ཆབ་མདོ་ངག་ཕུན།
མ་དྲིན་ཅན་ཨ་མའི་བཀའ་དྲིན་དེ།།
བུ་ང་ཡིས་བརྗེད་ཐབས་མི་འདུག་གོ །
མ་ཁྱེད་ལ་དཀའ་སྡུག་ཇི་འཕྲད་ཀྱང་།།
ཞལ་འཛུམ་གྱིས་བསུ་ཞིང་བརྩེ་བས་བསྐྱངས།།
བུ་ང་ལ་ཆམ་པ་ཙམ་ཕོག་ཀྱང་།།
མ་དྲིན་ཅན་མཚན་གང་གཉིད་མི་ཁུག །
བུ་པང་དུ་ཉར་ནས་ཙུག་གེར་བཞུགས།།
མ་བཀའ་དྲིན་ཅན་དེ་སྙིང་ནས་དྲན།།
ཞོགས་སྔ་པོ་ལངས་ཤིང་འབྲི་མཛོ་སོགས།།
དེ་བཞོས་ཏེ་ནང་མིར་ཞལ་ལག་དང་།།
ད་འོ་མ་དཀྲོག་ཅིང་འབྲི་མར་བཏོན།།
མ་ཁྱེད་ལ་ངལ་གསོར་སྡོད་དབང་མེད།།
ད་སྔ་དགོང་ཉིན་གསུམ་ལས་ལ་བྲེལ།།
མཚམས་རེ་ལ་ལས་བྲེལ་ཉུང་བའི་སྐབས།།
ད་བུ་ཆུང་ཟེར་བཞིན་པང་དུ་ལེན།།
ཐུགས་བརྩེ་བ་ཆེན་པོས་བཀའ་དྲིན་བསྐྱངས།།
ཟས་གང་ཞིམ་བུ་ཆུང་ང་ལ་སྟེར།།
གོས་གང་ཡག་བུ་ཆུང་ཟེར་བཞིན་གཡོགས།།
མི་གཞན་གྱི་སྡིག་དམོད་བྱས་མཐོང་ན།།
མ་དྲིན་ཅན་གདོང་གི་རྣམ་འགྱུར་ལོག །
ས་གང་དུ་ཕྱིན་ཡང་ཨ་མ་ཁྱེད།།
བུ་ང་ཡིས་ནམ་ཡང་མི་བརྗེད་དོ།།
སེམས་བསམ་པ་གངས་རི་ལས་ཀྱང་དཀར།།
ནང་གཤིས་རྒྱུད་བཟང་པོ་བལ་ལས་འཇམ།།
གནས་འཁོར་བ་འདི་ལ་སྐྱེས་ནས་བཟུང་།།
མ་དྲིན་ཅན་ཁྱེད་ཀྱི་བརྩེ་བས་བསྐྱངས།།
བུ་ལམ་འགྲོ་མ་ཤེས་འགྱུར་དུས་སུ།།
མ་དྲིན་ཅན་ཁྱེད་ཀྱིས་ལམ་སྟོན་མཛད།།
ང་མི་ཡུལ་འགྲིམས་པའི་ནུབ་མོ་དེར།།
དྲིན་ཨ་མའི་སྤྱན་ལ་མིག་ཆུ་འཁོར།།
ཕྱག་གཡས་པ་ང་ཡི་མགོ་ཐོག་བཞག །
དུས་ནམ་ཡང་མ་རབས་མ་བྱེད་གསུངས།།
གནས་ཕ་ཡུལ་ཡོད་སའི་ས་ཕྱོགས་ལ།།
སྤྲིན་དཀར་པོ་ལང་ལིང་འཕྱུར་བཞིན་རྒྱུ།།
དྲིན་ཨ་མ་བདེ་མིན་སྤྲིན་དཀར་གྱིས།།
བུ་ང་ལ་ལན་གཅིག་གནང་བར་མཛོད།།
ས་འདི་ཕྱོགས་སྐྱིད་ལེ་མ་རེད་དེ།།
ས་འདི་ཕྱོགས་སྡོད་དགོས་སྔོན་ལས་རེད།།
དྲིན་ཨ་མ་བརྗེད་པ་མ་རེད་དེ།།
ས་ཐག་རིང་སྡོད་དགོས་སྔོན་ལས་རེད།།
ས་སྐྱིད་པོ་མེད་ལེ་མ་རེད་དེ།།
ས་སྐྱིད་པོ་ཡོངས་རྫོགས་གཞན་གྱིས་འཕྲོག །
ད་ང་ཚོ་མི་ཡུལ་འགྲིམས་དགོས་བཟོས།།
བུ་ང་ཡིས་བརྗེད་ཐབས་མི་འདུག་གོ །
དྲིན་ཨ་མ་དྲན་པའི་སྐྱོ་གླུ་འདི།།
བུ་ང་ཡི་ཁོག་པའི་གཏིང་ནས་ཤོར།།
མི་ང་དང་འདྲ་བའི་ཁྱེད་རྣམས་ཀྱིས།།
ད་ལན་གཅིག་བརྩེ་བས་ཀློག་གནང་མཛོད།།
ཅེས་པ་འདི་ནི་དྲ་གྲོགས་ཤིག་གིས་ཨ་མའི་སྐོར་གྱི་གནས་ཚུལ་ཉན་རྗེས་དྲིན་ཆེ་བའི་ཨ་མ་ལགས་སེམས་གཏིང་ནས་དྲན་ཏེ་འདི་འདྲ་ཞིག་འབྲི་དགོས་ཤོར་སོང་བས་དགོངས་འཇགས་འཚལ། ༢༠༡༥/༡༠/༡༦
ཨ་མ་ལགས ༢༠༡༧ /༡/༡༨ རེས་གཟའ་ལྷག་པ་
ཉི་མ་ཆུང་བདག་
གློ་བུར་གྱིས་གནམ་ལྕག་རྒྱབ་པ་འདྲ་བའི་གཏམ་ངན་དེས་ངའི་སེམས་རྦ་རློང་དུ་འཕྲུག་ནས་མིག་མདུན་དུ་མངོན་པ་ནི་ང་རང་གཅིག་པོ་མུན་ནག་གིས་ཡུལ་ཞིག་ལ་གོམས་འགྲོད་མི་ཐུབ་པའི་ཁེར་རྐྱང་གི་ཁྱི་མོ་རྐང་ཅག་ཞིག་དང་མཚུངས་
ཉིན་ནས་ཟླ་བ་དང་ ཟླ་བ་ནས་ལོ་ གྲངས་ཀ་རྒྱབ་ནས་ཁྱེད་རྣམས་དང་མཇལ་བའི་འདུན་པ་སྐོམ་པ་ཆུ་འདོད་ལྟར་ཡོད་ཀྱང་ གཞན་དབང་སྟབས་བསྟུན་གྱིས་སྤྱི་ཚོགས་དེས་ང་ཚོ་ལོ་ངོ་ཧྲིལ་པོ་ཉི་ཤུ་ཙམ་ཞལ་མཇལ་མ་བཅུག་པར་ཁེངས་ར་དང་ཟུར་ཟ་བྱེད་རྒྱུ་ལས་མ་འདས་
ངས་ད་ལྟ་ཡང་དྲན་པ་ནི་ང་ཚོ་གྱེས་ཁའི་སྐྱོ་སྣང་གི་ཉིན་དེ་རང་ཡིན་
ཁྱེད་ཀྱིས་མིག་ཆུ་ལྐོག་ཏུ་སྦས་ནས་ངའི་མིག་མདུན་དུ་མངོན་མི་མངོན་གྱིས་མིག་ཟུང་གིས་སྤྱན་ཆབ་དེས་ང་ལ་བློ་ཁོག་དང་སྡུག་རུས་ཕར་མ་ཞིག་གནང་བ་ངས་ཤེས་ལ་ ཁྱེད་ཀྱི་སེམས་ནང་གིས་ཡོད་ཚད་ང་དང་མཉམ་དུ་བོར་ནས་སེམས་སྟོང་པ་ཆགས་ཡོད་པ་ཡང་ངས་ཤེས་
ཨ་མ་ལགས་
ད་ཆ་ཁྱེད་ཀྱིས་ངའི་ཡོད་ཚད་ནས་ཡོད་ཚད་ཁྱེར་སོང་
ཤུལ་དུ་ལུས་པ་ནི་འགྱོད་པ་དང་སེམས་སྡུག་
དྲན་གསོ་དང་མིག་ཆུ་ལས་མ་འདས་
ཨ་མ་ལགས་
སྐྱེ་བ་ཕྱི་མར་སླར་ཡང་ང་ཁྱེད་ཀྱི་བོུ་བྱེད་འདོད་
ཁྱེད་སྐྱེ་བ་ཕྱི་མར་ཡང་མི་ལུས་ལེན་པའི་སྨོན་ལམ་ཡོད་
དཀོན་མཆོག་མཁྱེན།