བསྟན་འཛིན་ཉིན་བྱེད།
ཆུང་ དུས་སྐབས་ངའི་ཨ་ཕས་བོད་སྐོར་སྒྲུང་མང་པོ་བཤད་མྱོང་ལ། ཁོང་ནི་དབུས་གཙང་ས་ཁུལ་གྱི་མཐའ་འཁོབ་ཏུ་ཡོད་པའི་གྲོང་གསེབ་ཆུང་ཆུང་ཞིག་ཏུ་ འཚར་སྐྱེས་བྱུང་འདུག ཁོང་ནི་ཞིང་པ་དཀྱུས་མ་ཞིག་ཡིན་ལ། རྒྱ་གུང་བྲན་ཏང་གིས་བརྗོད་གསལ་ལྟར་ཞིང་བྲན་ལམ་ལུགས་ཀྱི་ལམ་སྲོལ་འོག་ཁྲལ་དང་ འུ་ལག་གི་མནར་གཅོད་མང་པོ་ཞིག་མྱངས་ཡོད་པ་རེད། ཡིན་ནའང་ཨ་ཕའི་སེམས་ཀློང་ནང་བོད་སྡེ་པ་གཞུང་ལ་མི་དགའ་བ་དང་། ཕྲག་དོག ཁོང་ཁྲོ་གཏིང་ནད་སོགས་རྩ་ན་མེད་ལ། ལྷག་པར་དུ་ཁོ་རང་བོད་གཞུང་དགའ་ལྡན་ཕོ་བྲང་དང་བོད་རྒྱལ་ཁབ་ལ་དགའ་ཞེན་དང་ སྤོབས་པ་ཧ་ཅང་ཡོད་ཅིང་། ཆུང་དུས་ལོ་བཅུ་དྲུག་ནས་སྡེ་པ་གཞུང་གི་དམག་མིར་འཛུལ་ཞུགས་ཀྱིས་ཐོག་མར་ལྷ་ས་ དང་། རིམ་པས་ཁམས་ས་ཁུལ་དུ་བོད་ཀྱིས་ས་སྲུང་ལས་དོན་ནང་ཞབས་འདེགས་ཞུས་འདུག ཁོ་པས་བཤད་སྲོལ་ལ། སྐབས་དེར་ཁམས་ཁུལ་དུ་དམག་མིའི་སྦྱོང་བསྡར་སོགས་བྱས་སྐབས་མེ་མདའི་མདེའུ་མེད་ པ་དང་། ལྷག་པར་དུ་གྲང་ངར་ཆེ་བས་གོས་དྲོ་པོ་གྱོན་རྒྱུ་མེད་པ། རྩམ་པ་ཡང་འདེང་ངེས་ཞིག་ཟ་རྒྱུ་མེད་པའི་དཀའ་ངལ་མང་པོ་བཤད་མྱོང་། སྐབས་དེར་ངའི་སེམས་ཀློངས་ནང་ཁོང་ཁྲོ་གཏིང་ནས་ལངས་ཤིང་། དེའི་རྒྱུ་མཚན་གཙོ་བོ་ནི། བོད་ཀྱི་སྐུ་དྲག་མི་སྣ་དང་། དགོན་སྡེ་གྲྭ་ཚང་ཁག་གི་མཛོད་ཁང་ནང་ཟ་འབྲུ་འབོར་ཆེན་ཡོད་ཀྱང་བོད་ཀྱི་ས་སྲུང་ དམག་མི་ཚོར་ཟ་འབྲུ་མེད་པ་དེ་ནི་ཆེས་ཧ་ཅང་གི་ཐབས་སྡུག་དང་དྲང་བདེན་མིན་པས་ ཡིན། མ་ཟད་དུས་ཡུན་མང་པོའི་རིང་རྒྱ་གུང་བྲན་ཏང་བོད་དུ་སླེབས་ནས་སྐུ་དྲག་ལམ་ལུགས་ རྩ་མེད་བཏང་བ་དེར་དགའ་སྣང་སོགས་སྐྱེས་པའི་ཚོར་བ་བྱུང་མྱོང་། ཕྱིར་བཙན་བྱོལ་དུ་འབྱོར་རྗེས་སླར་ཡང་རྒྱ་གར་དམག་སྡེ་ ༢༢ ནང་ལོ་ཉི་ཤུ་ཙམ་ཞབས་ཕྱིས་ཞུས་ཡོད་ཅིང་། དུས་ཡུན་དེའི་རིང་བོད་ནང་སོ་ཉུལ་བྱས་ཏེ་རྒྱ་གུང་བྲན་ཏང་ལ་འཐབ་རྩོད་བྱས་པ་ དང་། སྦང་ལ་དེཤ་བཅིང་གྲོལ་རང་དབང་རྒྱལ་ཁའི་ནང་མཉམ་ཞུགས་སོགས་བྱས་ཡོད།
ཡིན་ ནའང་ངའི་ཨ་ཕ་དེ་མི་ཡ་མཚན་ཅན་ཞིག་རེད། ཁོ་པ་བོད་ཀྱི་སྤྱི་ཚོགས་རྙིང་པར་སྤོབས་པ་ཞེ་དྲག་ཡོད་པ་རེད། ལྷ་སའི་གྲོང་མཁྱེར་དུ་དམག་སྲུང་བྱས་སྐབས་རང་ཉིད་རང་ལ་བཀོལ་སྤྱོད་ཀྱིས་བོད་ ཡིག་སྦྱོང་བ་དང་། བོད་ཀྱི་ཁ་དཔེ་གྲངས་ལས་བརྒལ་བ་ཞིག་ཤུར་ཤུར་དུ་བཤད་ཐུབ་ཀྱི་ཡོད། དེ་བས་ང་རང་ཆུང་དུས་ནས་ཨ་ཕས་བོད་ཡིག་ཀློག་བཅུག་པ་དང་། སྦྱང་ཤིང་སྟེང་ཡིག་གཟུགས་བྲིས་བཅུག་པ། གང་མཚམས་འཚར་ལོང་བྱུང་སྐབས་བོད་ཡིག་ཐོག་གཏོང་ཡིག་བཏང་བཅུག་པས་སོགས་ཆུང་དུས་ ནས་བོད་ཀྱི་སྐད་ཡིག་ལ་དོ་སྣང་དང་སྤོབས་པ་ཞིག་ངའི་སེམས་ནང་བསྐྲུན་ཐུབ་པ་ བྱུང་ཡོད།
ལྷག་ པར་དུ་ཁོང་གིས་ང་ཚོ་རྒྱ་གར་བཙན་བྱོལ་དུ་སྐྱེས་པའི་ཕྲུ་གུ་ཚོར་བོད་ཀྱི་ཡུལ་ ལྗོངས་བཀོད་པ་མཛེས་ཤིང་། ལོ་ཏོག་ལེགས་པ། ཕྱུར་བ་དང་གཡག་ཤ་ ཤིང་ཏོག་འདྲ་མིན། འབྲོག་ཁྱི་གཟི་ཉམས་ལྡན་པ། རོ་སྒྲུང་། ཁམས་པ་དང་སྡེ་པ་གཞུང་གི་དམག་མི་དབར་འཁྲུག་འཛིང་སོགས་ཀྱི་སྒྲུང་སྙན་པོ་དེ་ འདྲ་ཡང་བཤད་མྱོང་།
གཞན་ ཡང་རྒྱ་གར་ཚ་བའི་ལུང་པར་ང་ཚོ་ཕྲུ་གུ་རྣམས་དངུལ་སྤྲད་དེ་འཁྱག་དངར་དང་སྲས་མ་ སོགས་ཟ་རྒྱུ་དགའ་པོ་ཡོད་སྟབས་ཁོང་གིས་འདི་འདྲ་ཞིག་བཤད་མྱོང་། ཐབས་སྐྱོ་པོ་རེད། ང་ཚོ་བོད་ལ་དངུལ་གཅིག་ཀྱང་སྤྲད་མ་དགོས་པར་འཁྱག་པ་ག་ཚོད་དགོས་ནའང་ཡོད་རེད། ལྷག་པར་དུ་སྲས་མ་རྟ་ལ་སྤྲད་པ་མ་གཏོགས་མིས་ནམ་ཡང་ཟ་གི་མ་རེད། སྐད་ཆ་དེ་རིགས་གོ་ཐོས་བྱུང་བ་དེས་ང་ལ་ཚོར་བ་ཤུགས་ཆེ་སྟེར་བ་དང་བོད་དུ་ཕྱིར་ ལོག་བྱ་རྒྱུའི་འདུན་པ་ཤུགས་ཆེ་སྤྲད་མྱོང་།
ཁོང་ ནི་མི་གཤིས་ཀ་བཟང་ཤིང་། ལས་ཀར་འབད་བརྩོན་ཆེ་བ། ཆོས་སེམས་ཆེ་བ། གུ་ཡངས་པ། ཁ་རི་ཁ་ཐུག ཆང་ལ་དགའ་བ། ཡིན་ནའང་ར་བཟི་ན་ལམ་སེང་གཉིད་ཁུག་པ་མ་གཏོགས་རྙོག་འདྲ་བཤད་པ་སོགས་རྩ་ན་བྱས་ ཀྱི་མེད་ལ། ལྷག་པར་དུ་རིགས་རུས་དབྱེ་འབྱེད་རྩ་ནས་མི་བྱས་ཤིང་གར་བའི་ལག་རྩལ་ལ་བསྟོད་ བསྔགས་དང་། གཞོན་སྐྱེས་བོད་རིགས་ཚོར་ཤེས་ཡོན་སྤྲད་རྒྱུ་གལ་ཆེར་བརྩིས་མཁན་ཞིག་ཡིན་པ་ རེད། སྐབས་དེ་དུས་ང་ཚོའི་གཞིས་ཆགས་ནང་གི་བོད་པའི་ཕ་མ་མང་པོས་རང་ཉིད་ཀྱི་ཕྲུ་གུ་ སློབ་གྲྭ་ནས་ཕྱིར་འཐེན་གྱིས་སུད་ཚོང་དུ་འཁྲིད་འགྲོ་གི་ཡོད་སྟབས་ཁོ་པས་དེ་ བཀག་ཐབས་མང་པོ་བྱས་ཡོད།
ཁོ་ པས་དུས་རྒྱུན་དུ་ཕྲུ་གུ་ཚོར་དྲང་པོ་དྲང་བཞག་དང་བླ་མ་དཀོན་ཅོག་བྱས་དགོས་པ། ལས་རྒྱུ་འབྲས་བརྩིས་དགོས་པ། དུས་རྒྱུན་དུ་ལྷག་བསམ་རྣམ་དག་གིས་བོད་སྤྱི་པར་ཞབས་འདེགས་ཞུས་དགོས་པ་སོགས་ ཀྱི་བསླབ་བྱ་ནན་པོ་བརྒྱབ་ཀྱི་ཡོད། ཁོ་པའི་སེམས་ནང་བོད་རང་བཙན་ཡིན་པ་དང་། དུས་རྒྱུན་དུ་བོད་ལ་ཕྱིར་ལོག་བྱ་རྒྱུའི་རེ་བ་བརྒྱབ་ཀྱི་ཡོད་པ་རེད།
རྗེས་ སོར་ཁོ་རང་ལོ་བདུན་ཅུ་དོན་བརྒྱད་སླེབས་སྐབས་གློ་བུར་དུ་ཀེན་སེར་ནད་ནར་གྱིས་ ཉལ་སའི་ནང་ན་ཟུག་གིས་ཟླ་བཞི་༷ཙམ་ལྷུང་ཅིང་། མཐར་ལུས་ལ་ཤ་སོགས་ཅི་ཡང་མེད་པར་རུས་པ་༷ཙམ་ལྷག་སྐབས་རང་ཉིད་འདས་གྲོངས་སུ་ གྱུར་རྒྱུ་ཡིན་པ་ཤེས་སྟབས། རང་གི་མཛུབ་མོར་གསེར་གྱི་ཚིགས་ཁེབས་ཐེབས་ལྕག་ཅིག་ཡོད་པ་དེ་མར་བཏོན་ཏེ་འདི་ རྒྱལ་བ་རིན་པོ་ཆེའི་སྐུ་སྒེར་ཡིག་ཚང་དུ་འབུལ་རོགས་ཞེས་དང་། ཨ་ཁ་ང་རང་བོད་ལ་ཤི་རྒྱུ་བྱུང་མ་སོང་ཞེས་སྨེ་ངག་ཅིག་འཐེན།།
ཉིན་བྱེད་ལགས་ནས་རང་གི་ཨ་ཕའི་བསླབ་བྱ་འདི་རུ་བཀོད་པ་འདིས་ང་ཚོ་མང་པོ་ཞིག་ལ་སོ་སོའི་ཕ་དམ་ པའི་བཀའ་སློབ་ཡིད་ལ་དྲན་བསྐུལ་རེ་བྱས་འདུག། བསྔགས་འོས་སུ་མཐོང།
རེད་ཡ། ང་ཚོ་མི་རབས་གསུམ་པའི་གཞོན་སྐྱེས་ཚོས་ད་ཤུགས་མ་བརྒྱབ་ན་ང་ཚོའི་མི་རབས་རྒན་པ་ཚོ་ང་ཚོར་རེ་བ་
བརྒྱབ་གིན་བརྒྱབ་གིན་མི་ཡུལ་འདིར་རྫོགས་འགྲོ་ཡི་ཡོད། དེ་ནི་ཁོ་ཚོར་མཚོན་ན་བློ་ཕམ་ཆེ་བའི་རེ་སྟོང་ལྟ་བུ་ཆགས་པ་རེད། གཞོན་སྐྱེས་ཚོ་ལོངས་ཤཽག།་་་་་་་་་་་་་་་་་་་་་་་་ལོངས་ཤོག།་་་་་་་་་་་་་་་་་་
ཉིན་བྱེད་ཀྱི་རྩོམ་ཡིག་བློར་འབབ་ཅིག་བྲིས་འདུག འོན་ཀྱང་སྔ་མ་ད་དུང་ཚར་མེད་པའི་ཚོར་བ་ཞིག་སྤྲད་བྱུང་། གང་ལྟར་ཁྱེད་ཀྱི་བོད་ཡིག་གི་རྩོམ་རྩལ་ལ་ཡར་རྒྱས་ཆེན་པོ་འགྲོ་བཞིན་པས་དགའ་སྤྲོས་བརྟས། ཕ་བཟང་གི་བུ་ཤུ་རེ་བྱོས་ཤིག