སྣང་རྒྱལ་ཤེས་དགེ (ཝ་ར་ཎ་སི།)
བྱམས་སེམས་ཅན་གྱིས་མིག་ཆུ་གཏོར་ཤུལ་ན།།
བྱང་ཁོག་ཙག་གིས་བསྡམ་པའི་ལས་ངན་ཞིག །
གནམ་གྱི་སྐར་མར་ཅེར་བའི་ངུ་སྟངས་འདི།།
བུས་པ་ལས་ངན་ཞིག་གི་ལྟོག་སྐོམ་ཡིན།།
ལག་པ་ཆུང་ཆུང་འཁྱག་ལ་འབྱར་བའི་དུས།།
སྡེ་མཐའི་གཟུགས་བརྙན་ཞིག་ལ་སྙིང་ནས་རེ།།
མིག་ཆུ་ཁོག་ཏུ་བསྐྱིལ་བའི་ངུ་སྟངས་དེ།།
བྱིས་པ་ཆུང་ཆུང་ཞིག་གི་བཟོད་བསྲན་ཡིན།།
མི་ཚེའི་དབུ་འཁྱུད་དགོད་སྒྲས་བྲིས་ན་ཡང་།།
ལང་ཚོའི་ཁོ་ལག་དབུགས་རིང་ཁྲོད་ནས་འབུས།།
སེམས་པ་གཡང་ལ་བཏེགས་པའི་འཚོ་སྟངས་འདི།།
གཞོན་ནུ་ལས་ངན་ཞིག་གི་ལང་ཚོ་ཡིན།།
ས་གཞི་འདར་བའི་ལོ་ཟླ་དམར་པོའི་ནང་།།
གས་ཆག་ཤོར་བའི་སེམས་པ་རྨས་མ་ཞིག །
གཤོག་པ་གཅིག་ལ་བརྟེན་པའི་འཕུར་སྟངས་དེ།།
ཁོ་བོ་རྒྱང་ལ་ཆས་པའི་རྒྱབ་གཟུགས་ཡིན།།
ལས་དང་རླུང་རྟ་རྒུད་པའི་བསྟབ་ཁུག་ན།།
སྤོབས་པ་ཐང་ལ་ལྷུང་བའི་མུན་པ་ཡོད།།
རང་སེམས་རང་གིས་གནམ་ལ་འདེགས་སྟངས་འདི།།
ཕོ་རྒོད་ཁེར་རྐྱང་ཞིག་གི་གཡུལ་ས་ཡིན།།
གཞན་ངོ་བསྲུང་ལ་སྤྲེལ་ལད་བྲིན་པའི་དུས།།
འཛུམ་མདངས་བཙན་གྱིས་བཙིར་ལུགས་མི་ཤེས་པས།།
བགོས་པའི་སྐལ་པ་རྒྱུན་དུ་ཆད་སྟངས་འདི།།
ཕོ་རོགས་དཀར་པོ་ཞིག་གི་སྐྱིད་སྡུག་ཡིན།།
རང་ཚུགས་སྲོག་ཏུ་བཟུང་བའི་ལམ་ཁ་ན།།
འདོད་རྔམ་མཚོན་ཆ་གཟེང་བའི་འཕྲང་རོང་ཡོད།།
ཉེས་མེད་སྲོག་ལ་གཤེད་ངན་སྡང་སྟངས་འདི།།
ཕོ་རྒོད་ལ་རྒྱ་ཅན་གྱི་ཕ་ཆོས་ཡིན།།
མངར་སྐྱུར་འཁོར་བའི་འཁོར་སྟངས་རེ་རེ་ལ།།
ཚོར་བ་བདེ་དང་སྡུག་གི་གདུང་ཡུས་ཡོད།།
ངུ་དང་དགོད་ལ་རང་གིས་ཉན་སྟངས་འདི།།
སོ་སྐྱེས་ལས་ངན་ཞིག་གི་འཇིག་རྟེན་ཡིན།།
མཐོན་པོའི་ཁྲི་ལ་དམུན་པོས་ཟུར་འདུག་བྱས།།
སྲིན་པོའི་སྙིང་ལ་འཛུམ་གྱི་སྒམ་ཚུགས་བཏོད།།
རྒྱུ་མཚན་མེད་པའི་ཉེས་པ་འགེལ་སྟངས་འདི།།
སེམས་ཀྱི་གཞུང་ཤིང་བསྲང་བའི་རྣམ་སྨིན་ཡིན།།