ཝཱཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་། འཇམ་དབྱངས་དོན་གྲུབ།
ཟླ་འདིའི་ཚེས་དགུ་ཉིན་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་སྔར་རྒྱུན་བཞིན་ཞལ་ནུབ་ལ་གཟིགས་ནས་ཨ་རིར་ཕེབས་པ་དང་། ཨ་རིའི་གྲོང་ཁྱེར་ཉེའུ་ཡོག་ཏུ་ཕེབས་ནས་ཆུ་ཚོད་གསུམ་ཏག་ཏག་གི་རྗེས་སུ་ཨ་རིའི་བོད་སྐད་རླུང་འཕྲིན་ཁང་གི་ཀུན་གླེང་ལེ་ཚན་གྱི་བཅའ་འདྲི་དང་ལེན་གནང་ཞིང་། བཅའ་འདྲིའི་ནང་དོན་གཙོ་བོ་ནི་སྲིད་སྐྱོང་གི་ཞབས་བཀྱག་མཐོ་པོ་འདིའི་སྒང་དུ་བཞུགས་ནས་ལོ་ངོ་ཧྲིལ་པོ་བཞི་ཕྱིན་པའི་ནང་གྲུབ་འབྲས་གང་ཞིག་ཐོན་ཡོད་མེད་དང་། མ་འོངས་༢༠༡༦ལོའི་སྲིད་སྐྱོང་གི་འོས་མིར་སླར་ཡང་བཞེངས་དགོས་པའི་དགོས་དམིགས་སྐོར་ལ་ཡིན།
སྲིད་སྐྱོང་མཆོག་གིས་འདས་པའི་ལོ་ངོ་ཧྲིལ་པོ་བཞིའི་ནང་གི་གྲུབ་འབྲས་ཆེ་ཤོས་ནི་བོད་ཕྱི་ནང་གཉིས་ཀྱི་སྤྱི་ཚོགས་ནང་སྔར་ལོ་རྒྱུས་ཐོག་བྱུང་མ་མྱོང་བའི་ལྷིང་འཇགས་བྱུང་བ་དེ་རེད་ཅེས་བཀའ་གནང་ཞིང་། དེ་ཡང་ཆབ་སྲིད་ཀྱི་འཕོ་འགྱུར་ཆེན་པོ་འགྲོ་བའི་སྐབས་ལ་འཛམ་གླིང་ཤར་ནུབ་གང་སར་གནས་པའི་རྒྱལ་ཁབ་མང་ཆེ་བའི་ནང་རྙོག་དྲ་དང་འགལ་འདུ་མང་པོ་ཡོང་གི་ཡོད་ཀྱང་ང་ཚོའི་སྤྱི་ཚོགས་ནང་ཞོ་ལྟར་ལྷིང་འཇགས་ངང་གནས་ཐུབ་པ་བྱུང་ཡོད་པ་མ་ཟད། ད་དུང་བོད་མིའི་སྤྱི་ཚོགས་ནང་སྔར་ལས་ཀྱང་འཆམ་མཐུན་དང་ཡར་རྒྱས་མངོན་གསལ་དོད་པོ་ཕྱིན་ཡོད་སྐོར་གསུངས།
དོན་དངོས་ཐོག་བོད་ཕྱི་ནང་གཉིས་ཀར་ཞོ་ལྟར་ལྷིང་འཇགས་སེ་གནས་པའི་སྤྱི་ཚོགས་འདི་འུར་ཟིང་ཆེ་རི་ཕྱིན་ཡོད་ལ། རྙོག་དྲ་དང་འགལ་ཟླ་ཆར་རྗེས་ཀྱི་མྱུ་གུ་བཞིན་ལོ་རེ་ནས་ལོ་རེར་འཕེལ་བཞིན་ཡོད་པ་མིག་མཐོང་ལག་ཟིན་ཡིན།
བོད་ནང་ལ་མཚོན་ན་ཡང་རང་ལུས་མེར་བསྲེགས་གཏོང་གནང་མཁན་ག་ཚོད་བྱུང་ཡོད་པ་འོན་པ་ཞིག་ཡིན་ཡང་གོ་ཚོད་དང་ཞར་བ་ཞིག་ཡིན་ཡང་མཐོང་ཚོད་རེད། དེ་བཞིན་བཙན་བྱོལ་ནང་ལ་ཡང་དབུ་མའི་ལམ་དང་རང་བཙན་རྩོད་མཁན་ཚོའི་དབར་མེ་དང་སྤུ་ཐུག་པ་ནང་བཞིན་འགལ་ཟླ་རིམ་པར་བྱུང་ཡོད་ལ། ཇོ་ནང་ཆོས་བརྒྱུད་ཀྱི་རྩོད་རྙོག་དང་གྲོས་ཚོགས་ར་བའི་ནང་འཁྲུག་རྩོད་བྱུང་སྟེ་ཞབས་འདྲེན་གང་འདྲ་ཞུས་ཡོད་མེད། ཚེ་འདི་ཕྱི་གཉིས་ཀྱི་མགོན་སྐྱབས་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཕྱྭར་ལོ་རྒྱུས་ཐོག་བྱུང་མ་མྱོང་བའི་ཉེན་ཁ་ག་རེ་འཕྲད་ཡོད་མེད་སོགས་རྟ་མོག་གི་སྤུ་བཞིན་མང་ཞིང་རྫོབ་པས་འདིར་ཚང་མ་བརྗོད་འདོད་མེད་ལ་བདག་གི་བཤད་བྱ་ཡང་མིན་པས་རེ་ཞིག་དེ་ཙམ་གྱིས་འཐུས་པར་བྱའོ།
ད་རེས་འདིར་ཁོ་བོས་གལ་ཆེན་དོན་ཆེན་དུ་གླེང་བར་བྱ་བའི་གཞི་གཙོ་བོ་ནི། སྐབས་དེར་ཀུན་གླེང་ལེ་ཚན་གྱི་བཅའ་འདྲི་གནང་མཁན་པ་སངས་དབྱངས་སྐྱིད་ལགས་ཀྱིས་མཐའ་དོན་དེར་སྲིད་སྐྱོང་མཆོག་ལ་མི་མང་འོས་འཕེན་མཁན་ཚོ་ལ་མ་འོངས་པར་དམིགས་བསལ་ཕྱག་ལས་འདི་དང་འདི་གནང་ཐུབ་ས་རེད་ཅེས་དམ་བཅའ་དང་ཁས་ལེན་ག་རེ་གནང་ཡག་ཡོད་དམ་ཞེས་བཅའ་འདྲི་ཞུས་པའི་ལན་དུ། སྲིད་སྐྱོང་མཆོག་གིས།༼ངས་དཀའ་ལས་ཧུར་ཐག་འབད་ཐག་བརྒྱབ་པ་ཡིན། བློ་བཟང་སེང་གེས་དཀའ་ལས་བརྒྱབ་མ་སོང་ཟེར་ཡག་དེ་ཕལ་ཆེར་མི་སུ་ཞིག་གིས་ཀྱང་ལབ་མི་ཐུབ་པ་རེད། ངས་ལོ་བཞིའི་རིང་གཞིས་ཆགས་ཡོངས་རྫོགས་ལ་ཕྱིན་པ་ཡིན། སློབ་གྲྭ་ཡོངས་རྫོགས་ལ་ཕྱིན་པ་ཡིན། རྒན་གསོ་ཁང་མང་ཆེ་བ་དང་དགོན་སྡེ་མང་ཆེ་བར་ཕྱིན་པ་ཡིན།༽ཞེས་སྤོབས་པ་དང་གདེང་ཚོད་ཆེན་པོའི་སྒོ་ནས་གསུངས་སོང་།
མི་མང་གིས་ཡིད་ཆེས་ཆེན་པོས་འོས་ཤོག་བླུགས་ཏེ་སྲིད་སྐྱོང་གི་ཁྲི་ལ་བསྐོས་ཤིང་། སྡོང་པོ་འགུལ་སྡོད་མེད་ཀྱང་རླུང་བུས་མི་འཇོག་ཅེས་པའི་དཔེ་བཞིན། མི་མང་གི་དབུ་ལ་བཞུགས་པའི་མི་ཆེན་དཔོན་ཆེན་ཞིག་གིས་ཞལ་དང་ཤངས་གཉིས་ཀྱི་དབར་དེ་ལྟ་བུའི་རྫུན་གཏན་ཆེན་པོ་དེ་འདྲ་གསུང་དགོས་དོན་ཅི་ཡིན་ནམ་སྙམ་ཏེ་ལམ་སེང་རྩོམ་ཡིག་འདི་འབྲི་བའི་འདུན་པ་ངམ་ངམ་ཤུགས་ཀྱིས་སྐྱེས་བྱུང་།
བློ་བཟང་སེང་གེས་བཀའ་བློན་ཁྲི་པར་མ་བཞེངས་སྔོན་ལ་མི་མང་ནས་འོས་སློང་སྐབས། ཝཱ་རཱ་ཎ་སཱི་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་ནི་༧གོང་ས་མཆོག་གིས་ཐུགས་རེ་ཆེན་པོ་གནང་སའི་ཤེས་ཡོན་གྱི་བསྟི་གནས་གཙོ་བོ་ཞིག་ཡིན་ཞིང་། བོད་ཕྱི་ནང་གཉིས་ནང་སྒང་པ་བོད་ཀྱི་ཐུན་མོང་མ་ཡིན་པའི་སྲོལ་རྒྱུན་གྱི་རིག་གཞུང་དང་ལེགས་བྱང་ཁག་ཉམས་པ་སླར་གསོ་དང་མི་ཉམས་གོང་འཕེལ་གཏོང་སའི་སློབ་ཆེན་ཞིག་ཡིན་པས་གལ་ཆེན་པོ་ཞིག་ལ་བརྩི་ཡི་ཡོད་པས། གཙུག་ལག་སློབ་གཉེར་ཁང་དེར་སློབ་གཉེར་བྱེད་བཞིན་པའི་སློབ་མ་རྣམས་ཀྱི་འཚོ་དོད་ཆེད་ལོ་ལྟར་བློ་བཟང་སེང་གེ་རང་ངོས་ནས་ཧིན་སྒོར་ཁྲི་འགའ་ཤས་གནང་གི་ཡོད་པ་དང་། མ་འོངས་པར་ཡང་གནང་འཆར་ཡོད་པའི་གཏམ་སྦྲང་རྩི་ལས་སྙན་པ་ཞིག་ས་ཕྱོགས་གར་སར་གསུངས་མྱོང་བ་རེད།
འོན་ཀྱང་གུས་པ་རང་ཉིད་སློབ་ཆེན་འདིར་སླེབས་ནས་ལོ་ངོ་ཧྲིལ་པོ་དྲུག་ཙམ་ཕྱིན་སོང་ཡང་སློབ་གཉེར་བ་ཚོའི་ཞལ་ལག་ཡར་རྒྱས་དང་འཚོ་དོད་ཆེད་སྲིད་སྐྱོང་མཆོག་ནས་སྒོར་གཅིག་གནང་བ་གོ་མྱོང་ཡང་མེད་ལ། དངོས་ཡོད་གནས་ཚུལ་ལ་ཡང་དེ་དེ་བཞིན་ཡིན་པ་ཚང་མས་མཁྱེན་གསལ་ཡིན།
དེ་ལས་ཀྱང་རྫབ་ཆེ་བ་ཞིག་ལ་བློ་བཟང་སེང་གེ་སྲིད་སྐྱོང་གི་ཁྲི་ལ་ཕེབས་ནས་ལོ་ངོ་བཞི་ལྷག་འདས་ཟིན་ཅིང་། ལོ་ངོ་འདི་དག་རིང་སྟོབས་ཆེན་རྒྱལ་ཁབ་ཨ་རིས་གཙོས་འཛམ་གླིང་ཤར་ནུབ་གང་སར་ཞབས་ཟུང་གི་རེ་ཁ་མངོན་པར་འཁོད་ཀྱང་གནས་མཆོག་ཝཱ་རཱ་ཎ་སཱིར་གནས་བཅའ་བའི་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་འདིར་ཐེངས་གཅིག་ཀྱང་མ་ཕེབས་པའི་རྒྱུ་མཚན་ཅི་ཞིག་ཡིན་ནམ།
སྲིད་སྐྱོང་མཆོག་གིས་སློབ་གྲྭ་ཡོད་ཚད་ལ་ཕེབས་པ་ཡིན་ཞེས་གསུངས་པས་འོ་ན་གཙུག་ལག་སློབ་གཉེར་ཁང་འདི་སློབ་གྲྭ་ཞིག་ལ་བརྩི་ཡི་མེད་དམ།
ཡང་ན་ངེད་སློབ་ཆེན་གྱི་འཛིན་སྐྱོང་གྱི་དབུ་ལ་བཞུགས་པ་ཚོས་གདན་འདྲེན་ཞུས་མེད་པ་རེད་དམ།
ཡང་ན་ནུབ་ཕྱོགས་རྒྱལ་ཁབ་ཁག་ལ་རྟག་ཏུ་ཕེབས་རྐྱང་གནང་བས་བཙན་བྱོལ་ནང་སློབ་གྲྭ་འདི་འདྲ་ཞིག་ཡོད་པ་ཐུགས་ཀྱི་གཏིང་ནས་དྲན་པ་སྐྱུད་པ་ཡིན་ནམ།
དྲི་བ་འདི་དག་ལ་ཅིས་ཀྱང་ལན་འདེབས་གསལ་པོ་ཞིག་གནང་རོགས་ཞེས་ཞུ་འདོད་བྱུང་།
སྐད་ཆ་དྲང་མོ་བཤད་ན། གཙུག་ལག་སློབ་གཉེར་ཁང་འདི་ནི་༧གོང་ས་མཆོག་གི་རླབས་ཆེན་གྱི་དགོངས་བཞེད་འོག་གསར་བཙུགས་གནང་བ་དང་། སློབ་དཔོན་ཆེན་པོ་སྐྱབས་རྗེ་ཟམ་གདོང་རིན་པོ་ཆེས་ལོ་ངོ་ཧྲིལ་པོ་སུམ་ཅུ་དང་དགེ་བཤེས་ངག་དབང་བསམ་གཏན་མཆོག་གིས་ལོ་ངོ་བཅོ་ལྔའི་རིང་སྐུ་ངལ་ཚད་མེད་བསྐྱོན་ནས་ཕྱི་ནང་སྣོད་བཅུད་གཉིས་ཀ་ཕུན་སུམ་ཚོགས་པའི་དག་ཞིང་ཞིག་གི་ཚད་དུ་བསྐྱལ་ཡོད་ལ། བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་མི་ཉམས་རྒྱུན་འཛིན་བྱེད་མཁན་གྱི་ཚོགས་སྡེ་གལ་ཆེན་ཞིག་ཆགས་ཡོད་པ་མ་ཟད། ལྷག་པར་དུ་བོད་ཀྱི་ནང་ཆོས་གཙོ་བོར་གྱུར་བའི་རིག་གཞུང་དང་རིག་གནས་ཀུན་གྱི་མ་ཕྱིར་གྱུར་བའི་རྒྱ་གར་གྱི་གནའ་བོའི་སྐད་ཡིག་ལ་སློབ་སྦྱོང་བྱེད་སའི་ཤེས་རིག་གི་བསྟི་གནས་གལ་ཆེན་ཞིག་ཆགས་ཡོད་པ་རེད།
ཨ་རིའི་ཧྭ་ཧྤུ་གཙུག་ལག་སློབ་ཆེན་གྱིས་ཨ་རིའི་འཇོན་ནུས་ཅན་གྱི་རླབས་ཆེན་གྱི་སྐྱེས་བུ་མང་པོ་ཞིག་བསྐྱེད་སྲིང་བྱས་དང་བྱེད་མུས་བཞིན། རྒྱ་གར་གྱི་གནའ་བོའི་གྲོང་ཁྱེར་ཀྭ་ཤིར་གཞིས་ཆགས་པའི་འགྲོ་བ་མིའི་བཟོ་གྲྭ་ཆེན་པོ་འདི་ནས་ཀྱང་ད་བར་མཁས་བཙུན་བཟང་གསུམ་གྱི་མི་སྣ་མང་པོ་ཞིག་བསྐྱེད་བསྲིངས་བྱས་ཡོད་པ་སྲིད་སྐྱོང་མཆོག་གིས་ཀྱང་མཁྱེན་ཚོད་ཡིན་ངེས།
སྲིད་སྐྱོང་མཆོག་གིས་ནམ་རྒྱུན་བོད་ཀྱི་སྐད་ཡིག་དང་རིག་གཞུང་ལ་སྲུང་སྐྱོབ་བྱེད་དགོས་རྒྱུ་ནི་ཤིན་ཏུ་གལ་ཆེན་པོ་ཡིན་ཞེས་ཨ་མ་རྒན་མོའི་ཞལ་ནས་མ་ཎི་བགྲང་བ་བཞིན་གསུང་གནང་ཡང་། སྲིད་སྐྱོང་གི་ལས་ཡུན་ལོ་ངོ་ལྔ་རྫོགས་ལ་ཉེ་ཡང་ད་བར་སློབ་གླིང་འདིའི་ཐེམ་པ་ཙམ་ཡང་མི་བརྒལ་བ་དེ་ནི་དངོས་གནས་བསམ་ཡུལ་ལས་འདས་པ་ཞིག་མ་རེད་དམ།
ཡང་སྲིད་སྐྱོང་མཆོག་གི་ཞལ་རྫུན་ཞིག་གསལ་བོ་ཐོན་འདུག གང་ལྟར་སྲིད་སྐྱོང་མཆོག་འུར་བརྗོད་བཀའ་མོལ་གསུང་བར་བྱང་གོམས་ཆགས་ཡོད་པ་དང། སྲིད་སྐྱོང་མཆོག་ཕེབས་དགོས་ཚེ་ཝ་ཎཱ་གཙུག་ལག་མཐོ་སློབ་ཀྱིས་ངེས་པར་དུ་ཁོང་ལ་གཟེངས་རྟགས་ཤིག་གྲ་སྒྲིག་བྱ་དགོས།
གལ་སྲིད། མཁས་དབང་ཟམ་གདོང་མཆོག་སློབ་སྤྱི་ཡིན་ན་སྲིད་སྐྱོང་མཆོག་ཕེབས་ཚར་བ་རེད། ངེས་པ་དོན་གྱི་སློབ་དཔོན་ཆེན་མོ་ངག་དབང་བསམ་གཏན་མཆོག་གིས་ཆབ་སྲིད་དོན་འཁྲབ་མ་ཤེས་པ་མིན་པར་སྲིད་དོན་མ་འཁྲབ་རེད། སློབ་དཔོན་ཆེན་པོ་ངག་དབང་བསམ་གཏན་མཆོག་གིས་ཕྱག་ལས་གནང་སྟངས་འགྲིག་བསྡད་པ་རེད། སྲིད་སྐྱོང་མཆོག་ཝ་ཎཱར་མ་ཕེབས་པར་བློ་ཕམ་གང་ཡང་སྐྱེས་མི་དགོས།
བློ་སེང་ཝ་ཎ་ལ་མ་ཕེབས་པ་དེའི་རྒྱུ་མཚན་ཟམ་གདོང་རིན་པོ་ཆེ་འོག་ལ་མགོ་སྒུར་འདོད་མེད་པ་དེ་རེད། ཁོང་རིན་པོ་ཆེ་མིང་ཡོད་པ་རེད་མ་གཏོགས་ང་དང་ཕྱོགས་ཡོང་ནས་ཅིག་པ་ཡིན་ཟེར་འདུག་གདའ། མ་གཞི་བློ་སེང་གིས་གཏམ་བཤད་ལ་ནུབ་ཕྱོགས་པའི་གཤིས་ཀ་འགོས་ཡོད་རེད། ངོ་ཚ་ཁྲེལ་དྭོགས་འདྲ་ཚོར་རྒྱུ་ཡོད་མ་རེད་དོ།།
ཝ་ཎ་ཁྱེད་ཚོས་བོད་སྐད་དང་། བོད་ཡིག་སྙན་གསུམ་བརྡ་དག་སྐོར་ལ་དྲི་བ་བཏང་འོངས་དགོངས་ནས་འཇིགས་ནས་མ་ཕེབས་པ་ཡིན་སྲིད་པ་རེད། ཧ་ཧ། ཀུ་ར་ེཡིན་གདའ།
རྒྱལ་དབང་རིན་པོ་ཆེས་ཆབ་སྲིད་དབང་ཆ་སྲིད་སྐྱོང་ལ་གནང་སྐབས་ལྷིང་འཇགས་མེད་པའི་སྤྱི་ཚོགས་ཤིག་རྩིས་སྤྲོད་གནང་ཡོད་དམ། ལོ་ངོ་བཞིའི་རིང་ཟིང་འཁྲུག་ཞོལ་འཇགས་གཏོང་དགོས་པའི་ཟིང་ཆ་གང་ཡོད་དམ། དེ་བཞིན་རྨང་གཞི་མེད་པའི་སྒྲིག་འཛུགས་ཤིག་གནང་བྱུང་ངམ། ད་རྨངས་གཞིའི་སྟེང་དུ་རྩིག་པ་ཡོད་ཟེར་མགོ་བསྐོར་སྐད་ཆ་རེད། ཟམ་གདོང་བླ་མས་ཕོ་བྲང་གསར་པ་ཡན་བརྒྱབས་ནས་གནང་མ་བྱུང་ངམ།
དཔལ་ལྡན་སྲིད་སྐྱོང་མཆོག། མ་གཞི་ངས་ཁྱེད་ལ་སྐྱོན་བརྗོད་བྱེད་འདོད་མེད་ཀྱང་། ཁྱེད་ཀྱིས་གྲུབ་འབྲས་སུ་བགྲངས་པ་དེ་ཀུན་ནི་མི་མང་གནད་དོན་མི་རྟོགས་མཁན་ལ་མགོ་བསྐོར་ལས་དེ་དག་གྲུབ་འབྲས་ཟེར་མི་འོས། ལྷན་ཁང་ཁག་གི་ལས་བྱེད་རྣམས་ལས་ཁུངས་སུ་ཡོང་བ་དེ་ཡང་ཁྱེད་ཀྱི་གྲུབ་འབྲས་རེད་དམ།
ལས་ཀ་གཅིག་རང་བྱས་པ་དེ་སྲིད་བྱུས་ཉམས་ཞིབ་ཁང་བཙུགས་པ་དེ་རང་རེད། དེ་ཡང་ཆ་རྐྱེན་ཡོངས་སུ་ཚང་བའི་སྒྲིག་འཛུགས་ཤིག་གི་མགོ་གཙོ་སུ་ཡིན་ནའང་ཟླ་བ་གཅིག་ནང་བྱེད་ཐུབ་པ་ཞིག་རེད། གང་ལྟར་བཙུགས་པ་དེ་ཡག་པོ་རེད། དེ་མིན་ཁྱེད་ལ་ཆབ་སྲིད་པ་ལ་དགོས་པའི་ཕུལ་བྱུང་གི་གཏམ་བཤད་སྒྱུ་རྩལ་དང་རྟོགས་སད་ཀྱི་བསམ་བློ། རྨད་བྱུང་གི་ཐབས་བྱུས་སོགས་གང་ཡང་མི་འདུག་པས་རྒྱ་རྒན་དེ་ཚོས་ཁ་ཡ་ལྕོགས་ཐུབ་ས་མ་རེད། སྟེས་དབང་གིས་ཚང་བ་དེ་སྤོབ་པ་དང་རྣམ་པ་གཉིས་དེ་རེད་དེས་དྲིན་གྱིས་བུད་མེད་ཁ་ཤས་ཀྱིས་འོས་བླུགས་ས་རེད། ཁྱེད་ཀྱིས་འུར་གཏམ་དང་སྒེག་འགྲོས་ཚང་མ་དེ་དང་མཚུངས། བརྩེ་བའི་སྲིད་སྐྱོང་མཆོག་དགོངས་དག་ད་ལན་ང་ལ་དབང་བའི་འོས་གཅིག་པུ་དེ་འབུལ་ཐུབ་མ་སོང་།
ད་མང་པོ་དཀྲུགས་མ་སྡོད་།
ཝོ་ན་མཐོ་སློབ་ཀྱི་འཛིན་སྐྱོང་དབུས་
བོད་མིའི་སྒྲིག་འཛུགས་ཀྱི་གནང་གི་མེད་
པ་རྒྱ་གར་གཞུང་གི་གནང་བ་དེ་ཁྱེད་ཝ་ན་མཐོ་སློབ་ཏུ་བསྡད་ནས་ག་རེ་བྱས་ནས་ཧ་མ་གོ་བ་རེད་།
ཝོ་ན་མཐོ་སློབ་ནས་སྲིད་སྐྱོང་བློ་སེང་ག་དུས་གདན་འདྲེན་ཞུས་པ་རེད་།
མ་ཤེས་ཤེས་ཚུལ་བྱས་ནས་མང་པོ་དཀྲུགས་མ་སྡོད་།
ཝ་ཎ་མཐོ་སློབ་དེར་དབུས་སྒྲིག་འཛུགས་ཀྱིས་འཛིན་སྐྱོང་བྱེད་ཀྱི་མེད་ནའང་སྲིད་སྐྱོང་བལྟ་སྐོར་འགྲོ་ཆོག་ཀི་མ་རེད་དམ། ངེས་པར་དུ་གཟེངས་རྟག་མང་པོ་གྲ་སྒྲིག་དགོས་རེད་དམ། སྲིད་སྐྱོང་འུར་བསྟོད་ལ་མཉེས་པོ་དེ་འདྲ་་་་་་་་་་་
སྲིད་སྐྱོང་བློ་སེང་ལ་གཟེངས་རྟགས་གྲ་སྒྲིག་གནང་ཡོད་ན་ལས་དེ་མིན་ཕེབས་ཀྱི་མ་རེད། ཕྲན་ནས་ཀྱང་ཨ་རི་རྒྱང་སྲིང་རླུང་འཕྲིན་ཁང་གི་སྲིད་སྐྱོང་བློ་སེང་ལགས་ཀྱི་བཅར་འདྲིར་ཉན་པ་ཡིན། དེ་སྔོན་བཀའ་ཤག་ནས་ཕྱག་ལས་འགོ་འཛུགས་གནང་ཡོད་པ་དག་ཁོང་གི་གྲུབ་འབྲས་ཡིན་པ་གསུང་སོང་། དཔེ་གཅིག་ཞུས་ན་རྒྱ་གར་གཞུང་ནས་བོད་མིའི་གཞིས་ཆགས་ཐད་ Tibetan Rehabilitation Policy 2014 གཏན་འབེབས་གནང་བ་དེ་དག་ཁོང་གི་བྱོན་ལུགས་གསུང་པ་ནི་དོན་དངོས་དང་མ་མཐུན། གོང་གི་སྲིད་བྱུས་གལ་ཆེ་དེ་བཞིན་བཀའ་ཁྲི་ཟམ་གདོན་རིན་པོ་ཆེ་སྐབས་ནས་སྐུ་ལས་བསྐྱོན་པ་ལས་ཧར་ཝ་ཀྲི་བུ་རམ་པ་བློ་སེང་ལགས་ནས་ལོ་བཞི་ཙམ་ནང་གྲུབ་པ་ཞིག་མ་ཡིན། སྲིད་སྐྱོང་བློ་སེང་ལགས་ནས་བརྫུན་དང་ཧམ་བཤད་དེ་འདྲ་གནང་བ་དང་པོ་མ་རེད། ད་ནི་ངོ་ཚ་མེད་པའི་ཐོག་ནས་སྲིད་སྐྱོང་བརྫུན་བཤད་བྱ་མཁན་དེ་འདྲ་ལ་ང་ནི་འོས་ཤོག་སྤྲད་ཐུབ་ས་མ་རེད་དགོངས་དག་ཞུ།
༷ཨ་རི་རླུང་འཕྲིན་ཁང་གིས་བློ་བཟང་སེང་གེ་མཆོག་ལ་ ༢༠༡༦ ལོའི་སྲིད་སྐྱོང་དང་འབྲེལ་བའི་བཅར་འདྲི་ཞུས་པ་དེར་གཟབ་ནན་གྱིས་བལྟས་ཡིན། ལྟོས་འཇོག་གིས་བློ་སེང་མཆོག་གི་བཀའ་མོལ་གསུང་སྟངས་དེ་གདེང་སྤོབས་དང་ཞི་ལྷོད་ཡོད་པ་ལྟ་བུར་སྣང་ཡང་། བཀའ་མོལ་ཁ་ཤས་ལ་གནས་ལུགས་དེ་ཙམ་མི་འདུག གཞིས་ཆགས་ཡོད་ཚད་དང་སློབ་གྲྭ་ཡོད་ཚད་ལ་ལྟ་སྐོར་བསྐྱོད་པ་ཙམ་གྱིས་ལས་དོན་བསྒྲུབས་པ་ག་ལ་ཡིན། རང་ཉིད་ལ་ཆ་རྒྱུས་ཆེ་བའི་ཀ་རྡོར་སྒང་གསུམ་ལ་སྐོར་བསྐྱོད་གནང་བ་ཙམ་ལས། བོད་མིའི་ངོ་བོ་བརླག་ཉེན་ཆེ་བའི་ཁུལ་དེའི་བོད་མི་ཚོར་ཁ་ཡོད་ལག་ཡོད་ཀྱི་ལས་གཞི་གང་དག་བརྩམས་ཡོད། ལས་འཆར་གང་དག་བཞག་ཡོད། མི་དགོས་ས་ཞིག་ལ་ལོ་གཅིག་གོང་དུ་སྒང་ཏོག་ཁུལ་གྱི་སཾ་བྷོ་ཊས་ཁྱབ་ཁོངས་སློབ་གྲྭ་གཅིག་པོ་དེ་ཡང་གཏན་ནས་སྒོ་རྒྱབ་སོང་། འོ་ད་་་་མི་བསྒྲུབས་པའི་བྱ་བ་མང་གི་་་་་་་་་་་་་་་་་་་་་་་་་་་
ཝ་ཎའི་མིང་ཁྱེར་ནས་སྤྱི་ཚོགས་དཀྲུག་མ་འདུག དཀྲུག་གཏམ་འདི་འདྲ་འཕེན་འདོད་ན་ཝ་ཎའི་མིང་དེ་བསུབས་ན་ཡག་ཤོས་རེད། ཝ་ཎ་མཐོ་སློབ་ཀྱི་མཚན་སྙན་མ་རྫོད་རོགས། མ་གཞི་སྔ་མོའི་ཝ་ཎ་དང་དེང་གི་ཝ་ཎ་གཉིས་གཅིག་པ་མ་རེད། སྔ་མོའི་ཝ་ཎ་ནི་བོད་ཀྱི་མཁས་པའི་འབྱུང་ཁུང་ལྟ་བུ་ཡིན་ཡང་། དེང་གི་ཝ་ཎ་ནི་དགའ་རོག་སྒྲིག་ས་ཙམ་ལས་སློབ་སྦྱོང་བྱེད་ས་ཞིག་དང་མཁས་པ་ཐོན་ས་ཞིག་དེ་བས་ཀྱང་ཡིན་ཚོད་མ་རེད། རྩོམ་ཡིག་འདི་ཚོ་ལྟས་ན་ཡང་ཝ་ཎའི་སློབ་མའི་སྤུས་ཚད་དང་སྦྱང་ཚད་ཤེས་ཐུབ་ཀི
ལུང་རྟོགས་སམ་ལོང་རྟོགས་ཁྱོད་བདེན། ཁྱོད་རང་ཝ་ཎ་སློབ་འགྲིམ་སྐབས་སུ་ཚང་མ་མཁས་པ་ཤ་རྟག་རེད་འདུག་པས་དེང་སྐབས་ཚང་མ་ཤེས་ཡོན་གནས་ཚད་དམན་པ་ཨེ་ཡིན་ནམ། བསམ་བྱུང་དང་མིན་ནམ་ཟེར་བའི་སྐད་ཅ་དེས་བདེན་པའི་གནས་ལུགས་ཡོད་མ་རེད་ལགས།
བཀྲ་ཤིས་བདེ་ལེགས།
སྲིད་སྐྱོང་མཆོག་ཝ་ཎ་རུ་མ་ཕེབས་པ་ནི་བོད་ཀྱི་སྐད་དང་ཡི་གེ་ལ་མ་དགའ་བ་རེད། གལ་ཏེ། ཝ་ཎའི་འཛིན་སྐྱོང་ཁོང་གི་ཕྱག་ཏུ་ཡོད་ཚེ། ཝ་ཎའི་དཔེ་མཛོད་ཁང་གི་བོད་ཀྱི་བཀའ་བསྟན་རྣམས་ཀྱང་སྔོན་མ་ནས་ནག་བསུབ་བཏང་ཚར་པ་རེད།
འཇམ་དབྱངས་དོན་གྲུབ་ལགས་ཀྱིས་གནད་དོན་མང་པོ་ཞིག་ལ་རྒྱུས་མངའ་མི་འདུག་པས། གཤམ་གྱི་སྐད་ཆ་འདི་ཚོ་ནི་ཁུངས་མེད་རེད་ཅེས་བཤད་རྒྱུ་ཡིན། ” གུས་པ་རང་ཉིད་སློབ་ཆེན་འདིར་སླེབས་ནས་ལོ་ངོ་ཧྲིལ་པོ་དྲུག་ཙམ་ཕྱིན་སོང་ཡང་སློབ་གཉེར་བ་ཚོའི་ཞལ་ལག་ཡར་རྒྱས་དང་འཚོ་དོད་ཆེད་སྲིད་སྐྱོང་མཆོག་ནས་སྒོར་གཅིག་གནང་བ་གོ་མྱོང་ཡང་མེད་ལ། དངོས་ཡོད་གནས་ཚུལ་ལ་ཡང་དེ་དེ་བཞིན་ཡིན་པ་ཚང་མས་མཁྱེན་གསལ་ཡིན།
དེ་ལས་ཀྱང་རྫབ་ཆེ་བ་ཞིག་ལ་བློ་བཟང་སེང་གེ་སྲིད་སྐྱོང་གི་ཁྲི་ལ་ཕེབས་ནས་ལོ་ངོ་བཞི་ལྷག་འདས་ཟིན་ཅིང་། ལོ་ངོ་འདི་དག་རིང་སྟོབས་ཆེན་རྒྱལ་ཁབ་ཨ་རིས་གཙོས་འཛམ་གླིང་ཤར་ནུབ་གང་སར་ཞབས་ཟུང་གི་རེ་ཁ་མངོན་པར་འཁོད་ཀྱང་གནས་མཆོག་ཝཱ་རཱ་ཎ་སཱིར་གནས་བཅའ་བའི་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་འདིར་ཐེངས་གཅིག་ཀྱང་མ་ཕེབས་པའི་རྒྱུ་མཚན་ཅི་ཞིག་ཡིན་ནམ། ” གོང་གི་གནད་དོན་འདི་གཉིས་ནི་ཁུངས་ལུང་གང་ཡང་མེད་པ་དང་གནས་ཚུལ་གང་ཡང་མ་ཤེས་ན་ཡང་ཤེས་མདོག་བྱས་ནས་བཤད་པའི་སྐད་ཆ་ཞིག་རེད་ཅེས་ཞུ་རྒྱུ་ཡིན། སློབ་ཕྲུག་བདེ་དོན་ལྷན་ཚོགས་ནས་ལོ་ལྟར་ལྟོ་ཚང་ལ་སྤྲད་གནང་བའི་དངུལ་སྒོར་དེ་གང་ནས་ཡོང་གི་ཡོད་མེད་ཤེས་ཀྱི་མེད་པ་འདྲ། བདེ་དོན་སྐབས་བཞི་བཅུ་པའི་སྐབས་སྲིད་སྐྱོང་མཆོག་འདྲེན་གྱི་མགྲོན་བརྡ་ཕུལ་རྒྱུ་འཛིན་སྐྱོང་ལ་ཞུས་ཀྱང་འཛིན་སྐྱོང་གི་མཆོག་མཆན་མ་གནང་བ་དེ་ཚོ་ཁྱེད་ཀྱི་ཤེས་ཀྱི་མི་འདུག་པས་མ་འོངས་པར་བཀའ་མོལ་གང་འདྲ་གནང་རུང་ཞིབ་འཇུག་ཡོད་པ་ཞིག་གནང་རོགས་ལགས།
ཝ་ཎའི་དབུ་འཛིན་དགེ་བཤེས་ངག་དབང་བསམ་བསྟན་ཟེར་བ་དེ་མི་གླེང་གཞི་ཅན་ཞིག་ཡིན་རབས་ཡོད། སྲིད་སྐྱོང་ཝ་ཎ་ལ་གདན་འདྲེན་ཞུ་རྒྱུའི་ཆོག་མཆན་མ་གནང་བ་དེ་ཡང་གཏན་གཏན་ཁོ་དང་འབྲེལ་བ་ཡོད་ངེས།
ཝ་ཎ་མཐོ་སློབ་ལ་སྲིད་སྐྱོང་གདན་ཞུ་གནང་ནས་མ་ཕེབས་རེད་དམ། ནམ་རྒྱུན་སྲོད་སྐྱོང་ཕྱོགས་ཕེབས་ནི་བཀའ་ཤག་གི་ཁྱབ་ཁོངས་སུ་ཚོགས་སྡེ་མི་སྡེའི་སར་ཕེབས་པ་དང་བཀའ་ཤག་གི་འཛིན་སྐྱོང་འོག་ཏུ་མེད་པའི་ཚོགས་སྡེ་མི་སྡའི་ཁག་ཏུ་ཕེབས་པ་བཅས་རིགས་གཉིས་ཡོད། བཀའ་ཤག་གི་འཛིན་སྐྱོང་འོག་ཏུ་མེད་པའི་ཚོགས་སྡེ་གང་འདྲ་ཞིག་ཡིན་ཀྱང་དེར་ཕེབས་པར་ངེས་པར་དུ་གདན་ཞུ་མེད་ན་ཕེབས་པའི་ཆ་རྐྱེན་མེད་སོང་བ་ཡིན་པས་གནད་ལུགས་དེ་ཤེས་དགོས། གདན་ཞུ་གནང་ནས་མ་ཕེབས་པ་ཡིན་ན་དེར་གླེང་བརྗོད་བྱེད་ཆོག་པ་ཞིག་རེད། དེ་མིན་ལོ་བཞིའི་ནང་ལ་ཝ་ཎར་ཕེབས་མ་སོང་ཟེར་བ་ཙམ་གྱི་གོ་བརྡ་འཕྲད་པའི་སྐད་ཆ་ཞིག་མ་རེད། རྒྱུ་མཚན་ནི། ཝ་ཎ་མཐོ་སློབ་ནི་རྒྱ་གར་གཞུང་གི་འཛིན་སྐྱོང་འོག་ཏུ་ཡོད་པའི་སྡེ་ཚན་ཞིག་ཡིན་པ་ལས་བཙན་བྱོལ་སྒྲིག་འཛུགས་ཀྱིས་ཐད་ཀའི་འཛིན་སྐྱོང་འོག་ཏུ་མེད་པར་ཤེས་པ་གྱིན།