གངས་སེང་།
ངས་འདིར་ང་རང་གིས་མཐོང་ཚུལ་ངོ་མ་ཞིག་ཞུ་གི་ཡིན། བརྩེ་གྲོགས་དགེ་བཤེས་རྣམ་པ་དགོངས་པ་རྩ་བ་ནས་མ་ཚོམས། ངས་བན་བོན་གཉིས་ཀྱི་དབུ་མའི་དཔེ་ཆ་མང་ཙམ་བཀླགས་ཡིན། འོན་ཀྱང་དབུ་མའི་མཁས་དབང་རྣམ་པས་དབུ་མའི་ལྟ་བ་རིགས་པའི་ལམ་ལ་སོང་ནས་རྟོགས་པའི་ཚུལ་རྩ་བ་ནས་རྙེད་མ་སོང་། དཔེར་ན་ས་སྐྱ་དང་བཀའ་བརྒྱུད་རྙིང་མ་རྣམས་ཀྱི་དབུ་མའི་ལྟ་བ་རྟོག་ཡུལ་མིན་པ་དང་དེ་རྟོགས་དུས་མྱོང་བས་རྟོགས་དགོས་པ་ལྟ་བུ་བཤད་ཀྱིན་འདུག རྟོག་ཡུལ་མིན་ཚར་དུས་རྒྱུ་མཚན་ལ་བརྟེན་ནས་རྟོགས་རྒྱུ་མེད་པ་གཞིར་བཞག་རེད།
བོན་པོའི་དབུ་མའི་ལྟ་བ་ནི། བོན་པོ་ཕྱི་རབས་པ་འགའ་ཤས་ཀྱིས་རྟོག་ཡུལ་ལས་འདས་པ་ལྟ་བུ་དང་འགའ་ཤས་ཀྱིས་རྟོག་ཡུལ་ཡིན་དགོས་པ་ལྟ་བུ་ངེས་བརྟན་མེད་པའི་བཤད་ཚུལ་ལས་ཏན་ཏན་ཏིག་ཏིག་ཅིག་མི་འདུག བོན་སྔ་རབས་པས་དབུ་མའི་ལྟ་བ་དམིགས་ཡུལ་ལས་འདས་མི་འདུག་ཟེར་ནས་དགག་བྱ་རྐྱང་རྐྱང་གནང་བསྡད་པ་མ་གཏོགས་དབུ་མའི་བཤད་པ་རྒྱས་པར་མཛད་པ་མ་མཐོང་།
དངོས་གནས་བྱས་ན་དགེ་ལུགས་པའི་དབུ་མའི་ལྟ་བ་རིགས་ལམ་ལ་བརྟེན་ནས་རྟོགས་དགོས་པ་ཡིན་ཡང་རྗེ་ཙང་ཁ་པས་དབུ་མའི་ལྟ་བ་རྟོགས་དུས་ཡི་དམ་ཞིག་གིས་མྱོང་ཁྲིད་ལ་བརྟེན་ནས་དབུ་མའི་ལྟ་བ་རྟོགས་པ་མ་གཏོགས་དབུ་མའི་རིགས་པ་ལ་བརྟེན་ནས་དབུ་མའི་ལྟ་བ་རྟོགས་པའི་ལོ་རྒྱུས་བཤད་མི་འདུག
དེས་ན་ང་ལ་དབུ་མའི་གཏན་ཚིགས་དེ་ཚོ་ཕན་ཐོག་ག་རེ་ཡོད་དམ་སྙམ་པའི་དོགས་བློ་ཞིག་རང་བཞིན་གྱིས་སྐྱེ་ཡོང་གི་འདུག ཁྱེད་རྣམ་པའི་དགོངས་ཚུལ་ག་རེ་ཡོད་དམ།
དབུ་མའི་ལྟ་བ་རྟོགས་པར་གསང་སྔགས་ལ་བརྟེན་དགོས་ན། ཉན་རང་དགྲ་བཅོམ་པས་སྟོང་ཉིད་མ་རྟོགས་པར་ཐལ་བ་དང་། མྱུ་གུ་ཆོས་ཅན། བདེན་པར་མེད་དེ། རྟེན་འབྲེལ་ཡིན་པའི་ཕྱིར། དཔེར་ན། མེ་ལོང་ནང་གི་བྱད་བཞིན་གྱི་གཟུགས་བརྙན་བཞིན། ཞེས་པ་སོགས་རྟགས་ཡང་དག་མ་ཡིན་པར་ཐལ་བ་སོགས་སྐྱོན་མང་ངོ་།།
ཁྱེད་ཀྱིས་རིས་མེད་དབུ་མའི་གཞུང་མང་པོར་བལྟས་མཐར། ད་དུང་དབུ་མའི་ལྟ་བ་རིགས་པའི་རྟོགས་རྒྱུ་ཞིག་ཡིན་མིན་མཐའ་མ་ཆོད་པ་དེ། ངར་མཚོན་ན། དབུ་མའི་ལྟ་བ་སྤྱིར་རིགས་པའི་ཤེས་བྱ་མིན་པའམ། ཁྱེད་ཀྱིས་ད་བར་དེ་རིགས་པའི་ཤེས་བྱ་ཡིན་པ་མ་ཤེས་པ་གང་ཡིན་བཤད་མི་ཤེས་རྒྱུ་ཞིག་རེད། འོ། ཉིད་ཀྱིས་དབུ་མའི་ལྟ་བ་རིགས་ལམ་ནས་ཤེས་རྒྱུ་ཞིག་མིན་པ་ཟེར་བ་དེ། ངས་དེ་རིགས་པའི་ཤེས་རྒྱུ་ཞིག་མིན་པར་གོ་བ་བླངས་ཡོད། ལར་དབུ་མ་(གཞུང་ལུགས་)ལ་བགྲོ་གླེང་། དབུ་མའི་(ལྟ་བ)རིགས་པར་བགྲོ་གླེང་། དབུ་མའི་(ལྟ་བ)རྟོགས་པར་བགྲོ་གླེང་ཞེས་ཕྱེས་ཏེ་སོ་སོར་གྲོས་ཐུབ་ན་དགེ་མཚན་ཆེ་བ་འདོད། (དབུ་མའི་དོན་ནི་ཡུལ་ལྟ་བ་དང་དེ་རྟོགས་པའི་ཡུལ་ཅན་དང་དེ་གཉིས་བརྗོད་བྱ་བྱེད་པའི་གཞུང་བཅས་གསུམ་ཁར་འཇུག་འདུག)
ཆོས་བཤད་ནའང་དབུ་མ་དང་དབུ་མ།
སྲིད་བཤད་ནའང་དབུ་མ་དང་དབུ་མ།
དཔོན་པོས་སྲིད་ཚོང་རྒྱབ་དུས་དབུ་མ།
སྤྲང་པོས་སྤྲང་ཟས་སློང་དུས་དབུ་མ།
བླ་མས་རྒྱུ་བདག་འཚོལ་དུས་དབུ་མ།
གྲྭ་པས་རྩོད་པ་བརྒྱབ་དུས་དབུ་མ།
ཆང་བཟིས་ཆང་རྒྱག་བྱེད་དུས་དབུ་མ།
རྐུ་མས་ལྐོག་ཟ་བྱས་དུས་དབུ་མ།
ཁྲམ་པས་གཞན་མགོ་སྐོར་དུས་དབུ་མ།
ག་རེ་རེད་ཨ། ཁ་ཡར་གྲགས་ན་དབུ་མ། རྐུབ་མར་བཙུགས་ན་དབུ་མ།
ཆོས་པས་མི་ཚེ་གཅིག་ལ་སློབ་གཉེར་བྱས་ཀྱང་དབུ་མའི་ལྟ་བ་མ་རྟོགས། ཆབ་སྲིད་པས་མི་ལོ་སུམ་བཅུའི་རིང་དུ་འབད་བརྩོན་བྱས་ཀྱང་དབུ་མའི་ལམ་གྱི་གོ་རྟོགས་མ་སད། ཅི་རེད་ཨ། རྣམ་རྟོག་འདྲ་ཞིག་ལངས་འོང་གི་འདུག
སྤྱིར་དབུ་མའི་ལྟ་བ་རྟོགས་པ་ལ་དཔྱད་འཇོག་གཉིས་ཀ་དགོས་པ་རེད། ཡིན་ཡང་གང་ཟག་ཡོད་ཚད་གཅིག་པ་ག་ལ་ཡིན། བླ་མ་གོང་མའི་རྣམ་ཐར་ལ་ལྟོས་དང་ཁ་ཅིག་གིས་དབུ་མའི་ལྟ་བ་རྟོགས་སྐབས་དཔྱད་འཇོག་གང་ཡང་མ་ཡིན་པའི་རྐྱེན་གཞན་དང་འཕྲད་ནས་རྟོགས་པར་འདུག གང་ལྟར་ཡང་ལྷག་པའི་ལྷ་དང་དཔྱད་སྒོམ་དང་འཇོག་སྒོམ་གསུམ་ལ་བརྟེན་ནས་རྟོགས་རྒྱུ་ཡིན་པ་སྨོས་མེད་རེད། དགེ་ལུགས་པའི་དབུ་མ་ཐལ་འགྱུར་བའི་ལྟ་བ། བཀའ་བརྒྱུད་པའི་ཕྱག་རྒྱ་ཆེན་པོ། ས་སྐྱའི་ལམ་འབྲས། བོན་རྙིང་གི་རྫོགས་ཆེན་སོགས་གང་ཡིན་ཀྱང་། སོ་སོའི་ལྷག་པའི་ལྷ་དང་དཔྱད་འཇོག་གསུམ་ལ་བརྟེན་དགོས་པ་སྨོས་མེད་ལགས། ཁ་ཅིག་ལ་འཇོག་སྒོམ་ཤས་ཆེར་དགོས་པ་དང་། ཡང་ཁ་ཅིག་ལ་དཔྱད་སྒོམ་ཤས་ཆེར་དགོས་པ་སོགས་གང་རེ་རེ་མི་འདྲ་བར་སྙམ་མོ། །
ཆོས་པས་མི་རྟོགས་པའི་དབུ་མ། རྒྱ་མི་དགོས་པའི་དབུ་མ། བོད་ལ་མི་ཕན་པའི་དབུ་མ། ལྷ་ལ་ཕུལ་ན་ཏག་ཏག་རེད།
བོན་གསར་མའི་ལུགས་ལ་སྟོན་པ་གཤེན་རབ་རི་བོང་གི་རྭ་ལྟ་བུའི་རྟོག་བཏགས་ཡིན་པར་རྟོགས་དགོས། བོན་རྙིང་མའི་ལུགས་ལ་འོལ་མོ་ལུང་རིང་དེ་རུས་སྦལ་གྱི་སྤུ་ལྟ་བུར་རྟོག་བཟོ་ཡིན་པར་ཤེས་དགོས། སྤྱིར་ན་བོན་ཐམས་ཅད་རྫུན་ཡིན་པ་མཐོང་དགོས།
དྲྭ་གྲོགས་རྣམ་པས་རང་རང་གི་འདོད་ཚུལ་གང་ཡིན་སྦས་གསང་མེད་པར་བརྗོད་པ་བཀའ་དྲིན་ཆེ། ཁ་བརྡ་དྲྭ་རྒྱ་འདི་ནི་ཕྲན་གྱིས་དགའ་ཆེ་ཤོས་ཀྱི་དྲྭ་ལམ་གཅིག་བུ་དེ་ཡིན། གང་ཞེ་ན། འདི་ནི་ཧ་ཅང་གུ་ཡངས་ཅན་ཡིན་པས་རང་རང་གི་བསམ་ཚུལ་བསྲང་པོར་སྨྲ་ཆོག་པས་སོ། དེ་མིན་དྲྭ་རྒྱ་གཞན་མའི་ནང་དུ་དྲྭ་བདག་གི་འདོད་པ་གང་ཡིན་ལས་གཞན་གང་ཡང་བཤད་དབང་མེད། དེར་བརྟེན་འདིའི་དྲྭ་བདག་གུ་ཡངས་ཅན་ཚོར་ཐུགས་རྗེ་ཆེ་ཞུ།
དབུ་མའི་ལྟ་བ་ཟེར་ན་སེམས་ཀྱི་གནས་ལུགས་ཟེར་ན་རྟོགས་པའི་དུས་ཚོད་ལ་བསླེབས་ཟིན་དུས་རྐྱེན་གང་ཡང་རུང་བ་ཞིག་ལ་བརྟེན་ནས་རྟོགས་ཐུབ་ཀི་ཡོད་པ་རེད། དུས་ཚོད་ལ་མ་བསླེབས་ན་མགོ་ལ་ཐོ་བ་གཞུས་ན་ཡང་རྟོགས་ཐུབ་ཀི་མ་རེད་ལ་རྐུབ་ལ་རྡོག་རྒྱག་གཞུས་ན་ཡང་རྟོགས་ཐུབ་ཀི་མ་རེད།
དབུ་མའི་ལྟ་བ་རྟོགས་པའི་དུས་ཚོད་གང་འདྲ་ཞིག་བསླེབས་དགོས་སམ།
ལྟ་བ་རྟོགས་པའི་སྔོན་འགྲོའི་ཆ་རྐྱེན་ཆ་ཚང་བསྒྲུབས་དགོས། དེ་ལ་ཚོགས་བསག་སྒྲིབ་སྦྱོང་སློབ་སྦྱོང་གསུམ་དགོས།
བརྩེ་གྲོགས་སྤོབས་པ་མཐས་ཡས་ལགས་སུ་ཞུ་རྒྱུའི་གཏམ། ཤཀྱཱའི་དབང་པོས་ཐེག་ཆེན་གསུང་པ་རི་བོང་རྭ། ཐོན་མི་མོ་ཤམ་བུ་ཡིས་བོད་ཡིག་གསར་བཟོ་གནང་། སྒྲུང་མི་གུ་རུ་པདྨས་རྫོགས་ཆེན་བོད་དུ་སྤེལ། འདི་དག་བོད་བརྒྱུད་ནང་བསྟན་རྩ་བའི་སྲོག་སྙིང་ཡིན།
ལགས་སོ། བརྩེ་གྲོགས་ཀླུ་སྨྱོས་ལགས་ལ་བཀའ་དྲིན་ཆེ་ཞུ།
གངས་སེང་ལགས་ཀྱིས་ཡག་པོ་གསུངས་གནང་འདུག དེ་བདེན་པ་རེད། སྔོན་མ་ང་ལའང་རྒན་ལགས་ཀྱིས་དབུ་མའི་ལྟ་བ་མང་པོ་ཁྲིད་མྱངས། དང་པོ་དབུ་མའི་ལྟ་དོན་ལ་མང་པོ་ཞིག་བཤད་ཚར་བའི་རྗེས་སུ། མཐའ་མ་ཁ་བཤད་ཀྱི་ལྟ་བ་དེ་ཁ་ནང་ལ་བསྐོར་ནས་སྒོམ་འདྲ་རྒྱག་རྒྱུ་ཡོད་མེད་ལྟ་དུས། དངོས་གནས་སྒོམ་རྒྱུ་ཟེར་ཆེན་པོ་མེད་མཁན་འདྲ་ཞིག་རེད་བཞག ཡིན་ནའང་བསམ་བློ་ཏོག་ཙམ་གཏོང་ས་ཡོད་པ་ཞིག་ནི། སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་་་ཞེས་པའི་སྒོམ་དེ་ལ་ནུས་པ་ཏོག་ཙམ་འདུག་བསམ་སོང་ཡིན་ནའང་དེ་འདྲ་ཞིག་ཡོང་རྒྱུ་ཡོད་མེད་ནི་མི་ཤེས། ། བསམ་ཚུལ་ཙམ་དུ་ཞུས་པ་ཡིན་ནོ། །
ཆོས་བརྒྱུད་རིས་མེད་ཀྱི་དབུ་ཚད་བགྲོ་གླེང་ཆེན་མོར་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཡོད། མཛད་འཆར་འདི་ལྟ་བུ་ནི། ཆོས་བརྒྱུད་དང་ཆོས་བརྒྱུད་པར་མ་རྟོགས་པ་དང་། ལོག་པར་རྟོག་པ། ཐེ་ཚོམ་གྱི་དྲི་མ་སེལ་བའི་ཐབས་ལམ་བཟང་བོ་ཞིག་དང་། ཆོས་བརྒྱུད་ཕན་ཚུན་བར་གུས་བརྩི་དང་ལེགས་ཆ་ལེན་རེས། དག་སྣང་སྦྱོང་ཐབས་ཀྱི་ལམ་ཁ་རྨད་དུ་བྱུང་བ་ཞིག་རེད་སྙམ། སྤྱིར་ཤོད་སྲོལ་ཞིག་ཏུ་རྙིང་མ་དང་བཀའ་བརྒྱུད་ཀྱི་ཕྱོགས་ལ་སྒོམ་ཆེན་གངས་ལ་སེངྒེ་འགྱིང་འདྲ་དང་། ས་སྐྱ་དང་། དགེ་ལུགས་ཀྱི་ཕྱོགས་ལ་མཁས་པ་ཁྱུང་ཆེན་གནམ་ལ་ལྡིང་བ་ལྟ་བུ་ཡོད་ཅེས་པ་ཞིག་གོ་མྱོང་། གལ་སྲིད་དེ་བདེན་པའི་དབང་དུ་བྱས་ན། བཀའ་རྙིང་གཉིས་སྒོམ་གཙིགས་ཆེར་འཛིན་པ་ལས། གཞུང་ལུགས་རབ་འབྱམས་ཐོས་བརྩོན་དེ་ཙམ་ལྷུར་ལེན་མི་གནང་བ་དང་། ས་དགེ་གཉིས་ཐོས་བསམ་གཙོ་བོར་འཛིན་པ་ལས། སྒོམ་ཉམས་ལེན་དེ་ཙམ་གཙོར་འཛིན་མི་བྱེད་པ་ཞིག་ཨེ་ཡིན་སྙམ། གལ་སྲིད་ཐོས་པ་ཙམ་ལས་ཐོས་དོན་སྒོམ་ཉམས་ལེན་གྱི་གྲོགས་སུ་འགྲོ་མ་ཐུབ་ན། ཚིག་ལ་མཁས་པ་ལས་དོན་ལ་མི་མཁས་པར་འགྲོ་སྲིད། དོན་ལ་མ་མཁས་ན་ཐོས་བསམ་ཉོན་མོངས་པའི་ཕྱོགས་སུ་ཤོར་ཏེ། ང་རྒྱལ་དང་ཁོང་ཁྲོ་སོགས་སྟངས་འཛིན་བྱེད་དཀའ་བར་ཆགས་ཡོང་བ་རེད་བསམས། ང་སྔོན་མར་རྡ་རམ་ས་ལར་ཡོད་སྐབས། ལོ་རེའི༧སྐུ་མདུན་གྱི་སྨོན་ལམ་གསུང་ཆོས་ལ་གྲྭ་ས་ཁག་ནས་དགེ་བཤེས་མང་བོ་ཕེབས་ཀྱིན་ཡོད། ང་ཚོའི་གྲྭ་ཚང་དུ་ཡང་ཡང་ཕེབས་མཁན་གྱི་ཨ་མདོའི་དགེ་བཤེས་ཤིག་ཡོད། སྐབས་རེར་ངེད་གཉིས་ཀྱིས་ཆོས་ཚན་རེའི་སྐོར་ནས་ཁ་བརྡ་དང་། རྩོད་གླེང་ཅུང་ཟད་རེ་བྱེད་མྱོང་། སྐབས་རེར་དགེ་བཤེས་ཚང་ངའི་སྒང་ལ་རླུང་ལངས་ནས། གདོང་རྩ་འབུར་འབུར། མིག་ཧྲིག་ཧྲིག གདན་ཐོག་ནས་ཡར་བཞེངས་ལ་ཁད་ཀྱིས། ཁོང་གིས་ང་ལ་ཁྱོས་སྐྱག་པ་ཟོ། ཞེས་སྨྲས་པའི་ངང་ཚུལ་དེ་སེམས་ནས་བརྗེད་དཀའ་བ་ཞིག་རེད། ང་གད་མོ་ཤོར་ནས་བསྲན་བཟོད་ཅིག་མི་འདུག ང་བགད་ན་ཁོང་ལྷག་པར་ཡང་རླུང་ལངས། ངས་སྐད་ཆ་གཞན་ཞིག་ཏུ་ཁ་བསྒྱུར་ནས་བཤད། དགེ་བཤེས་ཚང་ཡང་ག་ལེར་རླུང་ཞི་ཞིང་ལྷོད་ལ་འབབ་བཞིན་ཡོད། ངས་སེམས་ལ། དགེ་བཤེས་ཁོང་ལྟ་བུར་ང་ཚོས་ཡོངས་གྲགས་གླེང་བཞིན་པའི་ཐོས་རྟགས་ཞི་ཞིང་དུལ་བ། སྒོམ་རྟགས་ཉོན་མོང་ཆུང་བ་ཞེས་པའི་དྲི་ཙམ་ཡང་ཨེ་བྲོ་སྙམ་པའི་སེམས་ཚོར་སྐྱེས་མྱོང་། གནས་སྟངས་དེ་འདྲ་ཁོང་གཅིག་པུ་མ་རེད། རྩོད་གྲྭའི་རིགས་ལམ་སྦྱོང་མཁན་མང་བོར་རང་ཉིད་མ་རྒྱལ་ན་ཐུགས་མི་བདེ་བ་ལྟ་བུའི་མཁྲེགས་འཛིན་ཞིག་ཡོད་པ་འདྲ། དབུ་མ་དང་། ཚད་མ་ལབ་དུས། དབུ་མ་ཞེས་པ་དབུས་ཀྱི་དོན་རེད། དེའང་མཐའ་གཉིས་དང་བྲལ་བའི་དབུས་ཤིག་ལ་གོ་དགོས་པར་གསུང་འདུག འོན་ཀྱང་། ལམ་དབུ་མ་སྒོམ་མཁན་གྱི་རྣལ་འབྱོར་བས། སྟོང་རྐྱང་ཙམ་ཞིག་སྒོམ་པ་ཡིན་ན། མཐའ་གཉིས་དང་བྲལ་ཚུལ་ཇི་ལྟར་ཡིན་ནམ། རྗེ་བླ་མས། སྣང་བ་རྟེན་འབྲེལ་བསླུ་བ་མེད་པ་དང་།། སྟོང་བ་ཁས་ལེན་བྲལ་བའི་གོ་བ་གཉིས།། ཇི་སྲིད་སོ་སོར་སྣང་བ་དེ་སྲིད་དུ།། ད་དུང་ཐུབ་པའི་དགོངས་པ་རྟོགས་པ་མེད།། ཅེས་པའི་གསུང་དེར་བརྟགས་པ་ཡིན་ན། དབུ་མའི་ལམ་དེ་སྟོང་དང་རྟེན་འབྱུང་ཟུང་དུ་འཇུག་པའམ། དེ་གཉིས་ཚོགས་པའི་ལམ་ཞིག་ལ་གོ་དགོས་རྒྱུ་ལ། རྣལ་འབྱོར་བས། དེ་སྒོམ་སྐབས་དེ་གཉིས་ཡ་བྲལ་བའམ། སྟོང་རྐྱང་མེད་དགག་ཙམ་ཞིག་སྒོམ་པ་ཡིན་ན། སྟོང་དང་རྟེན་འབྱུང་ཟུང་འཇུག་གི་ཚུལ་དུ་སྒོམ་པ་ལ་ཨེ་གནོད། ཐོས་བསམ་སྒོམ་གསུམ་གྱི་ཉམས་མྱོང་ཞན་པའི་གུས་པར། དབུ་མའི་ལམ་སྒོམ་སྟངས་ཀྱི་ཐད་ནས་ལམ་སྟོན་རེ་གནང་མཁན་ཡོད་དམ།
དགོངས་དག་མཆན་རྒྱག་ས་ནོར་བསྡད་འདུག
སྤོབས་པ་ལགས། ཁྱོད་ཀྱི་རྣམ་དཔྱོད་དེ་གང་དུ་འགྲོ་སོང་། བོན་པོ་ཟེར་བ་དེ་ལོ་ངོ་སྟོང་ཕྲག་གི་ལོ་རྒྱུས་ཡོད་པ་དང་། ད་ལྟ་གསར་དུ་ཐོན་པ་ཞིག་མ་རེད། དེའི་ཕྱིར་དག་སྣང་ཞིག་སྦྱང་ན་མི་འཚལ་ལམ། ངས་བལྟས་ན་བོན་དང་རྙིང་མ་གཉིས་ཀྱི་ལྟ་སྒོམ་སྤྱོད་གསུམ་གང་གི་ཐད་ནས་ཁྱད་པར་མི་འདུག་བསམ་ཀི་ཡོད། འོལ་མོ་ལུང་ཟེར་བ་དང་སྟོན་པ་གཤེན་རབ་སོགས་བདེན་པ་ཡིན་མིན་གང་ལྟར་ཀྱང་དག་སྣང་སྦྱང་དགོས་པ་རེད། །
དེང་སང་ཐོས་རྟགས་མ་ཞི་བ་ཡིན་པ་འདྲ། ཀུ་རེ་ཡིན་ལོ།།
རྔ་བ་རྒྱལ་ཁམས་པ་ལགས། ཁྱོད་ལྟ་བུ་ཡོན་ཏན་ཅན་ཞིག་གིས་དྲ་ཐོག་འདི་ནས་དབུ་མའི་ལྟ་བ་སྟོན་མཁན་འཚལ་བ་ལས་ཁྱོད་རང་གིས་དབུ་མའི་ལྟ་བའི་སྐོར་གྱི་དཔེ་ཆ་ཞིག་ལྟོས་དང་གོ་སླ་མོ་ཡིན་རྒྱུ་རེད་སྙམ། །
བོད་ནས་པར་བསྐྲུན་བྱས་པའི་ལམ་རིམ་ཆེན་མོའི་མཇུག་ན་དབུ་མ་ཐལ་འགྱུར་བའི་ལྟ་ཁྲིད་བསྡུས་པ་ཞིག་འདུག དེ་བཀླགས་པས་ངའི་སེམས་ལ་ཕན་པ་རྒྱ་ཆེན་པོ་ཞིག་བྱུང་སོང་། མིང་དང་རྩོམ་པ་པོ་གསལ་པོ་ཞིག་དྲན་སྣང་དུ་མི་འདུག ཡིན་ཡང་ཕལ་ཆེར་རྩོམ་པ་པོ་མཁས་གྲུབ་རྗེ་ཡིན་བསམ་བྱུང་། གང་ལྟར་ཀྱང་དེ་ནི་ཧ་ཅང་བློ་ལ་བབས་སོང་། །
ད་དུང་དབུ་མའི་ལྟ་བ་རིགས་པའི་རྟོགས་རྒྱུ་ཞིག་ཡིན་མིན་མཐའ་མ་ཆོད་པ་དེ། འདིའི་ནང་གི་རྟོགས་པའི་ཞེས་པ་ལ་འབྲེལ་སྒྲ་མ་ཡིན་པར་ཁོ་བོའི་བསམ་ཚུལ་ལ་བྱེད་སྒྲ་དགོས་སོ་སྙམ་ཡང་འབྲི་བོའི་བཞེད་པ་ཇི་ལྟར་ཡིན་པ་རྟོགས་དགོས་པ་གལ་ཆེ་བས། འདིའི་སྐོར་ལ་གསལ་བཤད་ཅིག་མཛད་ན། ཕན་ཐོགས་སོ།
སོ་སོའི་ཆོས་སྒྲུབ་ལུགས་ལ་རྒོལ་བ་མ་བྱེད་པ་རང་ཆགས་སུ་འཇོག་དགོས་པར་བསམ། སའི་གོ་ལར་འདིར་ཆོས་ལུགས་སྣ་ཚོགས་པ་སོ་སོའི་གྲུབ་མཐའ་དང་འགལ་བ་མང་པོ་ཞིག་ཡོད་པས། རང་འདོད་ལྟར་འཇོག་དགོས་སོ་སྙམ།
བླུན་སྤོབས་མཐའ་ཡས་འདི་སྙིང་རྗེ། དབུ་མ་ཐལ་འགྱུར་བའི་ལུགས་སུ་བྱས་ན་ཆོས་ཐམས་ཅད་རྟོག་པའི་བཏགས་ཙམ་འདོད་ཀྱི་རེད། རང་ངོས་ནས་གྲུབ་པ་སྤུ་ཙམ་མེད་ཟེར་གི་རེད། གཞི་གྲུབ་ན་རྟོག་བཏགས་ཡིན་པའི་ཁྱབ་ཟེར་གི་རེད་ད།་་་ཧཧ
དཔལ་ལྡན་ཟླ་བ་གྲགས་པའི་རང་ལུགས་བྱས་ན་སྟོན་པ་གཤེན་རབ་རྟོག་བཏགས་ཡིན་དང་ཡིན། གཞི་གྲུབ་ན་རྟོག་བཏགས་ཡིན་པའི་ཁྱབ་པའི་ཕྱིར། དབུ་མའི་ལྟ་བ་བཤད་དུས་ཅང་མ་ཤེས་ན་ཁ་བཙུམ་ནས་སྡོད་དང་ལྐུག་པ་རེད་ཟེར་མཁན་མི་འདུག་ག་་་ཧཧ
དབུ་མ་ཐལ་འགྱུར་བ་ཡི་རང་ལུགས་སུ།
གཟུགས་ནས་རྣམ་མཁྱེན་བར་གྱི་ཤེས་བྱ་རྣམས།
རྟོག་པའི་བཏགས་ཙམ་འདོད་པར་མི་ཤེས་པར།
སྟོན་པ་གཤེན་རབ་རྟོག་བཏགས་རེད་ཟེར་ནས།
རི་བོང་རྭ་བཞིན་མེད་པར་སྒྲུབ་མདོག་འདི།
རྗེས་ཁྱབ་མ་གྲུབ་གཏན་ཚིགས་ལྟར་སྣང་རེད།
རྟོག་བཏགས་ཡིན་ན་མེད་པའི་ཁྱབ་པ་མེད།
ཤེས་བྱ་ཐམས་ཅད་རྟོག་པའི་བཏགས་ཙམ་རེད།
རང་ངོས་གྲུབ་པ་རྡུལ་ཙམ་འདོད་ལུགས་མེད།
ཤེས་པར་གྱིས་ཤིག་ཨ་ཁུ་སྤོབས་མཐའ་ལགས།
བླུན་སྤོབས་མྱུར་དུ་ཞི་བའི་བྱིན་བརླབས་ཡོད།
ཅོ་རི་ཉི་མ་ལེགས་ཤར་ཕྱོགས་བོད་པ་ཡིན་པས་ཁག་མེད། བྱེད་སྒྲ་འབྲི་དགོས་སར་འབྲེལ་སྒྲ་བྲིས་པ་དེ། བོད་ཤར་ཕྱོགས་པ་ལྟ་ཅི། ལ་དྭགས་ཤར་ཕྱོགས་པས་ཀྱང་། ཁ་སྐད་དུ། པའི་ཞེས་པ་དང་པས་ཞེས་པ་གཉིས་སྒྲ་གདངས་གཅིག་པར་འབོད། སྦྱོར་ཀློག་ལེགས་པར་མ་མཛད་པའི་སྐྱོན་ཡོད་པས། སི་ཏུ་པཎ་ཆེན་གྱིས། གསུམ་པ་བསླབ་ཚུལ་གྱི་གོ་རིམ་འདོམས་པ་ནི། ཞེས་པ་ནས་ཀློག་པ་འཁྲུལ་པ་འབྱམས་ཀླས་པ་རྣམས་ཀྱི་མཚང་རིག་པར་ནུས་སོ། ཞེས་པའི་བར་བཀླག་ཐུབ་ན་ཕན་ཆེའོ༏
བོད་ཀྱི་བརྡ་སྤྲོད་སྦྱོར་ལུགས་དེ་ཤར་ནུབ་གང་ལ་སོང་ཡང་གཅིག་མཚུངས་ལས་ཡུལ་སྐད་ལ་དམིགས་ནས་རང་དགའ་སྦྱོར་ལུགས་ཨེ་ཡོད་དམ། དཔེར་ན་སྐད་སྨྲ་དུས་སྒྲ་གདངས་ང་རོ་འདོན་སྟངས་ནས་ཀྱང་ཞིབ་ཕྲ་ཐོན་དཀའ་ལ་་་པས་་དང་པའི་་་ལྟ་བུ་བྲིས་པ་ལས་འདོན་དུས་དབྱེ་མཚམས་དཀའ་མོ་ཡོད། སྤྱིར་ཡི་གེ་ལ་སྒྲ་ཡི་སྐྱེས་གནས་བརྒྱད་འདྲ་བཤད་ཀྱང་རང་གིས་ཚོད་ལྟར་གྱིས་དང་ཤེས། བོད་ཀྱི་སྐད་ཡིག་སྤྱིའི་འགྲོ་ལུགས་ལ་གཙིགས་དགོས་རེད་མ་གཏོགས་ཡུལ་རེ་འགའ་བ་ལ་དམིགས་ན་དག་ཆ་དང་སྡེབ་སྦྱོར་ཚང་མ་ནག་ཉེས་མེད་སར་ཉེས་པ་ཕོག་ནས་བྲིས་ལུགས་ཡ་མཚན་དེ་འདྲ་འབྱུང་ངོ་།།
འདི་སྐད་བདག་གི་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་སོགས་ཤེས་རབ་སྙིང་པོ་འགོ་ནས་འཇུག་བར་འཕགས་པ་སྤྱན་རས་གཟིགས་དང་ཚེ་དང་ལྡན་པ་ཤཱ་རིའི་བུ་ཁོང་རྣམ་གཉིས་བགྲོ་གླེང་གི་ཚུལ་དུ་དབུ་མའི་ལྟ་བ་མཐར་ཐུག་ཐལ་འགྱུར་བའི་དགོངས་པ་སྣང་སྟོང་ཟུང་འཇུག་གམ་སྟོང་ཉིད་སྙིང་རྗེ་སྙིང་པོ་ཅན་གཞི་ཡི་སྟོང་ཉིད་དམ་དབུ་མའི་ལྟ་བ་ཇི་ལྟར་གཏན་ལ་འབེབས་པ་དེ། ལམ་གྱི་སྟོང་ཉིད་སྐབས་སུ་ཚུལ་བཞིན་རྟོགས་ནས་རང་རྒྱུད་དང་འདྲེས་ཤིང་སྒོམ་པར་བྱས་པ་ལ། བླ་མ་དམ་པའི་གདམས་ངག་དང། སློབ་མ་དམ་པའི་བཅོས་མིན་མོས་གུས་ཀྱི་ཆ་རྐྱེན་གཉིས་པོ་དེ་མེད་དུ་མི་རུང་བ་ནི་མདོ་རྒྱུད་བསྟན་བཅོས་ཕལ་མོ་ཆེ་དུ་གསལ་ལོ།
རྒན་ལ་དྭགས་པ་ལགས། ཉིད་གྱི་བསམ་འཆར་ལྟར་ན། རིགས་པའི་ཤེས་བྱ་ཟེར་བར་ཡང་བྱེད་སྒྲ་སྦྱར་ནས་རིགས་པས་ཅེས་འབྲི་དགོས་པ་རེད་དམ། ངས་རིགས་པའི་རྟོགས་རྒྱུ་ཟེར་བར་རིགས་པའི་ཤེས་བྱ་ཞེས་པ་ལྟ་བུའི་གོ་དོན་བླངས་ནས་བྲིས་པ་ཡིན། དེ་ཡང་གང་རྟོགས་རྒྱུ་དེའམ་ཤེས་པར་བྱ་བ་དང་། རྟོགས་བྱེད་རིགས་པ་གཉིས་ཀྱི་རྟེན་པའི་འབྲེལ་བར་བསམ་བློ་བཏང་སྟེ། རིགས་པའི་ཞེས་འབྲེལ་སྒྲ་སྦྱར་བ་ཡིན་ནའང་། གལ་ཏེ་བོད་བརྡ་རིག་པའི་རྣམ་བཞག་དང་འགལ་ཡོད་ན། འབྲི་ཉེས་བྱས་ཡོད་ཅེས་ཁས་ལེན་བཟོད་གསོལ་བྱ་འོང་།
འདི་ལྟར་སངས་རྒྱས་བཅོམ་ལྡན་འདས།
རྫོགས་པའི་སངས་རྒྱས་ཨ་ལས་བྱུང་།
ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག
དོན་ཆེན་ཡི་གེ་དམ་པ་ཡིན།། ༡ །། ལེའུ་ལྔ་པའོ། འདི་ཡང་ཨ་རིའི་སློབ་དཔོན་སྐུ་གཤེགས་ཨེ་ལེགས་མཆོག་གིས་ལེགས་སྦྱར་དང་། བོད་འགྱུར། རང་ཉིད་ཀྱི་ཨིན་འགྱུར་གླེགས་བམ་ནས་འདྲ་བཤུས་བྱས།
་
སློབ་དཔོན་ཀླུ་སྒྲུབ་ཀྱིས། རིགས་པ་དྲུག་པ་ཞེས་པའི་དབུ་མའི་གཞུང་བརྩམས། དཔེ་ཆ་ལག་ཏུ་མེད་པས་ཡིག་ནོར་འབྱུང་སྲིད། དཔེ་ཆ་དེ་ཉིད་ན།
་
རེ་ཞིག་ཉེས་ཀུན་འབྱུང་བའི་གནས།
མེད་པ་རྣམ་པར་བཟློག་ཟིན་གྱིས།
རིགས་པ་གང་གིས་ཡོད་ཉིད་ཀྱང་།
བཟློག་པར་འགྱུར་བ་ཉན་པར་གྱིས། །
་
རིགས་པ་གང་གིས་ཏེ། རིགས་པས་ཞེས་དང་། རིགས་པ་དང་། རྟགས་དང་། གཏན་ཚིགས་རྣམས་དོན་གཅིག་མིང་གི་རྣམ་གྲངས་ཡིན་ནོ་བསམ། ལུང་དང་རིགས་པས་འཐད་པ་མ་ཡིན་ནོ། དེ་ཡང་ཆོས་མངོན་པ་རྣམས་ཀྱིས་རྟེན་ཅིང་འབྲེལ་པར་འབྱུང་བའི་རིགས་པས་མེད་པའི་མཐའ་བཀག་ཟིན་པས། ཡོད་པར་སྨྲ་བ་དག་གིས་དབུ་མ་པ་ལ་ལ་གྲོགས་བྱས། འོན་ཀྱང་། རྟེན་ཅིང་འབྲེལ་པར་འབྱུང་བའི་རིགས་པ་འདི་ཉིད་ཀྱིས་ཡོད་པའི་མཐའ་ཡང་བཟློག་པར་འགྱུར་བ་ཉན་པར་གྱིས། སློབ་དཔོན་ཀླུ་སྒྲུབ་ཀྱིས་ཆོས་མངོན་པ་ལ་སྨྲས་སོ། །དེ་ཡང་རིགས་པ་དྲུག་ཅུ་པའི་ཤློ་ཀ་དེ་ན། གྱིས་ཞེས་པའི་སྒྲ་གཉིས་ཡོད་པ་ལས་དང་པ་དེ་ཚིག་བརྗོད་ཀྱི་གཅོད་མཚམས་དང་། གཉིས་པ་དེ། བགྱིད། བགྱིས། བགྱི། གྱིས། ཞེས་ད་ལྟ་འདས་མ་འོངས་བསྐུལ་ཚིག་བཅས་རིམ་པས་མཁྱེན་པར་འཚལ། ཞེས་དང་ཁོ་བོ་དང་གཞན་རྣམས་ཀྱི་ཡང་ཡིག་ནོར་དག་ལ་ཞུས་དག་མཛད་ན། བོད་ཀྱི་སྐད་ལ་ཕན་ནོ།
གླེགས་བམ་ནས་འདྲ་བཤུས་བྱས། ཞེས་པར་གླེགས་བམ་སྤར་ཡོད་པ་དེ་ནས་བདག་གིས་འདྲ་བཤུས་བྱས་སོ།
#39 ཀརྡོ་གཉེར་ཕྱག་པ་ ་ལགས་ཀྱིས་སྤེལ་དོན།:
October 16th, 2015 at 12:38 pm
གཅིག དབུ་མ་པས་སྟོང་ཉིད་རྟོགས་ཞེས་པ་ལས། སྟོང་ཉིད་དེ་དབུ་མ་རེད་ཅེས་པའི་ཐ་སྙད་མེད།
གཉིས། ཡིན་ལུགས་ཕུ་ཐག་ཆོད་དུས། རྟེན་འབྱུང་སྟང་པའི་དོན་དུ་གོ་བ་ཙམ་མ་ཟད། སྟོང་པས་རྟེན་འབྱུང་ཡིན་པ་ཕར་གོ་བ་ཡོད་གསུངས་འདུག
གསུམ། སྟོང་ཉིད་ཐོག་མ་རྟོགས་དུས་མེ་དགག་ཙམ་རྟོགས་དགོས།
བཞི། ཐེག་ཆེན་མཐོང་ལམ་པས་མཉམ་བཞག་ཏུ་རྟོགས་ཉིད་མེད་དགག་ཙམ་རྟོགས་དགོས།
ལྔ། འདི་དག་མདོ་ལུགས་རྐྱང་པའི་དབང་དུ་བྱས་ན། ཆོས་བརྒྱུད་གྲུབ་མཐའ་ཀུན་གྱིས་གཅིག་མཚུངས་སུ་བཞེད་དགོས་སྙམ་མོ།།
#40 ཀརྡོ་གཉེར་ཕྱག་པ་ ་ལགས་ཀྱིས་སྤེལ་དོན།:
October 17th, 2015 at 6:13 am
རྩ་བརྒྱུད་བླ་མས་བྱིན་གྱིས་རློབས། །
ཡི་དམ་ལྷ་ཡིས་དངོས་གྲུབ་སྩོལ། །
ཆོས་སྐྱོང་སྲུང་མའི་འཕྲིན་ལས་དང་། །
བཀའ་གཉེན་འཁོར་གྱིས་སྣང་བ་སྩོལ། །
ཐེག་ཆེན་སངས་སྔགས་རྡོ་རྗེ་ཐེག་པའི་དབང་དུ་བྱས་ན་ཡང་། བླ་མ་བྱང་སེམས་འཕགས་པའི་དྲུང་ནས། སློབ་མ་བྱང་སེམས་སོ་སྐྱེ་གཅིག་གིས། བླ་མ་དེ་ལ་སྐྱབས་གསུམ་ཀུན་འདུས་དང་། རྩ་གསུམ་ཀུན་འདུས་ཀྱི་ངོ་བོར་མོས་པར་སླ་ན་ཡང་།
དེ་ལས་ལྡོག་ཏེ་བླ་མ་བྱང་སེམས་སོ་སྐྱེ་དྲུང་ནས། སློབ་མ་བྱང་སེམས་འཕགས་པ་དེ་ཡི་མོས་གུས་དག་སྣང་བྱ་རྒྱུ་དཀའ་ན་ཡང་། སློབ་མ་བྱང་འཕགས་དེ་སྟོང་ཉིད་གསར་དུ་རྟོགས་པ་ལ་བླ་མར་མོས་གུས་མི་དགོས་ཀྱང་།
རང་གི་ས་ལམ་ཡར་འཛེགས་ལ ། བླ་མ་སོ་སྐྱེ་དེ་ཡང་སངས་རྒྱས་ཐ་མལ་པའི་ཚུལ་དུ་ང་ལ་ཆོས་གསུངས་ཕྱིར་ཕེབས་པ་འདི། སངས་རྒྱས་དངོས་ལས་ཀྱང་། བཀའ་དྲིན་ཆེ་བར་མོས་ནས། རང་གི་ལམ་གོང་མ་བསྒྲོད་དགོས་པ་ལྟར།
མདོར་ན། དཔེ་ཆ་གང་ཞིག་ནང་བླ་མ་ལ། མ་མོས་ནས་དེ་ཉིད་མི་རྟོགས་ཞེས་པ་དེ། སྟོང་ཉིད་རྟོགས་པ་ལ་ཚོགས་རྒྱ་ཆེན་པོ་བསགས་རྒྱབ་དགོས་པར་བརྟེན། གསང་སྔགས་ཀྱི་སྐབས་སུ་ཚོགས་བསགས་རྒྱབ་ཆེ་ཤོས་དེ་བླ་མ་ལ་མོས་གུས་དག་སྣང་དེ་ཉིད་ལས་ལྷག་པ་མེད་ཙ་ན།
བླ་མ་ལ་མོ་གུས་ཀྱིས། སེམས་ཀྱི་ཆོས་ཉིད་རྟོགས་དགོས་ཞེས་པ་དེ། མོས་གུས་དེ་ལ་བརྟེན་ནས་ཆོས་ཉིད་རྟོགས་དགོས་གསུངས་པ་ལས། མོས་གུས་ཀྱི་བློ་དེ་ཉིད་ཀྱིས་སེམས་ཀྱི་ཆོས་ཉིད་རྟོགས་ཞེས་པ་མིན་ཏེ། མོས་གུས་ཀྱི་བློ་དེ་ཡུལ་མ་རྟོགས་པ། ཆོས་ཉིད་རྟོགས་པའི་བློ་དེ་ཡུལ་རྟོགས་པ་ཡིན་པས་དེ་གཉིས་གཅིག་ཏུ་འོངས་མི་སྲིད་པའི་ཕྱིར་རོ།།
བླ་མ་ལ་མོ་གུས་ཀྱིས། སེམས་ཀྱི་ཆོས་ཉིད་རྟོགས་དགོས་ཞེས་པ་དེ།
འདི།
བླ་མ་ལ་མོས་གུས་ཀྱིས། སེམས་ཀྱི་ཆོས་ཉིད་རྟོགས་དགོས་ཞེས་པ་དེ།
ལ་བཅོས།
རྒན་ལ་དྭགས་པས་ཉོན་ཅིག
༡། སྣང་བ་རྟེན་འབྲེལ་གྱིས་མེད་མཐའ་སེལ་ཟེར་བ་དེ། རང་རྒྱུད་པ་མན་ཆད་ཀྱི་ལུགས་རེད། ཐུན་མིན་ཐལ་འགྱུར་གྱི་ལུགས་ལ། སྣང་བ་རྟེན་འབྲེལ་གྱིས་ཡོད་མཐའ་སེལ་བ་སྟེ། ཐལ་འགྱུར་སྨྲ་བའི་ཐུན་མིན་ཁྱད་ཆོས་བརྒྱད་ཀྱི་གཅིག་ཏུ་བགྲང་། ། དེའི་ཕྱིར་ལམ་གཙོ་ན། གཞན་ཡང་སྣང་བས་ཡོད་མཐའ་སེལ་པ་དང་།། ཞེས་སོགས་གསུངས། སྤྱིར་ན་ནི་རྟེན་འབྲེལ་གྱི་རིགས་པས་མཐའ་བཞི་ག་སེལ་བའི་ཆ་ནས་རིགས་པའི་རྒྱལ་པོ་ཞེས་སུ་འབོད་པ་དེ་ལྟར་རེད། འདི་ཚོ་རྒྱ་ཆེ་བས་བྱིས་པ་བདག་ལྟ་བུ་ལ་དེ་ཙམ་མི་མཛའ།
ད་ནི་དག་ཆ་གླེང་སྟེ།
༡། ཁྱེད་ཀྱིས། ༼བསྐུལ་ཚིག་བཅས་རིམ་པས་མཁྱེན་པར་འཚལ།༽ ཞེས་བྲིས་པ་མ་དག་སྟེ། སྐུལ་ཚིག་ཅེས་བྲི་དགོས། རྒྱུ་མཚན་ནི། སྐུལ་པར་བྱེད་པའི་ཚིག་སྟེ་དངོས་པོ་བདག་གི་སྒྲ་ཡིན་པ་དེས་ཤེས་པར་གྱིས་ཤིག།
༢། ༼ཚིག་བརྗོད་ཀྱི་གཅོད་མཚམས་དང་།༽ཞེས་བྲིས་པ་ཡང་མ་དག་སྟེ། རྗོད་ཅེས་བྲིའོ། །རྒྱུ་མཚན་ཚིག་ནི་རྗོད་བྱེད་ཡིན་པས་གོང་གི་དེས་རིགས་བསྒྲེས་ཏེ་ཤེས་པར་གྱིས།
༣། ༼ཁོ་བོ་དང་གཞན་རྣམས་ཀྱི་ཡང་ཡིག་ནོར་དག་ལ་ཞུས་དག་མཛད་ན།༽ ཞེས་པར་ཡང་དག་ནོར་མང་ན་འདི་ལྟར། ཁོ་བོ་དང་གཞན་རྣམས་ཀྱིས་ཀྱང་ཡིག་ནོར་ཞུ་དག་མཛད་ན། ཞེས་བྲི་དགོས་སོ། །རྒྱུ་མཚན་ནི། ཁོ་བོ་དང་གཞན་རྣམས་ནི་སྐབས་འདིར་བྱ་བྱེད་ཐ་དད་པའི་བྱེད་པ་པོར་སོང་ན་བྱེད་སྒྲ་ངེས་པར་དུ་དགོས། ཞུ་ཞེས་པ་དུས་གསུམ་ཐོར་བུ་བའི་བྱ་ཚིག་རེད། མིང་་འགྲུབ་བྱེད་ལ་ད་ལྟ་བའི་བྱ་ཚིག་སྦྱོར་བས་ན་ཤེས་སླ། །
ཁྱེད་ཀྱི་མཆན་བུ་དག་ན་ཡིག་ནོར་ལ་བགྲང་མི་ཚར་བ་འདུག་ཀྱང་ལེ་ལོས་བཞག འོན་ཀྱང་བརྡ་སྤྲོད་རིག་པའི་གད་བདར་དུ་འགྲོ་སྲིད་པ་འདྲ་བས་ད་ནས་བཟུང་དེ་མུར་མི་བསྐྱུར་ན་གཟབ་འཚལ། ཧ་ཧ་ཧ། ཀུ་རེ་ཡིན །
“ཁྱེད་ཀྱི་མཆན་བུ་དག་ན་ཡིག་ནོར་ལ་བགྲང་མི་ཚར་བ་འདུག་ཀྱང་ལེ་ལོས་བཞག”
་
འདི་ལ་ རྗེ་ཙོང་ཁ་པས་ལམ་རིམ་ཆེན་མོར་མདོ་དྲན་པ་ཉེར་གཞག་གི་ལུང་དྲངས་པ་ན།
་
ཉོན་མོངས་རྣམས་ཀྱི་གཞི་གཅིག་ནི།
ལེ་ལོ་ཡིན་ཏེ་གང་ལ་ཡོད།
གང་ལ་ལེ་ལོ་གཅིག་ཡོད་པ།
དེ་ལ་ཆོས་ཀུན་མེད་པ་ཡིན།།
་
ལམ་རིམ་ཆེན་མོ་དེབ་གཟུགས་མ་ཤོག་གྲངས་༤༢༥ན།
དགེན་ཆེ་མོ་ལགས།
ཡུལ་ཡོད་དང་ཡུལ་མེད་བྱ་ཚིག་ཅེས་པ་འགྲེལ་བརྒྱབས་པ་ལ་ཡི་རང་ཞུ་མོད། ཚིག་སྦྱོར་དེས་ངའི་ལྕེ་ཆག་ལ་ཁད་བྱས་སོང་། བརྡ་སྤྲོད་ལ་མཁས་པ་རང་རེད་དོ། ། ད་ལྟ་ད་དུང་ཡང་དྲན་སོས་པ་ཞིག་ལ། ༼དེ་ལ་དྲི་བ་འབྱུང་ཐུབ་༽ཅེས་པ་དེ་རེད། འདི་ཅི་རེད། བོད་སྐད་ཅིག་རེད་དམ། ཡང་ན་འབྱུང་ཞེས་པ་བྱེད་འབྲེལ་ལས་ཚིག་དབྱུང་ལ་བསྒྱུར་ཏེ། ༼་དེ་ལ་དྲི་བ་དབྱུང་ཐུབ་༽ཞེས་སུ་བྲིས་ན་རྗོད་པ་ཞིག་ཏུ་གྲུབ་འགྲོ་བ་ཡིན། གཞན་དུ་ཧ་ཧ་ཧོ་ཧོ་རེད། ད་དུང་དེའི་ནང་གི་ཚིག་ཚོགས་མང་པོ་ཞིག་ལ་གོ་བ་ལོན་རྒྱུ་རྩ་ནས་མི་འདུག
བླུན་པོ་ཁ་བཙུམ་ན་བསྟན་འགྲོ་ལ་ཕན་ནོ་ཞེས་པའི་ལེགས་བཤད་གསེར་གྱི་ཐིགས་པ་ལ་སླབས་ཏེ།
རང་ས་ནས་བསྡད་ན་མི་མཛེས་སམ།
མ་རེད་དམ། ག་གེ་མོའི་དགེན་ཆེ་མོ།
བསླབས་ཏེ་
ཀུན་མཁྱེན་གོ་རམས་པ་ཆེན་པོས། ལྟ་བའི་ཤན་འབྱེད་དུ་འདི་ལྟར་གསུངས་ཡོད།
གནས་ལུགས་དཔྱོད་སྤྱོད་པའི་སོ་སྐྱེའི་བློ་གྲོས་ཀྱིས།།
མཐའ་བཞིའི་སྤྲོས་པ་ཅིག་ཆར་མི་ཁེགས་ཀྱང་།།
རེས་འཇོག་ཚུལ་གྱིས་བཞི་ཆར་བཀག་ནས་ནི།།
ཚུལ་བཞིན་བསྒོམས་པས་མཐོང་ལམ་སྐྱེས་པའི་ཚེ།།
གནས་ལུགས་མཐའ་བཞིའི་སྤྲོས་པས་དབེན་པ་དང་།།
རྟོགས་བྱེད་བློ་གཉིས་གཉིས་སུ་དབྱེར་མེད་པར།།
བློ་ཉིད་སྤྲོས་བྲལ་ངང་དུ་ཐིམ་པ་ལ།།
ལྟ་བ་ཆོས་དབྱིངས་མཐོང་བའི་ཐ་སྙད་མཛད།། ཅེས་གསུངས་སོ།།
དེ་བཞིན་དུ་སྤྱོད་འཇུག་ལས།
སྟོང་ཉིད་བག་ཆགས་གོམས་པས་ནི།།
དངོས་པོའི་བག་ཆགས་སྤོང་འགྱུར་ཞིང་།།
ཅི་ཡང་མེད་ཅེས་གོམས་པས་ནི།།
དེ་ཡང་ཕྱི་ནས་སྤོང་བར་འགྱུར།། ཅེས་སོགས་གསུངས་སོ།།
མདོར་ན། མཁས་པ་འདི་དག་ལ་སོགས་གསུང་ལ་གཟིགས་རྟོག་ལེགས་པོ་ཞིག་མཛད་ན། དབུ་མའི་ལྟ་བ་ཇི་ལྟར་སྐྱེ་བར་བྱ་ཚུལ་ནི་གསལ་པོར་མངོན་ནོ།།
དེ་ལ་སྤྱོད་འཇུག་ཤོ་ལོ་ཀ་འདིའི་རྐང་པ་དང་པོ་གཉིས་ཀྱིས་རང་རྒྱུད་པའི་གཞུང་ནས་བཤད་པའི་རྣམ་གྲངས་པའི་དོན་དམ་སྒོམ་པར་བསྟན་ཅིང་། རྐང་པ་ཕྱི་མ་གཉིས་ཀྱིིས་ཐལ་འགྱུར་བའི་གཞུང་ནས་བསྟན་པའི་མཐར་ཐུག་རྣམ་གྲངས་མ་ཡིན་པའི་དོན་དམ་སྒོམ་ཚུལ་བསྟན། སྔ་མས་རང་རྒྱུད་ཀྱི་གཏན་ཚིགས་འཕངས་ཏེ་ཆོས་ཐམས་ཅད་སྟོང་ཉིད་དུ་བསྒྲུབས་ཤིང་དེ་བསྒོམས་པས་དངོས་འཛིན་གྱི་བག་ཆགས་སྤོང་བར་འགྱུར་བའི་ཚུལ་བཤད། ཕྱི་མས་ཐལ་འགྱུར་ཙམ་བཀོད་དེ་མཐའ་ཐམས་ཅད་ལས་འདས་པ་ཁས་ལེན་ཀུན་བྲལ་གྱི་དེ་བཞིན་ཉིད་མངོན་དུ་བྱེད་ཅིང་དེ་བསྒོམས་པས་ སྟོང་བར་འཛིན་པའི་འཛིན་པ་ཡང་བཟློག་པའི་རིམ་པ་བཤད་པའོ།།
དེ་ལྟར་ཡང་དགེ་བའིི་བཤེས་གཉེན་ཆེན་པོ་ཉི་ཟླ་ལྟར་གྲགས་པ་གང་གི་ཞལ་སྔ་ནས་ཐོས་པའོ། །
ལོ་ཡག་ལེགས། འབད་པར་ཡི་རང་། ཡིན་པ་ལ་ཡིན་པ་དང་། མ་ཡིན་པ་མ་ཡིན་པའི་ཞུས་དག་མཛད་མཁན་ལ་གུས་བཀུར་དགོས།
༼ཁོ་བོ་དང་གཞན་རྣམས་ཀྱི་ཡང་ཡིག་ནོར་དག་ལ་ཞུས་དག་མཛད་ན།༽ ཞེས་པར་ཡང་དག་ནོར་མང་ན་འདི་ལྟར། ཁོ་བོ་དང་གཞན་རྣམས་ཀྱིས་ཀྱང་ཡིག་ནོར་ཞུ་དག་མཛད་ན། ཞེས་བྲི་དགོས་སོ།
་
༼ཁོ་བོ་དང་གཞན་རྣམས་ཀྱི་ཡང་ཡིག་ནོར་དག་ལ་ཞུས་དག་མཛད་ན།༽ བརྗོད་པ་འདི་ལ་གོ་བ་རྒྱབ་ཐུབ་མི་འདུག ཁོ་བོ་ཙམ་གྱི་ཡིག་ནོར་ལ་ཞུས་དག་བྱེད་པར་མ་ཟད་གཞན་རྣམས་ཀྱི་ཡང་ཡིག་ནོར་ལ་ཞུས་དག་དགོས་པ་ཡིན། དེ་ལྟར་བྱས་དང་བྱེད་དང་བྱ་བའི་འབྲས་བུར་བོད་ཡིག་འབྲི་བ་ཁ་སྐད་རྗེས་འབྲངས་མ་ཡིན་པར་མཁས་པའི་རྗེས་འབྲངས་སུ་འགྱུར། ཞུས་དག་ཅེས་པ་ཡང་མཁས་པས་བྲིས་པའི་དཔེ་ཆ་དག་གི་རྗེས་སུ་འབྲངས་པ་ཡིན་གྱིས། རང་བཟོ་བྱས་པ་ཞིག་མ་ཡིན། དཔེ་ཆ་མང་པོའི་ཁུངས་དགོས་ཀྱང་། ད་ལྟར་གཅིག་ཙམ་ལས་མ་བྱུང་། ཁྱེད་ལ་ལེ་ལོ་ཅན་ཞིག་ཡིན་ན། བོད་མཁས་པས་བྲིས་པའི་དཔེ་ཆ་དག་བལྟ་དགོས། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱི་རྣམ་ཐར། ༧རྒྱལ་བ་འཇམ་དཔལ་རྒྱ་མཚོས་མཛད་པའི་ཤོག་གྲངས་༡༥༠པ་ན། ཞུས་དག་ལེགས་པར་མཛད། ཅེས་གསུངས།
ཆོས་ཀྱི་སྦྱིན་པ་ཞིག་དགོས་ཏེ། ཞུས་དག་ལ་ཞུན་དག་ཅེས་ཀྱང་ཡོད། ཟས་དང་ཟན་ཞེས་པ་ལྟ་བུ་རྗེས་འཇུག་འགྱུར་བ་ཡིན་འདུག
འབྱིན། ཕྱུང་། དབྱུང། ཕྱུང་། ཡུལ་ཡོད་བྱ་ཚིག
འབྱུང་། བྱུང་། འབྱུང་། བྱུང་། ཡུལ་མེད་བྱ་ཚིག་ཡིན། ཞེས་པ་བྱ་ཚིག་འདི་གཉིས་ལ་དྭགས་ཁ་སྐད་དུ། ཞབས་ཀྱུ་དེ་དག་གི་གུར་འབོད་པ་མ་གཏོགས། རྗེ་བཙུན་བསོད་ནམས་རྩེ་མོས་གསུངས་པ་ལྟར་གནའ་བོའི་ཚུལ་བཞིན་འབོད་དོ།
འབྱུང་། ཞེས་པ་ལ་དྭགས་པས་འཐོན་པའི་དོན་ལ་བཀོལ། དོན་དང་ལྡན་ཏེ ངེས་འབྱུང་དང་། རབ་བྱུང་། ཞེས་པ་ལྟ་བུའོ།
ལེགས།
བཀའ་བརྒྱུད་པའི་ཕྱག་ཆེན་འཁྲིད་ཅིག་ལས།
་་་་ རྩ་བརྒྱུད་བླ་མ་ལ་མོས་གུས་ཀྱིས་གསོལ་བ་བཏབ་ཀྱང་ཉམས་གོང་འཕེལ་ཙམ་ལས། མཐར་ཐུག་རང་རིག་ཡེ་ཤེས་ཀྱི་ངོ་འཕྲོད་མི་ཐུབ་པ་འདི་འདྲ་ནི་དེང་སང་གི་གནས་སྐབས་སུ་ཤིན་ཏུ་མང་། ་་་་་
ཧཧཧཧ