱི་ཆོས་ཉིད་དང་། དྲང་བདེན་གྱི་གནས་ལུགས་ལ་རྒྱབ་སྔས་ནས། པུར་རྒྱལ་ཆབ་སྲིད་འཛིན་སྐྱོང་གི་ལམ་ལུགས་དེ་ཉིད་ཚུལ་མཐུན་གྱི་ཕྱོགས་སུ་ཁ་དཀྱུས། རྒོད་པོ་སྒང་ཤོར་དང་ངན་པ་འདབ་ཤོར་དུ་མ་བཏང་བར། “རྒན་མོ་གསེར་ཁུར་གྱི་དུས”ཞེས། ཀུན་ཀྱིས་ཡིད་སྨོན་གྱི་ཡུལ་དུ་གྱུར་པའི་སྲིད་ཀྱི་ལམ་ལུགས་སྤུས་དག་ཅིག་ཕྱག་བསྟར་གནང་འདུག་མོད་ཀྱི། ཆོས་ལུགས་མི་སྣས་ཁ་དབང་འཐེན་འཁྱེར་དང་། འབངས་གྱེན་ལོག་བྱུང་སྟེ་སྲིད་དབང་སྡེ་བ་གཙང་བའི་ལག་ཏུ་ཤོར་བ་རེད།
རྒྱལ་བ་ལྔ་བས། སོག་པོ་དང་མན་ཇུ་སྐུ་རྒྱབ་ཏུ་དྲངས་ཏེ། རང་ཉིད་ཀྱི་སྐུ་དབང་དང་དགེ་ལྡན་པའི་ཆོས་བརྒྱུད་ཀྱི་ཆེད། གཙང་སྡེ་སྲིད་ཀྱི་གོ་གནས་དང་ཁ་དབང་ཡོངས་རྫོགས་འཕྲོག་སྟེ། དབུས་གཙང་ནང་འཁྲུག་ཅེས་ཡ་ང་བའི་ལོ་རྒྱུས་ཤིག་བྱུང་བ་རེད། དེའང་ཆོས་ལུགས་མི་སྣ་དང་། བཙུན་པས་ཆབ་སྲིད་ཀྱི་ནང་ཆ་ཤས་བླངས་པ་ལས་བྱུང་བ་ཞིག་རེད། སྲིད་སྐྱོང་སྟག་བྲག་གི་སྐབས། རབ་བྱུང་བས་འབངས་མི་སེར་ལ་ཚད་ལས་བརྒལ་བའི་དཔྱ་ཁྲལ་བླངས། དེའི་རྒྱབ་རྩ་རྭ་སྒྲེང་གིས་བྱས། དེ་རྟག་བྲག་གི་ཐུགས་ལ་མ་བབས་པས། (དཔྱད) བླ་སློབ་ནང་དམེ་བློ་ངོར་མི་ཤོང་པ་ཞིག་བྱུང་སྟེ། བོད་ཀྱི་བརྟན་བརླིང་ལ་ཤུགས་རྐྱེན་ཤིན་ཏུ་ངན་པ་ཐེབས་པ་རེད། འདི་ལ་རྭ་སྟག་དོན་རྐྱེན་ཞེས་འབོད།
༧རྒྱལ་དབང་འདི་བ་མཁྱེན་པ་ནར་སོན་མ་སོན་གྱི་སོ་མཚམས་ཤིག་ཏུ། གནའ་འཁོན་གྱི་སྙིགས་མའི་བག་ཆགས་ཀུན་གཞིའི་གཏིང་རིམ་ན་ཉལ་བའི་སྐྱ་སེར་འགའ་ཞིག་གིས། “རྡོག་རྩ་གཅིག་སྒྲིལ”ཞེས་པའི་ཁ་གཡང་སྙན་མོ་ཞིག་གི་སྐྱིབས་འོག་ནས། ཆུང་ཆུང་མཐའ་དག་ཆེན་པོའི་དབང་འོག་ཏུ་བཙན་གྱིས་འཇུག་པའི་ལས་ཀྱི་སྦྱོར་བ་རབ་དང་རིམ་པ་ཞིག་ལག་བསྟར་བྱས་ཏེ། བོད་ཀྱི་སྤྱི་ཚོགས་ཆུང་ཆུང་འདི་ཚལ་བ་བརྒྱ་རུ་འགྲོ་ངེས་པའི་ལོ་རྒྱུས་ཀྱི་རྨ་ཁ་འཇིགས་སུ་རུང་བ་ཞིག་བཏོད་མྱོང་ནའང་། ༧རྒྱལ་བའི་ཐབས་མཁས་ཐུགས་རྗེ་ཉག་གཅིག་གི་བཀའ་དྲིན་ལ་བརྟེན་ནས། དཀའ་ངལ་དེ་དག་ཕལ་ཆེར་ཞིག་མེད་པར་བཟོ་ཐུབ་པ་བྱུང་ཡོད། འདི་ཚོ་དཔེ་མཚོན་རགས་རིམ་ཙམ་རེ་རེད། ཞིབ་ཚགས་ཤིག་གླེང་བ་ཡིན་ན། ང་ཚོའི་གདེང་འཇོག་དང་དོན་དངོས་གནས་ལུགས་ཀྱི་བར་ཉལ་ན་གཉིད་མི་བྲོ་ཞིང་། བསམས་ན་ཡིད་མ་ཆེས་པའི་ཆོས་ལུགས་མི་སྣས་ཆོས་ཀྱི་གོ་མིང་ལོག་པར་སྤྱད་པའི་ནག་ཉེས་མང་བོ་ཟ་དང་ཟུར་ནས་མཐོང་རྒྱུད་ཡོད་ཀྱང་གླེང་ན་ཕན་ཐོགས་མེད་པས་བཞག་པ་ཡིན།
ད་སྐུ་མཁྱེན། བོད་ཀྱི་ཆབ་སྲིད་འཛིན་སྐྱོང་གི་འཐབ་རྩོད་ཀྱི་ནང་། ཆོས་ལུགས་ལོག་སྤྱོད་པ་དང་། རབ་བྱུང་བཙུན་པ་ཚོས་ཇུས་གཏོགས་མི་གནང་རོགས་གནང་། ཉེ་ཆར་བཀའ་སྤྱིའི་འོས་བསྡུ་དང་འབྲེལ་ནས། སེར་མོ་བ་ཁ་ཅིག་གིས་ཁོང་ཚོ་སྤྱི་འཐུས་ཀྱི་འོས་གཞིར་ལང་རྒྱུ་ཡིན་ཟེར། སྐབས་དེར་ལམ་སང་ངའི་སེམས་ལ། སྟོན་པས “ངའི་བསྟན་པ་གཞན་གྱིས་འཇིག་མི་ནུས། ང་དང་ང་འདྲ་བ་ཞིག་གིས་བཤིག་ངེས།” ཞེས་དང་། “ངའི་བསྟན་པ་འདི་ཕྱི་རོལ་གྱི་ལྷ་དང་བཅས་པ་བདུད་དང་བཅས་པ་སུ་གང་གིས་ཀྱང་གཞིག་མི་ནུས་མོད། ངའི་རྗེས་འཇུག་གི་གཟུགས་བརྙན་འཆང་བ་འགའ་ཞིག་གིས་བསྟན་པ་བསྣུབ་པར་འགྱུར་ནུས” ཞེས་དང་། “སེང་གེ་ཤི་བ་སྲོག་ཆགས་སུས་ཀྱང་ཟ་བར་མི་ནུས་པར་ལུས་ནང་གི་འབུས་བཟའ་བ་བཞིན་སངས་རྒྱས་ཀྱི་བསྟན་པ་ནི་ཕྱི་རོལ་པ་སོགས་ཀྱིས་འཇིག་པར་མི་ནུས་པར་ནང་གི་རབ་བྱུང་ཚོས་སྡོམ་པ་མ་བསྲུངས་པར་སྤྱོད་པ་རྩིང་བོ་སྣ་ཚོགས་བྱས་ནས་འཇིག་རྒྱུ་ཡིན་པར་” གསུངས་པའི་གནས་ཚུལ་རྣམས་སེམས་ངོར་ཝ་ལེར་ཤར་ཞིང་། ཡིད་ལ་སྐྱོ་སྣང་དང་འཇིགས་སྐྲག་ཚད་མེད་པ་རེའང་ངང་གིས་སྐྱེས། ད་ཚོད་ཅིག་མ་བཟུང་ན། གཞན་སུའང་མི་དགོས་ང་ཚོས་ང་ཚོ་རང་ཉིད་རྩ་མེད་དུ་གཏོང་རྒྱུ་ཡིན་པར་སོམ་ཉི་བྱེད་མ་དགོས་པ་ཞིག་རེད།
རང་ངོས་ནས་བཏང་སྙོམས་ཙམ་ལས་གཞན་སུའང་ཆེད་གཉེར་སྐྱོན་མཚང་སྔོག་འདོན་གྱི་ཀུན་སློང་གཞར་ཡང་མེད་ཀྱང་། སྐབས་ལ་ལར་བོད་ཀྱི་ལས་དབང་ལ་བསམ་བློ་རེ་གཏོང་དུས། ཁ་ནས་ཚིག་འདི་དག་མི་བཤད་ཁ་མེད་དུ་གྱུར། ང་ཚོས་མདོ་སྔགས་ཀྱི་ཆོས་ཚིག་ཡར་མར་བསྲེས་ནས་རང་སེམས་གསོ་ཐབས་དང་། རང་འདོད་སྒྲུབ་ཐབས་ཀྱི་ཀུན་སྤྱོད་དང་། ལམ་ཁ་རེ་བཟོས་པ་མ་གཏོགས། དོན་དངོས་མ་ནི། རྒྱལ་སྲས་གཞོན་ནུ་དོན་གྲུབ་ཀྱིས་རྒྱལ་སྲིད་མངའ་ཐང་ཚང་མ་བློས་བཏང་སྟེ། འཁོར་བ་ཞེས་པ་འདིར་རྒྱབ་ཀྱིས་ཕྱོགས་པ་ནས། འཁོར་འདས་གཉིས་སམ། ཆོས་འཇིག་གཉིས་ཀྱི་ལམ་ཁ་སོ་སོར་འབྱེད་པའི་ཚད་ཐིག་ངོ་མ་དེ་འཕངས་འདུག་བསམས། རྣམ་ཐར་དེ་ནི་ཆོས་བྱེད་སྤྱི་དང་ཁྱད་པར་སྟོན་པའི་རྗེས་འཇུག་ཏུ་ཁས་འཆེ་བའི་རབ་བྱུང་དག་གིས་ངེས་པར་སེམས་ནས་དྲན་དགོས་པ་ཞིག་རེད་སྙམ།
ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་འཛམ་གླིང་ཤར་ནུབ་ཀྱི་རྒྱལ་ཁབ་མང་བོའི་ནང་བྱུང་མྱོང་ནའང་། ལམ་ལུགས་དེས་ཁུངས་མ་འཁྱོལ་བར་ད་ལྟ་འཛམ་བུ་གླིང་གི་རྒྱལ་ཁབ་ཕལ་ཆེར་ཆོས་སྲིད་འཛིན་སྐྱོང་སོ་སོའི་ལས་ལ་འཇུག་བཞིན་ཡོད།
འཇིག་རྟེན་པ་ཞིག་གི་ངོས་ནས་བལྟས་ན། གྲྭ་ཆས་གྱོན་པའི་བཙུན་པ་ཞིག་ཆབ་སྲིད་གྲོས་ཚོགས་ཀྱི་ར་བའི་ནང་། རང་ཉིད་ཀྱི་གནས་སྟངས་རྦད་དེ་བརྗེད་ནས། ཉོན་མོངས་རགས་པའི་རྣམ་འགྱུར་མི་སྡུག་པ་ཕྱི་ལ་སྟོན་ཡོང་སྐབས་མཐོང་སྣང་གཏན་ནས་མི་དགེ་བ་ཞིག་རེད། ༧རྒྱལ་བས་སྲིད་དབང་མི་རབས་གསར་བར་བསྩལ་པ་དང་། བླ་བྲང་སྒེར་བདག་ཅན་གྱི་བླ་མ་སྤྱི་སེམས་ཅན་ཚོས་བླ་བྲང་སྤྱི་ཕན་ཐེབས་རྩ་ལྟ་བུའི་རྣམ་པར་བསྒྱུར་དང་སྒྱུར་བཞིན་པ་དེ་ཚོ ཆོས་སྲིད་སོ་སོ་དང་། རབ་བྱུང་རྣམས་འཇིག་རྟེན་འཁོར་བའི་ཆབ་སྲིད་ཀྱི་ནང་འཇུག་མི་རིགས་ཤིང་མི་རུང་བའི་ཞལ་ཏ་ཞིག་དངོས་ཤུགས་བརྒྱུད་གསུམ་ནས་གནང་བཞིན་ཡོད་པ་རེད་བསམ།
རབ་བྱུང་ངུར་སྨྲིག་གི་སྡེའི་ཁུར་དུ་འཁྲི་བ་ནི། ཚུལ་ཁྲིམས་རྣམ་པར་དག་པ་གཞིར་བྱས། ཀློག་པ་ཐོས་བསམ་དང་། སྤོངས་པ་བསམ་གཏན་གྱི་འཁོར་ལོར་རྟག་ཏུ་གཞོལ་བ་ནས། ཟབ་པ་དང་རྒྱ་ཆེ་བའི་ཆོས་ཚུལ་ལས་བརྩམས་པའི་ཆོས་ཀྱི་བགྲོ་གླེང་། དགག་བཞག་སྤོངས་གསུམ་གྱི་ངར་དང་ལྡན་པ། ཆོས་ཀྱི་འདུ་ར་ཆེན་པོ་དག་གི་དབུས་སུ་གནང་ཐུབ་པ་ཡིན་ན། ཚེ་འདི་ཕྱི་བོད་དོན་དང་བཅས་པ་དེའི་ནང་ན་ཤུགས་ཀྱིས་འདུ་བ་རེད་བསམ། ཆོས་པ་ཆོས་པའི་ལམ་དུ་འགྲོ། ཁྱིམ་པ་ཁྱིམ་པའི་ལམ་དུ་འགྲོ། ཆོས་སྲིད་གཉིས་མ་འདྲེས་པར་སོ་སོར་འཛིན་སྐྱོང་བྱེད། དེ་ལྟར་བྱས་ན། ཆོས་སྲིད་རང་རང་གི་ཚུགས་ཀ་བརྟན་ཅིང་། ཆོས་སྲིད་རང་རང་གི་དཔལ་ཡོན་དང་དགེ་མཚན་གྱི་འོད་སྟོང་གཞི་ནས་འཚེར་ཐུབ།
མདོར་ན། རེ་འབོད་ཞུ་རྒྱུ་ཞིག་ལ། རབ་བྱུང་སེར་གཟུགས་ཅན་སྲིད་སྟེགས་སུ་རྔམ་མཁན་ཚོར། འོས་ཤོག་གཏན་ནས་མ་འཕེན་རོགས། ཆོས་ལུགས་མཁྲེགས་འཛིན་ཅན་དང་། རབ་བྱུང་བཙུན་པ་ཚོས་ཆབ་སྲིད་བཟུང་ན། ཡོང་རྒྱུ་ནང་འཁྲུག་དང་། ཐོབ་རྒྱུ་གོད་ཆག་ལས་མེད་པ། ད་ལྟའི་གནས་བབ་དང་། འདས་པའི་ལོ་རྒྱུས་ཀྱིས་གསལ་བཤད་བྱས་ཡོད།
རྒན་ལགས་ཀྱིས་གསུངས་པ་དེ་བདེན་པ་རང་རེད། གུས་པས་
དེར་རྒྱབ་སྐྱོར་བྱེད་ཀྱི་ཡོད།
བུ་རབས་ངོ་མ་རེད་ང
རྒྱབ་སྐྱོར་ཡོད་།
ཆོས་ལུགས་སྤྱི་འཐུས་ཟེར་ན་གང་རེད་།
དང་པོ་འགོ་འཛུགས་དུས་ནོར་བ་
མིན་འགྲོ་།
ད་སྤྱི་འཐུས་གྲོས་ཚོགས་ལ་མི་
མང་ཞེན་པ་ལོག་གདུག་།
ཆོལ་ཁ་དང་ལུང་ཚན་གྱི་མི་
ཚང་།་སྤྱི་འཐུས་ནང་ཡོད་རེ་།
འདི་ལོ་མི་མང་པོ་ནས་འོས་འཕེན་འདོད་མི་འདུག་།
མི་མང་གི་འདམས་པའི་མི་ནམ་ཡང་སྤྱི་འཐུས་ལ་སླེབས་མི་ཐུབ་
པ་ནས་རེད་།
རྔ་བ་རྒྱལ་ཁམས་པས་ཡག་པོ་གསུངས་འདུག རྒྱབ་སྐྱོར་ཡོད། དྲང་མོར་བཤད་ན་བོད་ཕུང་ལ་སྦྱོར་མཁན་འདུལ་བ་འཛིན་པ་ཁ་ཅིག་ཡོད་པ་རེད། །
དང་པོ་བསམ་རྒྱུ་ཆོས་ལས་མེད་པ་ལ། །མཐའ་མ་གྲུབ་འབྲས་འཁོར་བ་ངན་སོང་རྒྱུ། ་་་་རབ་བྱུང་དང་ཆོས་བྱེད་པོ་རྣམས་ལ་གསུངས་བ་ལུས་ཡིན། རབ་བྱུང་བའི་སྲིད་ལ་ཇུས་གཏོགས་གནང་བ་ནི་ཡ་ང་ཡང་རེད། ག་ལེར་་་ISIS མ་ཆགས་པའི་ངེས་པ་མེད།
དངོས་མ་རེད། མི་རེ་ངོ་རེ་ནས་ལས་འགན་དེར་བསམ་ཞིབས་བྱས་ཡ་གལ་ཆེན་རེད། ཁོང་གིས་གསུངས་པ་བཞིན་ང་ཚོའི་ཆོས་ལུགས་གང་འདྲ་ཞིག་ལ་ཡང་རང་གི་དད་མོས་ཡོད་མེད་གང་ལྟར་ཡང་སེམས་གཏིང་ནས་གུས་བཀུར་ཞུ་རྒྱུ་ལས་ཆོས་མིང་ཅན་གྱི་རེ་ཟུང་གི་ཡ་མ་གླའི་ཆབ་སྲིད་ཁྲབ་པ་ལ་ང་ཚོས་ནམ་ངོས་ལན་དང་གུས་བཀུར་བྱེད་མི་ཉན་ལ།ནམ་ཡང་ང་ཚོས་ཁོང་ཚོ་སྤྱི་ཚོགས་ནས་མཐར་སྤྲོད་གཏོང་དགོས། དེས་ང་ཚོས་ཆོས་ལུགས་ཀྱི་གཞི་རྩར་ཁེ་ཕན་དང་ཡུན་གནས་རྒྱུན་འཆང་བྱས་ཡ་ལ་ཆེས་ཤིན་ཏུ་གལ་ཕན་རླབས་ཅན་ཞིག་མཐོང་ངོ་།།
ཧ་ཧ་ཧ། གླང་དེར་ཟེར་བ་དེས་བསྟན་པའི་མེ་རོ་སྨད་ཕྱོགས་ནས་གསོ་དགོས་བ་ཞིག་ལ་གཏུགས་ཡོད། དེ་ལ་དགེ་མཚན་ཞིག་ཡོད་ན་ནི་སྐྱིད་པ་ལ། ཡི་གེ་ཡོད་ཚད་མེ་ཆུ་ལ་བཏབ་ནས་གཞུང་བརྡ་སྤྲོད་ཆ་ཚང་བ་ཙམ་ཡང་སྟོན་རྒྱུ་མེད་པར་བཞག་པ་ལ་དགེ་མཚན་ཞིག་ཡོད་ན་སྐྱིད་པ་ལ།
འཇིག་རྟེན་སྤྱི་ལ་དཔྱད་ན་ཡང་། གོ་ལ་ཧྲིལ་བོ་འདི། ཁིར་བྱོན་དང་ཨེ་སུ་ལམ། རྗེའུ་སོགས་ཆོས་ལུགས་ཀྱིས་དམ་དུ་བཅང་བའི་ཚོགས་པ་ཆེ་ཆུང་གི་མངའ་དབང་ན་སྐྱངས་བཞིན་ཡོད་པ་མ་ཤེས་ན། ད་ཆོས་ལུགས་དང་དེའི་སྟོབས་ཤུགས་ལ་རྒྱུས་ང་མིག་མཐོང་ཅི་ཡང་མེད་པའི་སྐད་ཆ་ལས། མགོ་སྐེ་མཐོ་ཞིག་བྱས་ནས་སྐད་ཆ་བཤད་འདོད་ལ་ངོ་ཚ་དགོས་བ་ཞིག་ཅི་ལ་མིན།
སྔར་ཡིན་ན་ང་ཚོས་རྡོག་རྩ་མ་བྱས་བ་དང་ཚོགས་པ་སྤྱི་སྡུག་གི་སྡུག་མགོ་མཉམ་འཁུར་དང་ཐེས་ཇུས་མཉམ་ལེན་མ་བྱས་བ་ལས་བྱུང་བའི་གནད་དེ་ཤེས་ན། ད་སྐབས་ཀྱི་ང་ཚོའི་བོད་མིའི་སྤྱི་སྡུག་གི་བཀའ་གྲོས་བྱེད་ས་ན། ཚོགས་ཁག་སོ་སོ་ནས་དཔུང་བ་མཉམ་རུབ་གྱི་ཆ་ལེན་པའི་ཆེད་དུ་དགོས་བ་ཡོལ་མི་ཐུབ་པ་ཞིག་ཡིན།
ཆོས་དང་སྲིད་ཁ་ཁ་སོ་སོ་ལ་ནམ་ཡང་ཡོད་མྱོང་མེད། (དཀོན་མཆོག་གིས་ཨ་རི་སྲུང་།God bless America.) ལྟ་བུ་ལ་མིག་བལྟ་བྱས་དང་། སྟོབས་ཆེན་རྒྱལ་ཁབ་རེད།
ཁ་ནང་ལ་འཁོར་ནས། སྟོབས་ཤུག་གཅིག་ལ་རིལ་དུ་སླེབ་ན། དེ་ལ་བགའ་བསུ་ཞུ་དགོས་བ་རེད། རྡོག་རྩ་ཟེར་བ་དེ་རེད། དབྱེ་དབྱེད་མེད་པ་ཟེར་ན་དེ་རེད། སྟོབས་ཤུག་ཟེར་ན་དེ་རེད།
ནག་ཉེས་མེད་སར་ནག་ཉེས་གཡོག་ནས་མཐུན་ལམ་གཏོར་ན་བོད་སེམས་མེད་པའི་ཀི་ཅོ་ཡིན་པ་ཤེས་དགོས།
མི་སེམས་འདུལ་དགོས་ན་ཆོས་ལུགས་ལས། རྒྱུ་མཚན་གནས་ལུགས་ཀྱིས་མཐར་བསྐྱལ་བྱེད་མི་ཐུབ། དཔེར་ན། རྒྱུ་མཚན་ཕ་སད་བུ་ལ་ཡང་བཤད་རྒྱུ་ཡོད་པ་བཞིན་རེད།
ཤེས་རིགསདང་ནུས་དཔག་ཆ་ཚང་ཡོད་པའི་བོད་མི་ཞིག་ཡིན་ན། གྲྭ་སྡོམ་ཡོད་མེད་དང་། བླ་སྤྲུལ་ཡིན་མིན། གྲྭ་ལོག་ཡིན་མིན། མྱི་ནག་ཡིན་མིན་ལ་དབྱེ་མེད་ཀྱིས། བོད་ཀྱི་མདུན་སྣེ་ལ་ཐོན་དགོས། ཡིན་ན་ཡང་། ཤེས་རིགས་དང་ནུས་དཔག་མེད་པ་ཞིག་གིས་དང་བླངས་ཀྱི་མི་ཚད་ཡང་བླངས་བྱས་ན་ཡང་། སྙིང་རྗེ་ཁྱེད་རང་སེམས་ཤུག་ཆེན་པོ་རེད་ཟེར་ནས་གཡུག་ཡ་ལས་བསྟན་སྲིད་ལ་མི་ཕན་པ་ཤེས་དགོས།
ཆོས་ལུགས་མ་བཀོལ་བའི་རྒྱལ་ཁབ་གཅིག་ང་ཚོའི་དགྲ་བོ་དགྱ་རྒན་ཚང་རེད། མདའ་མདུང་བེད་སྤྱད་ནས་མི་གསོད་རྟ་གསོད་བྱས་བའི་གྲངས་ཁ་ཁྱོ་ཚོ་ལ་གསལ་ཡོད་རྒྱུ་རེད།
བོད་རྒྱ་ཚིག་མཛོད་ཆེན་མོ་ལས། རབ་བྱུང་བདུན་པའི་སྐབས་སུ་ཕག་གྲུ་སྡེ་སྲིད་དབང་གྲགས་པ་རྒྱལ་མཚན་གྱིས་ནམ་མཁའ་རྒྱལ་མཚན་གཞིས་ཀ་རིན་སྤུངས་ཀྱི་རྫོང་དཔོན་དང༌། ས་སྐྱའི་དཔོན་ཆེན། ཆུ་མིག་གི་ཁྲི་དཔོན་བཅས་སུ་བསྐོས། རབ་བྱུང་བརྒྱད་པའི་ས་སྤྲུལ་ལོར་རིན་སྤུངས་ཀུན་བཟང་པས་ས་སྐྱ་པ་སངས་རྒྱས་འཕེལ་དང་གོ་རམ་བསོད་ནམས་སེང་གེ་དང་མཆོད་ཡོན་དུ་འབྲེལ་ཏེ་འབྲས་ཡུལ་སྐྱེད་མོས་ཚལ་གྱི་བཤད་གྲྭ་བཙུགས་ཤིང༌། ས་ཁྱི་ལོར་རྟ་ནག་ཐུབ་བསྟན་རྣམ་རྒྱལ་གྱི་དགོན་པ་འདེབས་པའི་མཐུན་རྐྱེན་མཛད། དེའི་སྲས་དོན་ཡོད་རྡོ་རྗེས་ལྕགས་གླང་ལོར་སྐྱིད་ཤོད་ཕྱོགས་སུ་དཔུང་འཇུག་དང་སྣེའུ་གདོང་རྩིས་ལེན་སོགས་བྱས། ཞྭ་དམར་ཆོས་གྲགས་པ་དང་བཀའ་བགྲོས་ནས་ལྕགས་ཁྱི་ལོར་ཡངས་པ་ཅན་གྱི་གཙུག་ལག་ཁང་སྡེ་དང་བཅས་པ་འཛུགས་པའི་མཐུན་རྐྱེན་མཛད། རབ་བྱུང་དགུ་པའི་ཤིང་གླང་ལོར་སྡེ་པ་ཞིང་ཤག་པ་ཚེ་བརྟན་རྡོ་རྗེས་གྱེན་ལོག་བྱས་པས་རིན་སྤུངས་པའི་སྲིད་དབང་ཤོར། ཞེས་པ་དེ་ཚང་མི་འདུག་གཱ།
རྔ་རྒྱལ་ལགས་ཀྱིས་དཔྱད་གླེང་ལ་གཞི་རྩ་དེ་ཙམ་མི་འདུག། དཔེར་ན། རྭ་སྟག་གི་དོན་རྐྱེན་སྐོར་གྱི་གནས་སྡུས་དེ་དག་གོ་ལོག་གི་བཤད་འདུག། བོད་ཀྱི་སེར་མོ་བའི་སྡེར་གྱིས་ཆབ་སྲིད་འཛིན་ནས་མནའ་དེང་བར་དུ་བོད་འདིར་ནང་དམེ་ཡི་གཞི་རྩ་རུ་སོང་བསྡད་པ་ཡིན་ཚེ། བོད་པའི་ཆབ་སྲིད་ཀྱི་འགོ་གཙོ་ནང་ནས་ཡང་གཙོ་བ། གོང་ས་14 པ་ཆེ་པོ་མཆོག་དང་ཟམ་གདོང་རིན་པོ་ཆེ་རྣམ་གཉིས་ལས་ལྷག་ཅིག་ཆབ་སྲིད་ཀྱི་དབང་ཆ་ཆེ་བ་ཡོད་པའི་སེར་མོ་བ་ཞིག་དེང་སྐབས་ངེད་ཚོའི་མིག་མདུན་དུ་བྱུང་མྱོང་མེད་པས་ཁོང་རྣམ་པ་གཉིས་ཡང་ཆབསྲིད་ལོག་སྤྱོད་པ་ཡིན་དགོས་རྒྱུ་རེད། དེ་བཞིན་ཁོང་རྣམ་པ་གཉིས་ཀྱི་ཆབ་སྲིད་ཀྱི་དབང་ཚོད་དང་ནུས་པ་ཡང་དུས་ད་ལྟ་ཡང་གྲལ་མ་ཉམས་གྲུ་མ་ཞིབ་པར་ང་ཚོའི་སྤྱི་ཚོགས་འདི་ན་གནས་མུར་ཡིན་པས་དེ་དག་ལ་ཡང་བཅོས་སྒྱུར་ཞིག་དགོས་ཀྱི་ཡོད་པ་ཡིན་ནམ། འདི་ཚོ་ནི་སེར་མོ་བའི་ཆབ་སྲིད་ཀྱི་གཞི་རྩ་ཡོད་ན་མེད་ན་དག་དག་རེད། དེ་མིན་གྲོས་ཚོགས་སུ་སེར་མོ་བ་ཕེབས་རྒྱུ་ནི་བཅའ་ཁྲིམས་ཀྱི་དགོངས་དོན་གཞི་རྩའི་ཐོག་ནས་མི་མང་གི་འདོད་པ་དང་རང་དབང་གིས་འདེམས་ཀྱི་ཡོད་པས། དེར་མི་རེ་འགས་འགྲིག་དང་མི་འགྲིག་གི་སྐད་ཆར་ནུས་པ་མེད་པ་ཤེས་དགོས་སོ།
ཆོས་སྲིད་ཟུང་འབྲེལ་གྱི་སྟག་བཞག་ནས་ཁྱི་བརྡུངས་སྟངས་འདི་དག་དོན་སྙིང་ཆེན་པོ་ཅང་འབྱུང་མི་སྲིད།
བླ་སྤྲུལ་དགེ་བཤེས་རྣམས་འོས་གཞི་ནང་མི་ཞུགས་པར་སྨོན།
བདེན་པ་འདུག་ལ་་་་་རྒྱབ་སྐྱོར་ཡོད།
བདག་གིས་ཀྱང་བསམ་ཤེས་པ་ནས་ཆོས་པས་སྲིད་ལ་ཐེ་ཏོག་བྱས་དང་བྱེད་མུས་ལ་དག་སྣང་མ་བྱུང་ལ། དེ་དག་ལ་དུས་ཀུན་ཏུ་རང་གི་ཉེ་རིང་ཆགས་སྡང་ལས་ཁྱིམ་པ་སུན་བྱིན་གྱི་ལས་གསག་ཡོང་ཅེས་ཁ་ཏ་བྱས་མྱོང་། འོན་ཀྱང་བོད་ཀྱི་གནས་སྟངས་ཛ་དྲག་གི་སྐབས། བཤེས་གཉེན་ཆེན་མོའི་བཀའ་ཟློག་མ་ནུས་པར་བླ་གྲྭ་ཚོས་སྲིད་ལ་ཐེ་ཏོག་མཛད་དགོས་ཐུག་ཡོད། སྐབས་དེ་ཤེད་ལ་དམིགས་གསལ་ཡིན་སྙམ། དེང་མི་ནག་ནང་ཆོས་སྲིད་ལ་མཁྱེན་རྒྱ་ཡངས་པ་ཇེ་མང་འཕེལ་བཞིན་པའི་སྐབས་འདིར། བླ་གྲྭས་སྲིད་ལ་འཚང་ཡོང་བ་འདི། རྟ་ལམ་བོང་བུས་བཀག་པ་ལས་གཞན་ཅང་མ་མཐོང་ལ། བླ་གྲྭ་སྲིད་སྟེགས་རྩོད་མཁན་དག་ལས་ཤས་ཆེ་བ་གདན་ས་གྲྭ་ཚང་སོ་སོའི་གཞུང་བཀའ་པོད་ལྔ་མཐར་མ་འཁྱོང་བ་ཡིན།
བོད་བསིལ་བུར་ཐོར་བ་དེ། དར་མ་བསྒྲལ་ནས་མ་ཡིན་པར། ཆོས་རྒྱལ་ཁྲི་རལ་བཀྲོངས་ནས་ཆགས་པ་རེད།
དར་མའི་རྗེས་ལ། ༸ས་སྐྱའི་ཆོས་དཔོན་དང་། ༸རྒྱལ་དབང་ལྔ་པ་དང་། ༸རྒྱལ་མཆོག་བཅུ་བཞི་པ་ལས་ལྷག་པའི་མི་སྐྱ་ཅིག་གིས་ཀྱང་། མ་འཇོན་པ་འདིས། ཁྱེད་ཀྱི་ཆེད་རྩོམ་དང་རྒྱལ་འགལ་ཏག་ཏག་ཆགས་མི་འདུག་གམ། ལགས།
རྔ་བ་རྒྱལ་ཁམས་པས་དཔེ་ཡག་པོ་གསུངས་འདུག་ང་ཚོའི་རྒྱལ་ཁབ་དེ་ཐོར་ཤིག་དུ་འགྲོ་བ་དེ་ཡང་ཆོས་སྲིད་ཉམས་སེས་བྱས་པ་ལས་བྱུང་བ་ཡོངས་གྲགས་རེད་པ།།
རང་རེའི་སྤྱི་ཚོགས་ནང་སྔ་གཞུག་ཏུ་གནས་ཚུལ་སྡུག་པོ་ཁ་ཤས་བྱུང་བའི་རྒྱུ་མཚན་གྱིས་ཆོས་བརྒྱུད་སྤྱི་འཐུས་མི་དགོས་ཟེར་ན་སྡོམ་རྒྱག་རྒྱུ་སྔ་མ་དྲགས་སམ། ཆོས་པས་སྲིད་སྐྱོང་བའི་བོད་ཀྱི་ལོ་རྒྱུས་ནའང་སྐྱོ་གར་ཇི་སྙེད་ཅིག་བྱུང་ཡོད་ནའང་། ཕན་འབྲས་མེད་པའང་མ་རེད། ཆོས་པ་ལ་བཟང་ངན་ཡོད་པ་བཞིན་ཁྱིམ་པ་ལའང་བཟང་ངན་ཡོད་རེད།
ལྷ་ལུང་དཔལ་རྡོར་གྱིས་བཙན་པོ་དར་མ་བཀྲོངས་པ་མ་རེད་ཟེར། དེ་དུས་ལྷ་ལུང་དཔལ་རྡོར་དགུང་ལོ་བདུན་བཅུ་དོན་དགུ་ཡིན་པས་བཙན་པོ་དར་མ་་བཀྲོངས་ཐུབ་ཡས་ཡོ་མ་རེད་ ་ཟེར།
ངོ་མ་བཤད་ན། སངས་རྒྱས་ཆོས་ལུགས་ཆབ་སྲིད་སྐྱོང་བྱེད་ཀྱི་ཤེས་རིག་ཅིག་མ་རེད། དེ་ཆབ་སྲིད་ལ་རྒྱབ་ཀྱིས་ཕྱོགས་པའི་ཤེས་རིག་ཅིག་ཡིན་པ་མ་ཟད། སྲིད་པ་འཁོར་བ་དང་ཞི་བ་ཕྱོགས་རེ་བའི་མྱང་འདས་ཀྱང་དོར་བྱར་འཛིན་པའི་ཆོས་ལུགས་ཤིག་རེད། འདིས་གནས་ལུགས་ངོ་མ་ཞིག་གསུང་གི་ཡོད་པ་རེད། ཆོས་ལུགས་འདིས་ཚེ་འདི་ཕྱི་གཉིས་ལས་ཕྱི་མ་དང་། ཐར་བ་དང་ཐམས་ཅད་མཁྱེན་པ་གཉིས་ལས་ཐམས་ཅད་མཁྱེན་པ་གཙོ་བོར་འཛིན་བཞིན་ཡོད་པ་རེད། ཆོས་ལུགས་འདིས་ཕྱི་སྣོད་ཀྱི་འཇིག་རྟེན་དང་ནང་བཅུད་ཀྱི་སེམས་ཅན་གཉིས་ལས། ནང་བཅུད་ཀྱི་སེམས་ཅན་གཙོ་བོར་འཛིན་གྱི་ཡོད་པ་རེད། ཆོས་པ་སྤྱི་དང་ཁྱད་པར་རབ་བྱུང་བས་ཆབ་སྲིད་འཛིན་སྐྱོང་བྱས་ན་འགྲིགས་མི་འགྲིགས་དམ་པའི་ཆོས་འདུལ་བ་ལ་གཏུགས་ན་གསལ་བོ་ཆགས་ཡོང་གི་རེད། བདག་མེད་པ་དང་འཁོར་སྡུག་བསྔལ་གྱི་རང་བཞིན་ལྟ་བའི་ཆོས་ཤིག་གིས་ཆབ་སྲིད་སྐྱོང་བ་དང་། བདག་ཡོད་པ་དང་འཁོར་བ་དཀོན་མཆོག་གི་གཟི་བརྗིད་དུ་ལྟ་བའི་ཆོས་ལུགས་ཤིག་གི་ཆབ་སྲིད་ནང་ཤུགས་རྐྱེན་ཐེབ་སྟངས་རྦད་དེ་མི་འདྲ་བ་རེད། དེ་ཚོ་གསལ་བོ་གནང་ནས་ཧ་གོ་དགོས་པ་རེད། ཁྱེད་རྣམ་པས་དགོངས་འཆར་གནང་བར་ཐུགས་རྗེ་ཆེ་ཞུ།
འཁོར་སྡུག་བསྔལ་ཞེས་པ། འཁོར་བ་སྡུག་བསྔལ་ཞེས་དང་། ཤུགས་རྐྱེན་ཐེབ་ཅེས་པ་ཤུགས་རྐྱེན་ཐེབས་ཞེས་པར་འཆོས་རོགས་ཞུ།
དངོས་གནས་བཤད་ན། རང་ཁ་རང་གསོ། རྡོག་རྩ་གཅིག་སྒྲིལ། གསར་གཏོད་དེ་བློ་སེང་གི་རྩ་བའི་དམ་བཅའ་གསུམ་པོ་ནི། བོད་མིའི་ཐོབ་ཤོར་རྩོད་པའི་ལམ་ཕྱོགས་ཀྱི་རྩ་བའི་རྨང་གཞི་རྨད་དུ་བྱུང་བ་ཞིག་རེད་འདོད། རང་ཁ་རང་སོས་ཀྱིས་དཔལ་འབྱོར་གྱི་བྲན་ལས་གྲོལ་ཐུབ་པ་དང་། གཅིག་སྒྲིལ་གྱིས་འཐབ་ཕྱོགས་གཅིག་གྱུར་གྱི་ནུས་པ་ཆེ་ཞིང་། ཆོལ་གསུམ་གྱི་གོང་བུ་གཅིག་ཏུ་བསྒྲིལ་བ། གསར་གཏོད་ཀྱིས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ནང་། ཡུལ་དུས་གནས་སྐབས་ལ་དཔགས་པའི་བྱ་བཞག་སྣ་ཚོགས་གསར་དུ་བསྐྲུན་ཏེ། སྒྲིག་འཛུགས་དེ་བཞིན་འཆར་གཞི་མོད་པ། ནུས་སྟོབས་ཆེ་བ། དམིགས་འབེན་མ་ནོར་བ། ཕུགས་ཕན་ཆེ་བ་སོགས། གནས་སྐབས་དང་མཐར་ཐུག་གི་དགེ་མཚན་ཆེན་པོ་ལྡན། འོན་ཀྱང་། ཆེས་སྟབས་མ་ལེགས་པ་ཞིག་ནི། ཁོང་སྲིད་སྐྱོང་དུ་ཕེབས་པ་ནས། བཀའ་ཤག་གོང་མའི་སྐབས་ཀྱི་དཔལ་འབྱོར་གྱི་ལྷུང་འབབ་དང་། ནོར་འཁྲུལ་ཅན་གྱི་སྲིད་ཇུས། གཞན་བསྟུན་ལམ་ལུགས་ཀྱི་འགོག་རྐྱེན་སྣ་ཚོགས་ཤིག་ལ་བརྟེན་ནས། རང་ཉིད་ཀྱི་དམིགས་ཡུལ་ངོ་མའི་སྟེང་གོམ་པ་རྒྱག་རྒྱུའི་གོ་སྐབས་བྱུང་མེད། གལ་སྲིད་ཁོང་ཐེངས་གཞུག་མའི་སྲིད་སྐྱོང་དུ་བསྐྱར་འདེམས་ཤིག་བྱུང་བ་ཡིན་ནའང་། ཆོས་ལུགས་མི་སྣའི་བཀོད་བྱུས་ཀྱི་འོག་མུ་མཐུད་གནས་དགོས་བྱུང་ཚེ། ལོ་ལྔ་བོ་དེའང་བསྐྱར་ཟློས་བྱེད་རྒྱུ་ཡིན་པ་ཚོད་དཔག་བྱེད་ཐུབ་པ་ཞིག་རེད།
བློ་སེང་གིས་རང་ཁ་རང་གསོ་ནི་རྒྱལ་ཁབ་མང་བོར་དངུལ་སློང་བ་དེ་རེད། དངོས་གནས་བྱས་ན་འདི་ནི་ཤིན་ཏུ་ནས་དགོད་བྲོ་བ་ཞིག་རེད། རང་ཁ་རང་གསོ་ནི་སློང་མོ་ལ་བརྟེན་རྒྱུ་ཞིག་མ་ལགས། རང་ཁ་རང་གསོ་ཟེར་བ་དེ་གཞན་ལ་སློང་མ་དགོས་པར་རང་གི་ནུས་པ་དང་ཐབས་ཤེས་ལ་བརྟེན་ནས་དཔལ་འབྱོར་བསྐྲུན་པ་དེ་རེད། །
སངས་རྒྱས་པའི་སྤྱི་འཐུས་གྲོས་ཚོགས་ནང་ལ་གྲྭ་བ་བླ་མ་ཡོང་མི་ཆོག་ཟེར་ན་ཅི་ལབ་པ་རེད་དམ། ། དཔེར་ན་ཤི་རི་ལངྐ་དང་འབར་མ་དང་ཐཱཡི་ལནཊི་དང་ཁམ་སྦོ་ཊི་ཡ་དང་རྒྱ་ནག་དང་བཅས་པའི་སྤྱི་འཐུས་གྲོས་ཚོགས་ནང་ལ་ལྟོས་དང་གྲྭ་བ་ག་ཚོད་མི་འདུག་གམ། ད་དུང་རྒྱ་གར་གྱི་སྤྱི་འཐུས་གྲོས་ཚོགས་ནང་ལའང་གཅིག་ལྟོས་དང་ཁྱེད་ཚང་གི་སཱརྡུ་སྦ་སྦ་ག་ཚོད་མི་འདུག་གམ ། །
སུ་ལའང་མེད་པའི་སྤྱི་འཐུས་གྲོས་ཚོགས་ཁང་དུ་སྐུ་འདྲ་ཁ་ཤས་ཅིག་ཀྱང་བཤམས་འདུག སྐུ་འདྲ་དེ་ཚོ་ལ་ཆབ་སྲིད་ཀྱི་བྱུས་གཏོགས་སྤྲོད་མཁན་སུ་ཡི་ནམ་ལགས། ཡང་ན་སྐུ་འདྲ་བཤམས་རྒྱུ་མེད་ན་གྲོས་ཚོགས་རྩ་བ་ཉིད་ནས་འཚོགས་མི་ཐུབ་པ་ཡིན་ནམ། །
#22 ཀརྡོ་གཉེར་ཕྱག་པ་ ་ལགས་ཀྱིས་སྤེལ་དོན།:
August 29th, 2015 at 6:57 am
ལྷ་ལུང་དཔལ་རྡོར་གྱིས། དར་མ་བཀྲོང་དུས་ལྷ་ལུང་དགུང་ལོ་རེ་གཅིག་ཡིན་པ་དང་། མཐར་ཁོང་རང་ཉིད་གྲོང་དུས་དགུང་ལོ་བརྒྱད་བཅུ་སླེབས་ཡོད་པ་དེ་གཉིས་ཁང་དཀར་གྱིས་དབྱེ་འབྱེད་མ་ཐུབ་ནས་འཁྲུལ་པ་རེད།
རྔ་བ་རྒྱལ་ཁམས་པ་ལགས།ཁྱེད་རང་མྱི་ཁ་བདེ་དང་ཚིག་སྦྱོར་སྤེལ་མཁས་པོ་འདུག།འོན་ཀྱང་།དོན་གྱི་གནད་འགག་གཏན་ནས་མི་ཤེས་པར་མགོ་འཐོམས་བསྡད་པའི་མི་ཞིག་རེད།རྭ་སྟག་དོན་རྐྱེན་ལྟ་བུ་འགྲེལ་བཤད་གནང་བ་དེ་ཧ་ཅང་གིས་དཀར་ནག་གོ་ལྡོག་པ་འདྲ་བོ་གསུངས་འདུག།
བློ་བཟང་སེང་གེ་དམིགས་ཡུལ་སྟེང་འགྲོ་མ་ཐུབ་པ་ཟམ་གདོང་གིས་བཀག་རྡོ་བྱས་པ་འདྲ་བོ་ཡང་གསུང་འདུག།འདི་ཚོ་གངས་སྐྱིད་ཀྱི་དཀྱིལ་འཁོར་ནང་དངོས་སུ་བསྡད་དེ་བློ་སེང་དང་ཟམ་གདོང་གཉིས་ཀར་རྒྱུས་མྱོང་གཏིང་ཟབ་ཡོད་པ་ཚོས་མཐོང་ན།དགོད་ཁ་ཡང་འཆོར་ལ་ངུ་ཡང་ཤོར་བའི་གཏམ་རེད་ད།ལས་རྒྱུ་འབྲས་གོ་ལྡོག་པའི་སྐད་ཆ་རེད།
མདོར་རྩ།ཁྱེད་རང་དཔེ་ཆ་བ་གླེན་པ་ཞིག་རེད་ལགས།མི་རྣམ་དཔྱོད་ཅན་ཞིག་བྱེད་འདོད་ན།མིའི་ཤེས་རིག་དང་གནས་ཚུལ་ཚང་མ་དཔེ་ཆའི་ནང་དང་ཡིག་གེ་ཁོ་ནའི་སྟེང་ཡོད་པ་མ་རེད།རང་མགོ་རང་གིས་མི་གཡོག་པར་གཉིད་སད་རན་རེད།
འདབ་མ་ལགས། རྔ་བ་རྒྱལ་ཁམས་པ་སད་རན་ཨེ། རྔ་བ་རྒྱལ་ཁམས་སད་དྲགས་ནས་ད་གཉིད་མི་འོང་བའི་ཚོད་དུ་སླེབས་ཡོད། ཧཧཧ། ད་ལྟ་དུས་རབས་ཉི་ཤུ་རྩ་གཅིག་པའི་མགོར་སླེབས་བསྡད་ཡོད་པ་རེད། འདི་ལ་ཆ་འཕྲིན་གྱི་དུས་རབས་ཀྱང་ཟེར་གི་རེད། རང་ལ་རྣམ་དཔྱོད་དང་འཁོས་ཀས་ལྡང་ན། ས་གནས་ལ་མ་ལྟོས་པར་ཆ་འཕྲིན་གྱི་ནུས་པ་བརྒྱུད་ནས་འཛམ་གླིང་ཧྲིལ་བོར་སྟངས་འཛིན་བྱེད་ཐུབ་པའི་དུས་མཚམས་ཤིག་ཏུ་སླེབས་བསྡད་ཡོད། ངས་ཟམ་གདོང་ཚང་གིས་བློ་སེང་ལས་ལྷག་པའི་བྱ་བ་ཞིག་བྱས་རབས་གོ་མ་མྱོང་། ཟམ་གདོང་སྐབས་བོད་གཞུང་གི་དཔལ་འབྱོར་ཡོང་ཁུངས་ཕལ་ཆེར་སྒོ་བརྒྱབས། ཞིང་ལས་སོ་ནམས་ལ་འགྲོ་སོང་ཆེན་པོ་བཏང་ཡང་ལམ་ལྷོངས་མ་བྱུང་བར་ཞིང་ས་རྒོད་པོ་དང་། འཕྲུལ་ཆས་བཙས་ཟིན་ཏེ་འཕྲོ་བརླག་ཏུ་སོང་ཡོད། དེ་ལས་བློ་ངོར་ཤར་མི་ཐུབ་པ་ཞིག་ནི། ཟམ་གདོང་གིས་རྒྱ་མིས་གང་བཤད་མཐའ་དག་ཁས་བླངས་ཏེ། བོད་གཞུང་མིང་དོན་བཅས་བསྡུ་གསོག་བྱས་ཟིན་ནའང་། ད་དུང་བོད་དོན་མཐོ་གང་སྔོན་དུ་བསྐྱོད་མ་ཐུབ་པ་དང་། རྒྱ་གཞུང་ཚོན་གང་ཕྱི་སྣུར་བྱས་མེད་པ་རེད། ད་ང་ཚོ་དངོས་གནས་རྒྱ་མིའི་གཡོ་སྲིད་ལས་སད་རན་པའི་དུས་ལ་སླེབས་ཡོད། དེ་ལ་ཁག་མེད་ང་དེ་ལ་འཁང་ར་དང་བློ་ཕམ་སྐྱེ་གི་མེད། ཆོས་བྱེད་བཙུན་པ་ཚོར་ཞིང་ལས་དང་། འབྲོག་ལས། ཚོང་ལས། ཆབ་སྲིད་སོགས་ཁྱིམ་པའི་ལས་བྱེད་དུ་བཅུགས་ན་འཇོན་གི་མ་རེད། དེ་ཚོ་ནོར་བ་རེད། ངས་ཉམས་ཞིབ་བྱས་པ་ལྟར་ན། བློ་སེང་སྐབས་མ་མཐའ་ཡང་དཔལ་འབྱོར་གྱི་གནས་བབ་དང་། ཤེས་ཡོན་སློབ་སྦྱོང་གི་གྲངས་ཀ་ལྡབ་འགྱུར་ནས་ལྡབ་འགྱུར་དུ་འཕར་བསྡད་འདུག དེ་ཧ་ཅིང་ཡག་པོ་རེད་བསམས་སོང་། དཔལ་འབྱོར་ཤིན་ཏུ་གལ་ཆེན་པོ་རེད། དཔལ་འབྱོར་མེད་ན་དོན་དག་ཆེ་ཕྲ་གང་ཡང་བསྒྲུབ་པ་ལ་དཀའ་ངལ་མང་བོར་ཕྲད་ཀྱི་རེད། རྭ་སྟག་དོན་རྐྱེན་ཐད་ཤོད་སྟངས་མི་འདྲ་བ་འགའ་ཞིག་ཡོད་པ་ངས་ཧ་གོ་གི་ཡོད། ངས་རྒྱུ་འབྲས་གོ་ལྡོག་གི་སྐད་ཆ་ཅིའང་བཤད་པ་མེད། རྒྱ་ཕྱོགས་ནས་གླེང་བཞིན་པའི་རྭ་སྟག་དོན་རྐྱེན་ཐད་ད་དུང་དཔྱད་རྒྱུ་མང་བོ་ལྷག་བསྡད་ཡོད། མིའི་ཤེས་རིག་དང་། མིའི་འཇིག་རྟེན་ཕལ་ཆེར་མཉུལ་ནས། མིས་བཟོས་པའི་རྒྱུ་འབྲས་གོ་ལྡོག་གི་ལས་ཀ་དེ་ཚོར་ཡིད་སུན་ནས་བསྡད་ཡོད།
ཧཧཧ་་་་་ད་ཡང་རྔ་བ་རྒྱལ་ཁམས་པས་མངོན་སུམ་ལ་སྙོན་གདིང་གི་འདུག་གདའ། ཟམ་གདོང་རིན་པོ་ཆེའི་སྐབས་སུ་དབུས་བོད་མིའི་སྒྲིག་ཁོངས་འོག་དཔལ་འབྱོར་ཡོང་ཁུངས་ནང་གི་རྐུ་མ་ཇག་པ་ཚང་མ་འཇུ་ནས་གཙང་མ་བཟོས་ཟིན་ལ་དེ་སྔོན་དབུས་མགོ་འབུད་མ་ཐུབ་པའི་བུ་ལེན་རྣམས་གཙང་མ་བཟོས་ནས་ད་ཆ་མ་རྩ་ཡག་པོ་འཛུགས་བཞག་ཡོད། མི་རེ་འགའ་ཕྱོགས་ཞེན་གྱིས་སྒྲིབ་ནས་མཐོང་གི་མེད། དཔལ་འབྱོར་ཡོང་ཁུངས་བརྟན་པོ་བཟོས་ནས་རྐུ་ཇག་ལག་རིང་བཅངས་ས་མེད་པ་བཟོས་པ་འདིར་ཁྱོད་ལ་ངོ་མ་ཁག་མེད་ཡ། རྭ་སྟག་དོན་རྐྱེན་ཐད་མིས་བཤད་འཕྲོ་ལས་ལྷག་རང་ལ་བཤད་རྒྱུ་མེད་པས་བླུན་རྟགས་མ་སྟོན་ན་ཡག་ཀི་ཨ་རོ།།
སྲིད་གཞུང་ཞིག་གི་དཔལ་འབྱོར་ཞེས་པ། འབངས་ཀྱི་དཔྱ་ཁྲལ་དང་། མ་དངུལ་ཞིག་གི་སྐྱེད་ཀ་གཅིག་པུར་བརྟེན་པའི་ལམ་ཁ་དེ་ཤིན་ཏུ་འཁོས་ཀ་ཆུང་ཞིང་། ཉེན་ཁ་ཆེན་པོ་དང་། ཀུ་དོགས་པོའི་འགྲོ་སྟངས་ཤིག་རེད། ལས་ཁུངས་ཤིག་གི་ལས་མིས་ཚུལ་མཐུན་མ་བྱས་དང་། བཟོ་གྲྭ་ཞིག་གི་བཟོ་བས་ཚུལ་མཐུན་མ་བྱས་པ་ལ་བརྟེན་ནས། ལས་ཁུངས་དང་བཟོ་གྲྭ་སྒོ་བརྒྱབ་པ་དེ་ཕུགས་རྒྱང་མཐོང་བའི་དཔལ་འབྱོར་གྱི་རིག་པའི་ཤེས་ཚད་དང་ཉམས་མྱོང་མེད་པའི་སྐྱོན་རེད། ངའི་ཕ་ཡུལ་ན་དཔལ་འབྱོར་གྱི་ཤེས་ཚད་དམན་ཞིང་མ་དངུལ་ཅུང་ཟད་རེ་ཡོད་པའི་ཡུལ་མི་འགའ་རེ་ཡོད། དེ་དག་གིས་དངུལ་ཅུང་ཟད་ཅིག་ཡོད་པ་གཞན་པར་སྐྱེད་ཀར་འཇོག་པ་ལས་རང་དངུལ་བརྒྱུད་ནས་རང་གིས་དཔལ་འབྱོར་གྱི་ལམ་ཁ་གཞན་པ་སྒྲུབ་སྟངས་མི་ཤེས། འཚོ་གནས་འགྲན་རྩོད་དང་། རྣམ་དཔྱོད་འགྲན་རྩོད། རིག་གཞུང་འགྲན་རྩོད། དཔལ་འབྱོར་འགྲན་རྩོད་སོགས། འགྲན་རྩོད་མང་བོས་ཁ་འཐབ་པའི་དེང་གི་དུས་སུ། དཔལ་འབྱོར་གསོག་སྒྲུབ་ཀྱི་ལམ་ལུགས་དེ་ལྟ་བུ་འཁོས་མེད་ཅིག་ལ་བརྩི་གི་རེད་མ་གཏོགས་འདོད་ཆུང་ཆོག་ཤེས་ཞེས་པར་བརྩི་གི་མ་རེད།