རྒྱ་ཤོད་པ་བསྟན་འཛིན་རབ་བརྟན།
(བོད་གནས་གསར་འགྱུར། བོད་ནས་འགྲེལ་བརྗོད་བྱུང་བ།) མིང་བརྗོད་འདོད་མེད་པ་ཕ་ཡུལ་མདོ་ཁམས་རྒྱ་ཤོད་ནས་ཡིན་པའི་བོད་མི་རེ་འགས་ཁ་གཅིག་གྲགས་ཀྱིས་གནས་ཚུལ་བརྗོད་པ་ལྟར་ན། འབྲི་རུ་རྫོང་གི་འགོ་ཁྲིད་བསྟན་དགྲ་བྲེང་འགང་ཧྲུའུ་ཅི་ཟེར་ཞིང་ཕ་ཡུལ་ཆ་མདོ་ཕྱོགས་ནས་ཡིན་པའི་བོད་རིགས་བོད་མིང་ལ་སངས་རྒྱས་བཀྲིས་ཟེར་བའི་དཔོན་ངན་དེས། འབྲི་རུ་རྫོང་ལ་དེ་སྔ་ལོ་ཤེས་གོང་ནས་མི་མང་སྡུག་མནར་གཅོད་ཚད་ལས་བརྒལ་བ་བཏང་ཚུལ་ཡོངས་གྲགས་ཡིན་པ་བཞིན། ད་སྐབས་ཡང་འབྲི་རུ་རྫོང་ཁོངས་རྒྱ་ཤོད་སེན་ཚ་ཤང་ངམ་གཡང་ཤོད་ཤང་དང་། པད་དཀར་ཤང་ཁག་གཉིས་ནང་བཟོད་དཀའ་བའི་ཇུས་ངན་སྣ་ཚོགས་ཤིག་སྤེལ་བཞིན་ཡོད་འདུག་པའི་སྐོར་བརྗོད་དོན།
༡།༽ ད་སྐབས་འབྲི་རུ་རྒྱ་ཤོད་སེན་ཚ་ཤང་ངམ་གཡང་ཤོད་ཤང་དུ་བོད་མི་ཁྱིམ་ཚང་སོ་སོའི་མི་རབས་ནས་དག་པའི་ས་ཞིང་དང་། བོད་ལུགས་ཁང་བཟོ་དང་ཁང་པའི་མཐའ་སྐོར་གྱི་བརྒྱ་ར་རམ་སྒོར་བ་ཡོད་དོ་ཅོག་བཙན་དབང་བཤུ་གཞོག་གིས་གཏོར་ཤིགས་གཏོང་གིན་ཡོད་འདུག་པ་མ་ཟད། དུད་ཚང་གཅིག་ལ་ཁང་རྒྱ་ཆེན་པོ་ཡོད་རིགས་རྣམས་ལ་ཁྲིམ་མེད་ལུགས་མེད་ཀྱི་སྐྱོན་བརྗོད་དང་འབྲེལ་ཁང་པ་གཏོར་ཏེ་སྐྱར་དུ་གཏན་འབེབས་ཚད་ལྟར་ཁང་པ་རྒྱག་དགོས་པའི་བཙན་བཀའ་བཏང་གིན་ཡོད་འདུག ཁང་པ་དང་སྒོར་བ་གཏོར་ རྗེས་ཁྱིམ་ཚང་དེ་ནས་གཏོར་གླ་དངུལ་ཡང་དགོས་འདུན་སྟོན་གྱི་ཡོད་འདུག
དཔོན་ངན་དེའི་དམིགས་ཡུལ་ནི་མི་མང་གི་ཁང་ཞིང་དང་སྒོར་བ་སོགས་བཙན་འཕྲོག་གིས་གྱོན་གུད་བཏང་རྗེས། ད་ལྟ་བོད་ཀྱི་ཞག་རྩི་ལྡན་པའི་སེན་ཚ་གྲོང་སྡེ་དེ་ཉིད་རྒྱ་བསྐྱེད་གཏོང་ཁུལ་གྱིས་རྒྱ་མི་ནང་འདྲེན་བྱེད་ནས། རྗེས་སུ་རྒྱ་སྡེ་འམ་རྒྱ་ཡི་གྲོང་རྡལ་གྱི་རྣམ་པ་ཅན་དུ་བསྒྱུར་རྒྱུ་ཡིན་པའི་ཚོད་དཔག་བྱེད་ཀྱིན་འདུག
ཉེ་ཆར་ཕྱི་ཟླ་ ༨ ནང་རྒྱ་གཞུང་གི་བཙན་བཀའི་འོག་སེན་ཚ་ཤང་ཞབས་གྲོང་སྡེ་ཚང་མས་སྔར་ལྷག་གི་རྟ་རྒྱུགས་དུས་ཆེན་ལ་མཉམ་ཞུགས་དགོས་པ་དང་། སྐབས་དེར་ངེས་པར་དུ་སྟག་པགས་དང་གཟིག་པགས་ཀྱི་རྒྱན་གོས་སྤྲས་དགོས་པའི་བཙན་བཀའ་བཏང་འདུག་ཀྱང་། བོད་མི་ཚོས་པགས་རིགས་མ་གྱོན་པར་བརྟེན། སྟག་པགས་དང་གཟིག་པགས་ཀྱི་རྒྱན་གོས་བཙན་གྱིས་རྟ་རྒྱུགས་སྐབས་མང་ཚོགས་ལ་འགྲེམས་སྟོན་བྱེད་དུ་བཅུགས་འདུག སྔ་ལོ་ཕྱི་ཟླ་ ༡༡ ནང་སེན་ཚ་ཤང་དབུ་གཞུང་གྲོང་ཚོའི་འགོ་འཁྲིད་ངག་དབང་སྨོན་ལམ་ཞུ་བ་ཞིག་དམར་གསོད་བཏང་བའི་གནས་ཚུལ་ཐོན་ཡོད། ད་ལྟ་ད་དུང་དཔོན་ངན་བྲེང་འགང་ཧྲུས་ཅི་དང་ལག་རོགས་གཡང་ཤོད་ཤང་གི་འགོ་ཁྲིད་དམ་ཆོས་རིན་ཆེན་ཟེར་བ་གཉིས་ངན་འབྲེལ་གྱིས་མི་དམངས་ལ་གཉའ་གནོན་བཤུ་གཞོག་གི་ལས་འགུལ་སྤེལ་བཞིན་ཡོད་འདུག་པ་མ་ཟད། གལ་ཏེ་བཙན་བཀའ་ལྟར་མ་ཉན་ཚེ་བཙོན་འཇུག་ཁྲིམས་གཅོད་དང་ཡུལ་མི་རྣམས་དབྱར་རྩ་དགུན་འབུ་བརྐོ་རྒྱུར་བཀག་འགོག་བྱ་རྒྱུ་ཡིན་ཚུལ་གྱི་འཇིགས་སྐུལ་ཞུ་མུས་ཡིན་འདུག
༢།༽ གཞན་ཡང་། འབྲི་རུ་རྒྱ་ཤོད་པད་དཀར་ཤང་ཁོངས་རྡོ་རྟེང་དགོན་ངོ་མཚར་ཕུན་ཚོགས་གླིང་ཞེས་པའི་བོན་དགོན་རྙིང་གྲས་ཞིག་ཡོད་པ་དེར་ལོ་ཤས་གོང་ནས་མཚན་ཉིད་བཅུགས་ཏེ་ཚན་ཉིད་དགེ་རྒན་ཁྱུང་པོ་སོགས་ས་ཕྱོགས་གཞན་ནས་གླས་ཏེ། ད་བར་སློབ་གཉེར་བ་མང་པོ་ལ་ཕན་ཡོན་སྤྲད་ཐུབ་པའི་ཡུལ་ལུང་དེར་ཤེས་རིག་ཐད་ཡར་རྒྱས་ཀྱི་རྣམ་པ་ཆེས་ཆེར་མངོན་ཐུབ་པ་བྱུང་འདུག་པ་མ་ཟད། ད་ལྟའི་ཆར་མཚན་ཉིད་སློབ་གཉེར་བ་གྲངས་ ༦༠ ཙམ་གྱིས་ཚད་མ་རིག་པར་སྦྱང་བརྩོན་བྱེད་མུས་ཡིན་འདུག་ཀྱང་།
སྟབས་མ་ལེགས་པ་ཞིག་ལ། ད་སྐབས་རྗོང་དང་ཤང་གི་དཔོན་ངན་དེ་ཚོས་ད་ལྟར་དགོན་པ་དེར་མཚན་ཉིད་པ་གཏན་ནས་མེད་པ་བཟོས་འདུག་པས་ཡུལ་མི་ཚོ་ཧ་ཅང་བློ་ཕམ་བྱེད་ཀྱི་འདུག ཕྱོགས་མཚུངས་སྟོང་ལོ་གསར་པའི་འགོ་ཙམ་དུ་པད་དཀར་དགོན་པའི་རྒྱལ་གཅེས་ལྷག་བསམ་ཅན་གྱི་དགེ་སློང་སྙན་གྲགས་ཞུ་བ་ཞིག་གིས་། ཁོང་སྐུ་སྒེར་གྱིས་སྤྱིར་བོད་ཀྱི་རིག་གཞུང་སྲུང་སྐྱོབ་དང་། སྒོས་སུ་ཡུལ་ལུང་དེའི་གཞོན་སྐྱེད་ཚོར་དམིགས་ཏེ་བོད་ཀྱི་གསོ་བ་རིག་པའི་སློབ་གྲྭ་ཞིག་ཆེད་བཅུགས་གནང་ཏེ་སློབ་མ་བརྒྱ་སྐོར་ཞིག་ལ་བོད་ཀྱི་སྐད་ཡིག་སུམ་རྟགས་དག་གསུམ་དང་། གཙོ་བོ་གསོ་བ་རིག་པའི་སློབ་སྦྱོད་ཚད་ལྡན་སྤྲད་བཞིན་པའི་སྐབས་ ༢༠༠༧ ལོར་དགེ་སློང་སྙན་གྲགས་ལགས་ཀྱི་སྒེར་བཅུགས་བོད་ཀྱི་གསོ་རིག་སློབ་གྲྭ་དེ་རྒྱ་གཞུང་གིས་གཏན་དུ་སྒོ་བརྒྱབ་ཏེ་སློབ་གྲ་དེའི་དགེ་སློབ་ཚང་མ་ཅི་བྱ་གཏོལ་མེད་གྱུར་བའི་ཡིད་སྐྱོ་གནས་ཚུལ་བྱུང་བའི་འགྲེལ་བརྗོད་གནང་བྱུང།
༣།༽ དེ་བཞིན་ཉེ་ལམ་བོད་ཟླ་ ༨ ཚེས་ ༡༤ ནས་འགོ་བཙུགས་ཏེ་ཉིན་གསུམ་རིང་རྒྱ་ཤོད་པད་དཀར་ཤང་ཁོངས་ཡ་ང་བྱ་མདའ་དགའ་ལྡན་མཁའ་སྤྱོད་གླིང་དུ་འབྲི་རུ་རྫོང་དཔོན་སངས་རྒྱས་བཀྲིས་ཁོ་པ་ཆེད་བཅར་གྱིས་དགོན་དེའི་བཙུན་མ་ ༢༠༠ ཙམ་ཡོད་པ་ནས་བཙུན་མ་ ༡༠༠ འདི་ལོ་སླར་ཡང་ཕྱིར་འཕུད་བཏང་བའི་གནས་ཚུལ་འདུག སྔ་ལོའི་ད་ཚོད་ལ་དཔོན་ངན་དེས་སྲིད་བྱུས་འོག་བཙུན་དགོན་དེ་ག་རང་ནས་བཙུན་མ་ ༢༦ ཕྱིར་ཕུད་བཏང་བའི་གནས་ཚུལ་འདི་ནས་ཕྱི་བསྒྲགས་གནང་ཡོད།
ད་ལྟར་བྱ་མདའ་དགོན་ལ་བཙུན་མ་ལྷག་མ་བརྒྱ་ཙམ་ཞིག་ཡོད་འདུག་པ་དེ་ནས་བཙུན་མ་ ༤༩ ཚད་བཀག་ཆོག་མཆན་ཡོད་པའི་སྒྲིགས་མཐུན་ཚོགས་ཞུགས་བའི་ཞལ་གྲངས་ཡིན་སྐད་དང་། གཞན་བཙུན་མ་གྲངས་ ༥༡ ནི་སློབ་གཉེར་དང་སྒྲིགས་ཞུགས་ཀྱི་ཐོབ་ཐང་མེད་པར་དགོན་དེའི་འཛིན་སྐྱོང་དང་། ཁྱབ་ཁོངས་ཚོང་ཁང་མགྲོན་ཁང་སོགས་ཀྱི་ཆེད་ལས་བྱ་བ་ཞེ་གཅིག་ཏུ་བཞག་ཡོད་ཚུལ་བཤད་འདུག
ཡང་ཕྱིར་ཕུད་ཟིན་པའི་བཙུན་མ་ ༡༠༠ པོ་དེ་ཚོས་རང་ཁྱིམ་དུའང་རབ་བྱུང་གི་ཆས་སྤྲས་མི་ཆོག་པ་དང་། གལ་སྲིད་རབ་བྱུང་གི་ན་བཟའ་གྱོན་ན་ཁྲིམས་འགལ་ཡིན་པ་མ་ཟད། ཕྱིར་ཕུད་ཟིན་པའི་བཙུན་མ་ཚོའི་སྒེར་ཤག་ཚང་མ་བཤིག་དགོས་པའི་བཙན་བཀའ་བཏང་ཡོད་འདུག ད་དུང་ས་ཆ་གཞན་ལ་སློབ་གཉེར་ཆེད་ལ་འགྲོ་སྐྱོད་མི་ཆོག་པ་དང་། གལ་སྲིད་སོང་བ་ཡིན་ན་གྲོངཚོའི་འགོ་འཁྲིད་དང་ཁྱིམ་ཚང་བཅས་བཙོན་འཇུག་ཡིན་པའི་ཁར་ལོ་གསུམ་ལ་འབུ་བརྐོ་མི་ཆོག་པ་སོགས་བསྒྲགས་ཡོད་འདུག སྒྲིག་ཞུགས་བཙུན་མའི་ཁོངས་སུ་རང་ལོ་ལྔ་བཅུ་ལོན་ན་དགོན་པ་ནང་བཞུགས་མི་ཆོག་པར་ཐད་ཀར་རྒས་གསོ་ཁང་དུ་བཅུག་དགོས་པའི་བཙན་དཀའ་བཏང་དང་གཏོང་བཞིན་པའི་གནས་ཚུལ་ཁུངས་ལྡན་མཁོ་སྤྲོད་གནང་བྱུང་།
རང་དབང་མེད་པའི་དུས་ངན་འདི་འདྲ་ལ་བོད་མི་ཉམ་ཐག་ཚོའི་བདེ་སྡུག་ཡར་ཞུ་བྱ་ས་མེད་པའི་སྡུག་བསྔལ་ཆེ་བའི་སྐོར་འགྲེལ་བརྗོད་པས་ངུ་སྐད་འདར་འདར་དང་སྦྲགས་བརྗོད་ཀྱི་འདུག འབྲི་རུ་རྒྱ་ཤོད་ཁུལ་དུ་ ༢༠༡༢ ལོ་བསྟུད་མར་རྒྱལ་གཅེས་པོ་གསུལ་གིས་རང་ལུས་མེར་སྲེག་བཏང་བའི་གནས་ཚུལ་བསྟུད་མར་བྱུང་རྗེས། བོད་རང་སྐྱོང་ལྗོངས་ཀྱི་ཆབ་སྲིད་ཀྱི་དམ་དྲག་ཆེ་བའི་ས་ཁུལ་ཁོ་ན་དེ་ཆགས་པའི་གནས་སྟངས་རང་འཇགས་ཡིན་སྟབས་གནས་ཚུལ་བྱུང་ནས་དུས་རིང་རྗེས་ལ་མ་གཏོགས་ཕྱི་ཕྱོགས་སུ་སྒྲགས་ཐབས་མེད་པར་ལྷག་བཞིན་ཡོད་འདུག གནས་ཚུལ་དེ་ཚོ་བྱུང་བ་ངོ་མ་རེད་འདུག་པ་མ་ཟད། ད་དུང་འདི་ལས་ད་དྲག་པའི་ཞིབ་ཕྲའི་གནས་ཚུལ་རེག་ཐབས་ཁག་པོ་འདུག
པར་གྱི་གསལ་བཤད།
༡༽ གཏོར་བཤིག་དགོས་པའི་དུད་ཚང་ཁང་པ་ཆེ་དྲས་ཤིག་གི་ཁང་ཟུར་གྱི་རྣམ་པ།
༢༽ རྟ་རྒྱུགས་དུས་ཆེན་སྒོ་འབྱེད་སྐབས་གཡང་ཤོད་གྲོང་སྡེ་སོ་སོའི་ཟློས་གར་རུ་ཁག་གི་རུ་སྒྲིག་རྣམ་པ།
༣༽ སེན་ཚའི་རྟ་རྒྱུགས་སྐབས་རྒྱ་དར་དམར་པོ་མཁལ་དབྱིངས་སུ་སྒྲེང་བཅུག་པའི་རྣམ་པ།
༤༽ པད་དཀར་ཤང་ཞབས་ཀྱི་བྱ་མདའ་བཙུན་དགོན་དང་ཉེ་འཁོར་གྱི་བཙུན་མའི་ཤག་བཅས་ཀྱི་རྣམ་པ།
༡༽ བཙན་དབང་གིས་གཏོར་དགོས་པའི་ཁྱིམ་ཚང་སོ་སོས་སྒོར་བ་རྣམ་པ།
༥༽ སེན་ཚའི་རྟ་རྒྱུགས་སྐབས་པགས་རིགས་རྒྱན་གོས་འགྲེམས་སྟོན་བྱས་བཅུག་པའི་རྣམ་པ།
༼འབྲི་རུ་རྒྱ་ཤོད་པད་དཀར་ཤང་ཁོངས་རྡོ་རྟེང་དགོན་ངོ་མཚར་ཕུན་ཚོགས་གླིང་ཞེས་པའི་བོན་དགོན་རྙིང་གྲས་ཞིག་ཡོད་པ་དེར་ལོ་ཤས་གོང་ནས་མཚན་ཉིད་བཙུགས་ཏེ་ཚན་ཉིད་དགེ་རྒན་ཁྱུང་པོ་སོགས་ས་ཕྱོགས་གཞན་ནས་གླས་ཏེ། ད་བར་སློབ་གཉེར་བ་མང་པོ་ལ་ཕན་ཡོན་སྤྲད་ཐུབ་པའི་ཡུལ་ལུང་དེར་ཤེས་རིག་ཐད་ཡར་རྒྱས་ཀྱི་རྣམ་པ་ཆེས་ཆེར་མངོན་ཐུབ་པ་བྱུང་འདུག་པ་མ་ཟད། ད་ལྟའི་ཆར་མཚན་ཉིད་སློབ་གཉེར་བ་གྲངས་ ༦༠ ཙམ་གྱིས་ཚད་མ་རིག་པར་སྦྱང་བརྩོན་བྱེད་མུས་ཡིན་འདུག་ཀྱང་།
སྟབས་མ་ལེགས་པ་ཞིག་ལ། ད་སྐབས་རྗོང་དང་ཤང་གི་དཔོན་ངན་དེ་ཚོས་ད་ལྟར་དགོན་པ་དེར་མཚན་ཉིད་པ་གཏན་ནས་མེད་པ་བཟོས་འདུག་པས་ཡུལ་མི་ཚོ་ཧ་ཅང་བློ་ཕམ་བྱེད་ཀྱི་འདུག༽
ཨ་ཁ་ཁ་ཁ་ང་ཚོས་གོ་ཡོད་ཐོས་ཡོད། མི་ངན་དཔོན་ལ་བསྐོས་ན་ཡུལ་ལུང་ཕུངས་ལ་སྦྱོར། རང་ས་རང་ཡུལ་གྱི་ས་གནས་མི་དམངས་ལ་ནུས་པ་སྤུ་ཙམ་མེད་པ་ཅི་ཡིན་ནམ། མི་རིགས་ས་ཁོངས་རང་སྐྱོང་གི་ཆབ་སྲིད་ཟེར་བ་དེ་སུས་གྱུར་མིད་བཏང་སོང་། མི་ངན་གླང་ངེ་འདྲ་པོ་ཁ་ཤས་ཤིག་གིས་ག་རེ་བྱེད་བྱེད་འདྲ་པོ་དེ་འདྲའི་ཡུལ་ལུང་ལ་བདེ་སྐྱིད་མེད་པ་ཁོ་ཐག་རེད་དོ། །
ཀྲུང་གོའི་ཆབ་སྲིད་ཀྱི་འཛིན་སྐྱོང་འོག་ཏུ། བོད་ཀྱི་ས་ཆ་ཁ་ཤས་ལ་དུས་འཁོར་དབང་ཆེན་གནང་ནས་མི་མངས་འབུམ་ཕྲག་མང་པོ་འདུ་འཛོམས་བྱེད་ཆོག་པ་དང་། དེ་བཞིན་འཇང་དགུན་ཆོས་ཆེན་མོ་སོགས་འཚོགས་ནས་གྲྭ་བ་སྟོང་ཕྲག་མང་པོ་འདུ་འཛོམས་ཆོག་པ་དང་། དེ་དང་དེ་བཞིན་པའི་ཆོས་ལུགས་ཀྱི་འདུ་འཛོམས་དཔེ་མི་སྲིད་པའི་གྲ་རྒྱས་པོ་དེ་འདྲ་འཚོགས་པ་དང་གནས་པ་སྐྱོང་བ་བྱེད་ཆོག་བཞིན་པ་ལ། བོད་ཁུལ་གྱི་དགོན་པ་གང་ཞིག་གི་ནང་དུ་མཚན་ཉིད་པ་མི་གྲངས་༦༠་ཙམ་ཡང་སློབ་གཉེར་བྱས་ནས་སྡོད་མི་ཆོག་པའི་འདི་ལྟའི་སྒྲིག་ཁྲིམས་ཆ་མི་སྙོམ་པའི་བྱ་སྤྱོད་འདི་ཚོ། ལས་ངན་བོད་ཁུལ་གྱི་དཔོན་ངན་ཁྱོད་ལྟ་བུའི་མུན་དོང་ནང་གི་ཁྲོམ་སྦལ་གྱི་བྱ་སྤྱོད་ཅིག་མིན་ཅི་ཡིན། ཁྱོད་འདྲ་བའི་བོད་ཁུལ་གྱི་དཔོན་ངན་ཡ་བོ་དང་ཁྲམ་པའི་ཁྱུ་ཚོགས་དེ་ཚོ་ད་ལྟ་ཉིད་དུ་རྨིང་མེད་དུ་ཞི་བར་གྱུར་ཅིག་གུ །
རང་བཙན་ལྟ་འཛིན་གྱིས། དབུ་མའི་ལམ་ཐག་རིང་དུ། གཏོང་བགྱིད་ཡོད་རེད་སྙམ།
དགོངས་དག འབྲི་ས་ནོར་འདུག