རྔ་བ་རྒྱལ་ཁམས་པ།
ངས་ཕལ་ཆེར་ཉིན་རེར། ཀུན་རྫོབ་དེ་ཉིད་གཤོག་ཡངས་དཀར་བོ་རྒྱས་འགྱུར་ལ།། ངང་བའི་རྒྱལ་བོ་དེ་ནི་སྐྱེ་བོའི་ངང་བ་ཡིས།། མདུན་དུ་བདར་ནས་དགེ་བའི་རླུང་གི་སྟོབས་ཤུགས་ཀྱིས།། རྒྱལ་བའི་ཡོན་ཏན་རྒྱ་མཚོའི་ཕ་རོལ་མཆོག་ཏུ་འགྲོ ། ཞེས་པའི་ཟླ་གྲགས་ཀྱི་དབུ་མ་འཇུག་པའི་ནང་གི་ཚིགས་བཅད་འདི་བསྐྱར་ཟློས་བྱེད་བཞིན་ཡོད།
ཚིགས་བཅད་འདིའི་ཚིག་གི་ངོ་གདོང་ནས་བལྟས་ན། ཀུན་རྫོབ་སྟེ་སྣང་ཚུལ་གྱི་ཆོས་དང་། དེ་ཉིད་ཅེས་གནས་ཚུལ་གྱི་ཆོས་གཉིས་སམ། ཡང་ན། དོན་དམ་བདེན་པ་དང་ཀུན་རྫོབ་བདེན་པ་སྟེ། བདེན་པ་གཉིས་པོ་འདི་མཉམ་འབྲེལ་བྱས་པ་ལས། སྣང་ཞིང་སྲིད་པའི་ཆོས་མཐའ་དག་འབྱུང་གིན་ཡོད་པར་གསུངས་ཤིང་། དེའང་འདབ་ཆགས་ངང་བ་ཞིག་གིས་གཤོག་ཟུང་ལ་བརྟེན་ནས་དགུང་སྔོན་གཅོད་པའི་ངང་ཚུལ་མཐུན་དཔེར་བཞག་སྟེ་སངས་རྒྱས་ཀྱི་སར་བགྲོད་ཚུལ་གསལ་བཤད་གནང་འདུག
ངས་ལྟ་ཚུལ་འདི་སེམས་ངོར་བཟུང་སྟེ། ཆོས་དང་འཇིག་རྟེན་གྱི་ཤེས་བྱའི་ངོགས་མཉུལ་ཞིབ་བྱེད་ཀྱིན་ཡོད། རྒྱལ་ཕམ་དང་བདེ་སྡུག་གང་གི་སྐབས་ཡིན་ནའང་། བསམ་བློ་འདིས་ང་ལ་ཕན་ཆེན་པོ་ཐོགས་ཀྱིན་འདུག རྒྱུ་མཚན་ནི། བདེ་སྡུག་གཉིས་དོ་མཉམ་ཞིག་གི་ངོས་ནས། གཏན་གྱི་འདུན་མ་ཞིག་སྒྲུབ་པའི་གནས་ལུགས་དང་། རྒྱལ་ཕམ་གཉིས་དོ་མཉམ་ཞིག་གི་ངོས་ནས་མི་ཚེའི་འཚོལ་སྙེག་ཅིག་སྒྲུབ་པའི་ཐབས་ལམ་ཏེ། འཕྲལ་ཡུན་གྱི་ཐོབ་བྱ་མཐའ་དག་ཕྱོགས་གཉིས་འཛོམས་པའི་རྟེན་འབྲེལ་གྱི་རང་བཞིན་ཐོག་ཡོད་པ། ཇེ་གསལ་ནས་ཇེ་གསལ་དུ་འགྲོ་བཞིན་འདུག བདེ་བ་ཞེས་པ་སྡུག་བསྔལ་གྱི་ལྡོག་ཆ་ནས་ཡོང་གི་ཡོད་པ་ལྟར། སྡུག་བསྔལ་ཞེས་པའང་བདེ་བའི་ལྡོག་ཆ་ནས་ཡོང་གི་ཡོད་པ་ལས། བདེ་སྡུག་རང་རྐྱ་བ་ཞིག་མེད་པའི་གནས་ལུགས་འདིར་ངོ་མཚར་ཞིང་། ང་ཚོའི་བྱ་འགུལ་ཚང་མ་གནས་ལུགས་འདིའི་ངང་དུ་ཡོད་པར་ངོ་མ་ཤེས་པར་ངོ་ཚ་ཞིང་ཡི་མུག ཕ་ངོ་བུས་མ་ཤེས་པ་ལྟ་བུའི་ཚོར་སྣང་བྱུང་།
གནས་ལུགས་འདིའི་ཐོག་ནས་བོད་ཀྱི་འཐབ་རྩོད་ལ་ཅིག་བལྟས་པ་ཡིན་ན། དབུ་མའི་ལམ་དང་། རང་བཙན་གཉིས་བོད་དོན་རྩོད་པའི་ཐབས་དང་ཤེས་རབ་ཟུང་ཞིག་ཡིན་པ་དང་། ཐབས་ཤེས་ཀྱི་གཤོག་ཟུང་དེ་ལ་བརྟེན་ནས། ང་ཚོ་སྟེ་ངང་བའི་རྒྱལ་བོ་རྣམས། ཐོབ་ཤོར་རྩོད་པའི་དཀའ་སྡུག་གི་མཁའ་དབྱིངས་ཡུད་ཀྱིས་བརྒལ་ནས། ནམ་ཞིག་རང་སྐྱོང་དང་། རང་བཙན་གང་རུང་གི་རྒྱལ་གཞིས་སུ་བསླེབ་རྒྱུ་ཡིན་པ་གསལ་བོར་རྟོགས་པས། ད་ནི་ལམ་དབུ་མ་དང་། རང་བཙན་གཙང་མ་གཉིས་ཀྱིས་བཟའ་འཛིང་མི་བྱེད་པར་བྱ་རྒྱལ་རྒོད་པོའི་གཤོག་ཟུང་ལྟར་མཉམ་དུ་སྦྲེལ་ནས། བོད་ཀྱི་བདེན་མཐའ་ལ་གཞོགས་འདེགས་བྱེད་ཡ།
ངའི་དབུ་མ་འཇུག་པའི་ནང་ལ།
ཀུན་རྫོབ་དེ་ཉིད་གཤོག་ཡངས་དཀར་བོ་༼པོ་༽རྒྱས་འགྱུར་ལ། །ངང་བའི་༼ངང་པའི་༽རྒྱལ་བོ་༼པོ་༽དེ་ནི་སྐྱེ་བོའི་ངང་བ་༼པ་༽ཡིས། །མདུན་དུ་བདར་ནས་དགེ་བའི་རླུང་གི་སྟོབས་ཤུགས་ཀྱིས། །རྒྱལ་བའི་ཡོན་ཏན་རྒྱ་མཚོའི་ཕ་རོལ་མཆོག་ཏུ་འགྲོ།།
པོ་གསུམ་པ་གཅིག་འདི་དག་ནོར་བ་ཡིན་ནམ། ལགས།
ཡང་ཟླ་བ་གྲགས་པ་ལ་འགྲེལ་བརྗོད་ཅིག་མིན་ནམ་བསམ་བྱུང་སྟེ་དམིགས་བསལ་གལ་བཤད་རྒྱུ་མི་འདུག་་་་་
གཅིག་ཕན་གཅིག་གྲོགས་རེད་ཅེས་གོང་དུ་ཁ་ཤས་ནས་གསུངས་ཡོད་ཀྱང་རེ་འགའ་ཞིག་གིས་བསམ་གཟས་ནས་ལོག་བཤད་ཀྱིན་འདུག་པས། རྩོམ་འདིས་མི་མང་པོར་ཕན་ཐོགས་ངེས་རེད།
རྩོམ་ཡག་པོ་བྲིས་གནང་འདུག་ཡིན་ཡང་གཞུང་ལྟ་མྱོང་བའི་མི་རྣམས་ཀྱིས་ཧ་གོ་ཐུབ་པ་ལས་གཞན་རྣམས་ཀྱིས་ཁག་ཙམ་བྱས་སོ།།
མི་རེ་རེ་ལ་མཚོན་ན་རང་བཙན་དང་དབུ་མའི་བར་ལ་རྩོད་ཟླ་ཞིག་དུས་ནམ་ཡང་བྱུང་ཚུལ་མེད། བྱུང་མྱོང་མེད། ཡིན་ན་ཡང་། མ་ཡོད་པ་ཞིག་ཡོད་རབས་ལ་བསྒྱུར་ནས། མ་རུང་ཁོག་བཅིང་གི་མྱི་སྡུག་འགའ་ཡིས་རང་དོན་ཞེ་འཁོན་ཙམ་གྱི་དོན་དུ། རང་བཙན་ཁ་ལ་ཁྱེར་ནས་བོད་ཀྱི་རྩ་དོན་འདི་ནང་ནས་དཀྲུག་ནས། ཡོད་ཚད་ལ་ཡིད་བསུན་དང་རྣ་བསུན་བཟོ་བཞིན་ཡོད་པ་འདི་ལ་དམིགས་ཡུལ་ངན་པ་ཞིག་ཡོད་པ་ཤེས་ནས། ངན་པ་ལ་ངན་པའི་ཞ་ནག་སྐོན་དགོས་བ་ནི། མ་འོངས་བའི་བདེ་སྡུག་དང་བདེན་དོན་ལ་ཕན་པ་ཡོད་པས། མ་གོ་མ་རིག་པའི་ཚུལ་དུ་འདུག་ཐབས་མེད།
བོད་མིའི་གྱོང་རྡོ། ཁམས་པའི་ལག་རྡོ། ཨམ་མདོའི་དཀྲུག་རྡོ། ཀླུ་བྱམས་གཟའ་རྡོ་ཅན་པོ་འདི། ང་ཚོས་ངན་པ་མཚང་ལ་མ་ཕུད་ན། ངོ་ཚ་གླིང་ལ་འཇོག་རྒྱུ་ཡིན་པས། ཚང་མས་མྱིག་རིག་རིག་དང། བློ་རྣོ་རྣོ་ཡིས་ལྟ་རྟོག་རྗེས་འདེད་བྱེད་གལ་ཆེའོ། དགྱ་ཡིག་ཆག་མ་འབྱོར། བོད་ཡོག་དག་མ་ནོར། དབྱིན་ཡིག་ཆ་མ་ཆད་ཀྱི་ལམ་སྣ་གང་ཡོད་ནས། བོད་ཕྱི་ནང་གི་མཛའ་བརྩེ་ཚུན་ཆེད་ལ་དོ་ཕོག་འབྱུང་སྤྱད་ཀྱི་དཀྲུག་ཡིག་སྤེལ་དང་བསྒྲགས་བཞིན་པ་ནི་ཁ་བ་རི་བའི་ལོ་རྒྱུས་ལ་ཚབ་སྐྱིན་བྱེད་མི་ཐུབ་པའི་ནག་ཉེས་དེ་ཚོ་ངོས་ཟིན་དགོས་སོ། བོད་བདེན་དང་བདེ་སྐྱིད་ཀྱིས་རྒྱལ་ལོ།
བོད་བདེན་པ་དང་བདེ་སྐྱིད་ཀྱིས་རྒྱལ་ལོ!!!!
གནམ་ལགས། ཀླུ་བྱམས་གཟའ་རྡོ་ཅན་པོ་ཡིན་པའི་རྒྱུ་མཚན་བོད་རང་བཙན་རྩོད་ལེན་བྱས་ཀྱི་ཡིན་ཟེར་བ་འདི་ཨེ་རེད། གཞན་གནས་ལུགས་འཆད་རྒྱུ་མེད་ན་མི་གཞི་ལ་འཚང་འབོད་མ་གནང་ན་ཡག་ཀི་་་་་གཞན་ཁྱོད་རང་ཡང་གཟའ་རྡོ་ཅན་པོ་ཅིག་རེད་འདུག་ཟེར་ན་སེམས་ལ་ཚོར་བ་གང་འདྲ་ཞིག་འདུག་ལྟོས་དང་།
གནམ་མིང་ཅན་འདྲ་བའི་ཕྱིའི་དགྲ་ལ་བྱམས་སྙིང་ཅན་པོ། ནང་ཕུ་ནུའི་བར་ནང་དམྱེ་ཅན་པོ་འདི་དག་གིས་བོད་མི་ཁ་བྲལ་ཡ་བྲལ་བཟོ་རྒྱུར་རྒྱ་དམར་ལས་ཀྱང་ལྷག་གི་འདུག།
སྲིད་སྐྱོང་གི་འོས་མིའི་གོ་ས་ཧ་བར་ཏྲི་ནས་འཛིན་རིམ་བརྒྱད་པའི་ས་ལ་ཕབས་ཡོད། དེ་གཅིག་ཡིན།
བོད་ནང་ནས་འཆི་ཕོ་ཚོགས་མི་ཚང་མ་བཙོན་ལ་གཡུག་ནས་རྒྱ་གར་ལ་བྲོས་ཡོད། གཉིས་བྱས།
རྡ་སའི་ལས་ཁུང་ཞིག་གི་ཁུང་མ་འཁྱོལ་རུང་ལས་དེའི་ཉམ་ཞིབ་པའི་མིང་ཆེན་རྐུས་ནས། ཡོད་ཚད་ལ་རིག་གནས་ཡོད་མདོག་གིས་མགོ་སྐོར་བཏང་ཡོད། དེ་གསུམ་བྱས།
བླ་མ་དང་མི་རྒན་སུ་ཞིག་ཡིན་ན་ཡང་། རྒྱལ་བཙོང་བའི་མིང་བྱིང་གཡོག་ནས། བཙན་བྱོལ་བའི་མི་རབས་རྒན་རབས་དང་དེའི་བུ་རབས་ཚ་རྒྱུད་ལ་མཐོང་ཆུང་ཚད་ན་མེད་པའི་དཀྲུག་མགོ་བཏོན་ཡོད། བཞི་བྱས།
དགྱ་ནག་དང་མཉམ་དུ་དཔུང་བ་གཅིག་འདེགས་ཀྱིས་བཙན་བྱོལ་སྤྱི་འབངས་ལ་དགྲ་འདྲེ་ཇེ་མང་དུ་བཏང་ཡོད། ལྔ་བྱས།
མང་པོ་མང་པོ་བཤད་རྒྱུ་ཡོད་རུང་། སུ་ལ་ཡང་མགོ་བོ་མི་སྒུར་མཁན་ཞིག་ཡིན་ཟེར་མཁན་ཚོ། ཁྱི་སྨྱོན་པའི་ས་ལ་བཞག་ནས་འགྲོ་རྒྱུ་ཡིན། ཁོའི་རང་མདོག་ངན་པ་དེ་ཇེ་སྟོན་ཡིན་པ། བོད་མི་ཚོས་མིག་མཐོང་ལག་སྙོབ་ཡིན་པས། ཆབ་སྲིད་པ་ངར་བ་ཞིག་ཡིན་ན། ད་ནི་རིག་ཚོད་ཡིན་པས། འདིའི་སྐོར་ནས་ཁྱེད་ཚོ་ལ། ཁོ་ཡག་སྡུག་གི་འདམ་བྱ་འདེམས་བྱེད་ཆ་ཚང་བ་ཞིག་མང་གཙོའི་ལམ་ནས་སྤྲད་ཡོད་དོ།
གནམ་ལགས། ཁྱོད་རང་སྡུག་ཁ་དེ་རེ་ཞིག་བཙུམ་ན་ཡག་ཀི་་་་་་་དོན་ངོ་མ་ཁྱོད་ཀྱིས་གོང་བཤད་ཚང་མ་ར་འཕྲོད་གཏོང་རྒྱུ་ཡོད་ན་རྡ་སར་ཕེབས་དང་ཀླུ་མཁར་རྡ་སར་གཏན་འཇགས་བཞུགས་ཡོད། དེ་མིན་ན་ནག་ཁུང་ནས་མུན་ནག་ལྐོག་འཕེན་བྱས་ན་དེ་ཕོ་ཁྱོ་ཀའི་ལས་ཀ་མ་རེད་གདའ། ཤེས་སོང་ངམ། དབྱེན་སྦྱོར་པ་རེད་གདའ།
༧སྐྱབས་མགོན་རིན་པོ་ཆེ། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བཅོས་མ་ཡིན་པ་ཐུགས་ལ་བཞུགས་ངེས་ཀྱི་སྐྱེས་པུ་ཆེན་པོ་ཞིག་རེད། ཁོང་གི་གཟིགས་རྒྱང་འཁོར་བ་སྤྱིའི་སེམས་ཅན་གྱི་བདེ་སྡུག་ཅིག་ཡིན་པ་ལས། བོད་དང་བོད་མིའི་གནད་དོན་གཅིག་པུ་ཡིན་མི་སྲིད། རྒྱ་རིགས་ཐེར་འབུམ་གཅིག་དང་ཕྱེད་ཀའི་ཆེད། བོད་དང་བོད་མི་ས་ཡ་དྲུག་བློས་གཏོང་དགོས་ཀྱང་གཏོང་སྲིད་པ་རེད། སྤྱིའི་བདེ་སྡུག་དང་། བྱེ་བྲག་གི་བདེ་སྡུག་གཉིས་ལས། སྤྱིའི་བདེ་སྡུག་གཙིགས་ཆེར་འཛིན་དགོས་པ་ལྷ་ཆོས་དང་། མི་ཆོས་གང་གི་ཐད་ནས་བལྟས་ཀྱང་འོས་ཤིང་འཚམས་པ་ཞིག་རེད་སྙམ། ༧སྐྱབས་མགོན་རིན་པོ་ཆེའི་དགོངས་གཏད་ཆེན་པོ་གསུམ་ལ་བལྟས་པ་ཡིན་ནའང་། བོད་ཀྱི་གནད་དོན་དེ་མཐའ་མར་བཞག་ཡོད། དུས་རབས་འདིའི་འཛམ་གླིང་ཐོག་གི་ཁོང་གི་མཚན་གནས་རྗེས་འབྲེལ་གྱི་རླབས་ཆེ་བའི་ཤུགས་རྐྱེན་དང་། ཁོང་གི་ལྟ་དགོངས་གང་ཐད་ནས་བསམས་ཀྱང་། བོད་ཀྱི་གནད་དོན་དེ་ཁོང་གཅིག་པུའི་ཕྱོགས་སུ་རེ་བ་རྒྱག་པ་ནི། འགྱུར་བ་གཏོང་དགོས་པའི་ཛ་དྲག་གི་གནད་དོན་ཞིག་རེད། ད་ལྟའི་ཁོང་གི་གནས་བབ་ཀྱི་ཐོག་ནས། བོད་དོན་འཐབ་རྩོད་དེ་ཛ་དྲག་པོ་དང་། རྣོ་ངར་ལྡན་པ་ཞིག་ཡོང་རྒྱུ་ཁག་པོ་རེད་བསམས། བོད་གཞུང་བོད་ནས་བཙན་བྱོལ་དུ་ཡོང་བའི་དམིགས་ཡུལ་བོད་རང་བཙན་བསྐྱར་གསོ་བྱེད་རྒྱུ་དེ་རེད། དེ་རྗེས་དབུ་མའི་ལམ། སི་ཏྲ་སི་སྦག་གི་གྲོས་འཆར། བོད་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་། རྒྱ་ནག་གི་རྩ་ཁྲིམས་འོག་གི་རང་སྐྱོང་བཅས་མཐར་ད་ལྟ་བར་དུ་གཏུགས་པ་རེད། ང་ཚོའི་འཐབ་རྩོད་དེ་སྟོང་གྲགས་ཇེ་ཆེ་དང་། ནང་དོན་ཇེ་ཆུང་ནས་ཇེ་ཆུང་དུ་ཕྱིན་ཡོད། གལ་ཏེ་༧སྐུ་མདུན་དང་། བོད་མིའི་སྒྲིག་འཛུགས་ཀྱིས་ང་ཚོས་ཅིའང་རྩོད་ཀྱི་མིན། ཕྱིར་རང་ཡུལ་དུ་ལོག་རྒྱུ་གཅིག་པུ་རེ་བསྐུལ་བྱས་ཀྱང་། རྒྱ་མིས་ཁས་ལེན་བྱེད་ཀྱི་མ་རེད་བསམས། ལར་ནས་ད་ལྟའི་རྒྱ་ནག་ལ་རོབ་བལྟས་ཤིག་བྱས་པ་ཡིན་ན། རྒྱ་ནག་སྲིད་གཞུང་གིས་དམར་པོའི་སྲིད་གཞུང་སྤྱི་ཚོགས་རང་ལུགས་ཀྱི་ཁྱད་ཆོས་ལྡན་པའི་རྒྱལ་ཁབ་ཅིག་ཡིན་ཞེས་སྒྲོག་བཞིན་ཡོད་མོད། དོན་དངོས་ལ་རྒྱ་ནག་གི་མགོ་ཁྲིད་མང་བོ་ཐེ་བས། མི་མང་ཕལ་ཆེར་ཞིག་མ་རྩ་རང་ལུགས་ལམ་ཕྱོགས་སུ་ངང་གིས་འགྱུར་བཞིན་ཡོད་པས། རྒྱ་ནག་སྲིད་གཞུང་དེའང་མ་འགྱུར་མཐུ་མེད་ཡིན་པ་གསལ་བོར་ཚོད་དཔག་བྱེད་ཐུབ། དེ་དང་ཆབས་ཅིག་བོད་ཕྱི་ནང་གཉིས་ཀ་ནས་ཀྱང་། མི་རིགས་ཀྱི་གོ་རྟོགས་དང་། རྒྱལ་ཞེན་གྱི་གོ་རྟོགས། རིག་གཞུང་གི་གོ་རྟོགས་སོགས། ཤེས་རིག་སྣ་མང་ལ་གོ་རྟོགས་སད་པའི་མི་རབས་གསར་བ་ཤིག་ཡོང་གི་ཡོད། མི་རབས་དེ་ཚོ་ནི་བོད་རྒྱལ་ཁབ་འགྱེལ་ས་ནས་ཡར་སློང་མཁན་ངོ་མ་དེ་ཆགས་ཀྱི་རེད། ང་ཚོས་ཕན་ཆེན་པོ་ཞིག་མ་ཐོགས་ཀྱང་། བོད་རྒྱལ་ཁབ་ཀྱི་བདག་དབང་ཆ་ཚང་རྒྱ་ནག་ལ་ཡིག་ངག་གཉིས་ཐོག་ནས་མགོ་འབུལ་ལུས་འབུལ་བྱེད་པ་ནི། བོད་ཀྱི་མ་འོངས་པའི་ལམ་ཆེན་བཀག་པའི་འགོག་རྡོ་ཆེན་པོ་ཞིག་ཏུ་འགྱུར་ཨེ་ཡོང་བསམས་ནས་དྭོགས་པ་སྐྱེ་བཞིན་ཡོད།
རྒྱལ་ཁམས་པའི་གནས་ལུགས་ཅན་ཞིག་བྲིས་འདུག་མ་ཟད་འོག་གི་མཆན་ལ་དེ་བས་རིན་ཐང་མཐོང་སོང་ངེས་པར་བསམ་བློ་གཏོང་ས་ཞིག་འདུག