ཐོག་ལྕེས་བརྩམས།
བོད་མི་རིགས་ཀྱི་སྤྱི་ཚོགས་འདིའི་མཐོང་བ་མངོན་འགྱུར་གྱི་རྣམ་པའི་ངོས་ནས་བཤད་ན། ད་དུང་ཉུང་མཐར་བརྒྱ་ཆའི་བདུན་བཅུའི་ཀླད་རྩའི་ནང་དུ་དེང་གི་ཚན་རིག་ལག་རྩལ་གྱི་གསོ་ཐབས་ཆེད་མཁས་པས་ཀྱང་བཅོས་ཐབས་མེད་པའི་ནད་འབུས་བཀང་ཡོད་པ་གསལ་པོ་རེད། དེ་དག་གི་ཁྱབ་ཁོངས་སུ་སྤྱིར་ནད་རིགས་བཞི་བརྒྱ་རྩ་བཞི་འདུས་ཡོད་སྲིད་མོད་གཙོ་བོ་འགའ་བགྲངས་ན། ཆོས་ལུགས་ཀྱི་ནད། ལུང་ཚན་གྱི་ནད། འདུ་ཤེས་གསར་རྙིང་གི་ནད། ཐོབ་གོ་སའི་ནད། སྒེར་ནད་དེ། རྩ་བའི་ནད་ཆེན་ལྔའི་ཁོངས་སུ་བགྲངས་ན་མི་འགྲིག་པ་མེད།
ལྷག་ཏུ་དེ་རིང་ཁ་རྩང་ནི་དབུགས་རྔ་ཐོགས་ཙམ་གྱི་ནད་རོ་གཅུང་གོག་གིས་སོང་བའི་མི་རིགས་ཀྱི་བེམ་གོག་འདིའི་ནད་རྟགས་ཧ་ཅང་མངོན་གསལ་ཆེ་བའི་སྐབས་ཤིག་ཡིན། མ་ཟད་ནད་འདི་རིགས་ཕོག་པ་དང་འཕར་འོང་དུས་ཕལ་མོ་ཆེར་ལ་ནད་རྟགས་གཙོ་བོ་འདི་རིགས་འོང་གི་ཡོད། རང་གི་སྣང་བར་མི་འོང་བའི་མི་དེ་ཁོའི་མདུན་དུ་དེ་ག་རང་ལྟ་ལོག་པ་དང་། དོལ་རྒྱལ་བ། གསང་ཉུལ་བ་སོགས་སུ་འགྱུར་འགྲོ་ཡི་ཡོད། དེས་རྐྱེན་གྱིས་དགྲ་གཉེན་གོ་ལྡོག་པའི་འཐབ་རྩོད་མུ་མེད་པ་འདི་ལྟ་བུའི་འོག་ཏུ་ཧ་ཅང་ཕངས་ལ། སུམ་གཉིས་ས་ཡི་དཀྱིལ་འཁོར་ལ་དབང་བསྒྱུར་བར་གྲགས་པའི་མི་རིགས་འདིའི་སྲོག་རྟ་རྔ་འདྲ་བོ་གང་ཞིག་ཏུ་བསྐྱེལ་འགྲོ་སུ་ཞིག་གིས་བཤད་ཚོད་ཐིག་ཨང་།
དེ་རིང་ཁ་རྩང་མི་ཞིག་གསོན་གསོན་ལ་དམར་སོད་གཏོང་བྱེད་ཀྱི་གོང་གི་ཞྭ་གོས་འཇིགས་ཡེར་བ་དག་གཡོགས་ས་དེ་ནི། ན་གཞོན་རང་བཙན་འཐབ་རྩོད་དང་རང་དབང་རྩོམ་པ་པོ་གྲགས་ཅན་ཨ་ཚོགས་ཀླུ་མཁར་བྱམས་ཆགས་ཡོད། འོ་ན་ཁོ་ལ་ཅིའི་ཕྱིར་འདི་ལྟར་འཐད་ཅེས་ཡིན་གནས་ལུགས་ཀྱི་དྲི་བས་མདའ་དེད་བྱས་ན་དད་པ་མེད་པ་དང་ལྟ་གྲུབ་མཐུན་མིན་ནས་བཟུང་མཐར་གཏུག་ན་གོང་གི་ནད་ཡམས་དེ་དག་ལ་ཐུག་འགྲོ་བ་ལས། གཞན་གདོང་དང་གདོང་གཏུག་ཏེ་གནས་ལུགས་དང་གནས་ལུགས་བདུར་དེ་རིག་སར་མཐོང་སར་བུད་ནས་ཆམས་ལ་འབེབས་ཐུབ་པའི་གདེང་ཚོད་འདང་བའི་ཆོས་ལུགས་པའམ་ཡང་ན་དབུ་ལམ་ཆབ་སྲིད་པ་ཞིག་འོང་ཐུབ་ཀྱི་མེད་ཚོད་རེད།
ཁོང་ནི་མི་ཆེན་དུད་ཆེན་ཁག་གི་རྒྱུད་དུ་སྐྱེས་པའམ་འབྱོར་ལྡན་དབང་ཆེན་སོགས་ཀྱི་ཤུལ་འཛིན་པའམ་སྤྱི་ཚོགས་སུ་འབུར་ཐོན་གྱི་བྱས་རྗེས་ཅན་གྱི་མི་སྣ་དམིགས་གསལ་བ་དེ་འདྲ་གང་ཡང་ཆགས་མེད་ནའང་། སྐད་བསང་དེ་བཤད་ཆོག་པ་ཞིག་ནི་མགོ་རུལ་བ་སྣ་ཡིས་མི་ཚོར་བའི་རུལ་སོང་གི་སྤྱི་ཚོགས་ཤིག་གི་གཉའ་མནོན་དང་འཇིགས་སྐུལ་སོགས་གང་ལའང་མགོ་བོ་མི་བསྒུར་མཁན་ཞིག་དང་། བོད་བཙན་པོའི་རྒྱལ་ཁྱབ་ཞིག་གི་ཆེད་མཐོན་པོ་གནམ་ལ་མཛུབ་མོ་ཀེར་ཏེ་ཤོད་ཕོད་ཅིང་དམའ་མོ་ས་ནས་མཉམ་དུ་བརྒྱུགས་ནས་འགུལ་འདོད་པའི། སྒེར་ཚུགས་བྲག་དང་རུས་པ་ལྕགས་ཀྱིས་གྲུབ་པའི་དཔའ་འཛངས་རྟུལ་ཕོད་ལྡན་པའི་སྐྱེས་བུ་དམ་པ་ཞིག་ཡིན་པ་དེ་རེད།
གཞན་སྐུ་ཞབས་ཀླུ་བྱམས་ལགས་སྲིད་སྐྱོང་ཐོབ་པའི་དབང་དུ་བཏང་ནའང་རང་བཙན་གཙང་མ་རླངས་པ་ཤར་རེ་ལེན་འོང་བའི་ཡིད་ཆེས་སུའང་ཡོད་མི་སྲིད་ཅིང་། ཁོང་པ་སྐྱེས་བུ་སྒེར་ངོས་ཀྱི་ཐད་ནས་ཆོས་ལུགས་པ་དང་ཡང་ན་དགའ་ལྡན་ཕོ་བྲང་དེ་བཞིན་གཞུང་གི་སྲིད་སྟེགས་ཐོག་གི་མི་སྣ་སུ་ལའང་སྒོར་རྡོག་པོ་གཅིག་གི་ཐོབ་ཤོར་དང་རྩོད་ལེན་དགོས་དོན་ཅི་ལ་ཡོད། ད་ལྟའི་ནོར་འཁྲུལ་ཅན་གྱི་སྤྱི་ཚོགས་འདིའི་གནས་བབ་དང་འཚམས་པར། ཡོད་ཚད་རྒྱལ་ཁབ་གཅིག་གི་འཐབ་རྩོད་ཀྱི་ཆེད་ནུས་པ་འདོན་ཕྱོགས་སུ་གཏོང་ཕོད་པའི་སྲིད་དོན་གྱི་མི་སྣ་གལ་ཆེན་ཞིག་ཡིན་པའི་ཆ་ནས་བཤད་ན། ཁོང་ལ་དངོས་ཤུགས་བརྒྱུད་གསུམ་ནས་རྒྱབ་སྐྱོར་ཅུང་ཙམ་བྱས་པ་ཙམ་གྱིས། ང་ཚོའི་སྟེང་གི་གནམ་སྔོན་གས་འགྲོ་དགོས་དོན་མེད་ལ་འོག་གི་ས་གཞི་བརྡིབ་འགྲོ་དགོས་དོན་གཏན་ནས་མེད་པ། གནས་ལུགས་ཀྱི་མདུན་ནས་གླེང་ན་སེམས་ངོ་འཕྲོད་ཐུབ་པ་ཞིག་རེད།
དེས་ན་བོད་བཙན་པོའི་གདོང་རྒྱུད་ཕྱི་མའི་ལས་དབང་ལ་རང་འགན་རང་སྲུང་གིས་འདུ་ཤེས་མངའ་ཞིང་ལྷག་ཏུ་གདོང་དམར་བའི་རྒྱལ་ཁབ་ཅིག་གི་བླ་ཚེ་སྲོག་གསུམ་གྱི་ཆེད་དུ་རང་བཙན་གཙང་མའི་འཐབ་ཕྱོགས་འཛིན་མཁན་དག་གིས་ནི་གོམ་གང་མདུན་བསུས་ཀྱིས་འདི་ལྟའི་ནོར་འཁྲུལ་ཅན་གྱི་སྤྱི་ཚོགས་འདིར་ཞུ་དག་ཐེངས་གཅིག་ཙམ་གྱི་ཆེད་དུའང་ཅི་ཞིག་བགྱི་བར་གཟབ་ནན་གྱིས་རེམ་དགོས་པའི་དུས་ཤིག་ཏུ་མཐོང་ངོ་།། །།
བཙན་བྱོལ་སྤྱི་ཚོགས་ནང་ནད་ཆེན་ལྔ་ངོས་ཟིན་འདུག་ན་དེ་ལ་ཕན་པའི་སྨན་དེ་ཡང་
ངོས་འཛིན་གནང་ནས་མ་འོང་བཙན་བྱོལ་
སྤྱི་ཚོགས་ནང་ནད་འབུ་དེ་རྩ་མེད་བཟོ་ཐུབ་པའི་འགན་བཞེས་རོགས་གནང་།
ཀླུ་བྱམས་ལགས། ད་ལྟའི་ཁོ་རང་གི་ལས་ཀ་རག་ས་དེ་དབུ་མའི་ལམ་པ་རེད། ལས་ཀ་དེ་མ་བཞག་གོང་ལ། རང་བཙན་ལྟ་བ་བཟུང་ནས་སྲིད་སྐྱོང་ལངས་པ་དེ། མི་དེ་ཡི་ད་ལྟའི་ཞབས་འདྲེན་ཆེ་ཤོས་དེ་རེད་སྙམ་མོ།།
དྲང་པོ་དང་བདེན་པ་བྲིས་འདུག་པས་འདི་འདྲ་ལ་ཐུགས་རྗེ་ཆེ་ཞུ་འོས་པ་རེད་དོ།།
ང་ཚོའི་མང་གཙོ་ནི་གཞན་གི་དམངས་གཙོ་དང་མི་འདྲ་བཞིན་ ང་ཚོའི་དེ་མང་གཙོ་ཡིན་པ་ལས་དམངས་གཙོ་མ་ཡིན་ དེའང་ཆོས་སྲིད་གཉིས་མཉམས་དུ་འབྲེལ་བ་དང་དད་པ་གཙོ་བོར་གཟུང་བའི་མང་གཙོ་ཞེས་པ་དེ་ཡིན།
ང་ཀླུ་ཁ་ཞན་ལ་དགའ་ཡང་། ཁོས་བཤད་པའི་སྐྱོན་ལ་མི་དགའ། དེ་ལྟ་བུ་ཡིན་ན།་འབྲི་མཁན་འདིས་རང་མིང་ངོ་མ་ཙམ་ཡང་གསལ་པོར་བྲིས་མི་ནུས་པ་ཅི་ཡིན་ནམ།
དགྲ་གཉེན་གོ་ལྡོག་མཁན་ནི་ཀླུ་བྱམས་རེད། ཁོས་རྒྱ་མི་ལ་རང་བཙན་རྩོད་རྒྱུའི་ཚབ་ལ་ནམ་ཡིན་རུང་གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་ལ་སྐྱོན་འཛུག་ཁོ་ན་བྱས་ནས་སྡད་འདུག དགྲ་གཉེན་གོ་ལྡོག་ངོ་མ་ནི་འདི་རེད།
དེ་སྔོན་ང་ཚོ་ཉམས་རྒུད་འགྲོ་རྐྱེན་གཙོ་བོ་ནི། སོ་སོའི་སྐྱོན་མ་མཐོང་བ་དང་། སྐྱོན་མ་བཤད་པ། སྐྱོན་བཤད་ས་མེད་པའི་རྐྱེན་གྱིས་ཡིན་པ་ཨེ་གོ་ལགས། ད་ལྟའང་ཡག་ཉེས་བཙོག་གསུམ་གྱི་སྐྱོན་ཕྲན་བུའང་བཤད་ས་མེད་ན་ག་རེའི་དམངས་གཙོ། བཀས་བཀོད་རྨོངས་དད་ཀྱི་སྒེར་གཅོད་རང་མ་རེད་དམ། དམའ་མཐའ་ནས་གྲོགས་པོ་སྙིང་དང་འདྲ་ན་སྐྱོན་ལ་མཛུ་གུ་ཚུགས་ཟེར་བའི་གཏམ་དཔེ་དེའང་གོ་བ་ལེན་ཤེས་ཀྱི་མི་འདུག ད་དུང་སྤྱི་དོན་གཉེར་མཁན་ཡིན་ཟེར། སྤྱི་དོན་བརྫད་མཁན་དུ་འགྱུར་ངེས།
བོད་གཞིས་བྱེས་མི་མངས་དང་། ༸གོང་ས་༸སྐུ་ཕྲེང་བཅུ་པ་ཆེན་པོ་མཆོག་ལ་དགའ་མཁན་ཅིག་ཡིན་ན། ཀླུ་བྱམས་ལ་འོས་ནམ་ཡང་བླུགས་མི་ཉན་ནོ།།
ཀླུ་མཁར་བྱམས་ནས་རང་བཙན་གྱི་འཐབ་རྩོད་གང་དང་གང་བྱས་ཡོད་དམ། རྩོམ་པ་པོ་གྲགས་ཅན་ཡིན་ཞེས་སུས་བཀླག་ཐུབ་པའི་རྩོམ་བརྩམས་ཡོད། ཁྱེད་ཀྱིས་ཞེན་གོག་རྫུན་མ་དེ་ངོས་བོད་མི་ཞིག་གི་སྣང་བར་མི་འགྲོ། ཁོས་རང་བཙན་རྩོད་རྒྱུ་དེ་༸གོང་ས་མཆོག་ལ་ཟུར་ཟ་བྱེད་ས་ཞིག་དང་། རྩོམ་རྒྱག་རྒྱུ་དེའང་༸གོང་ས་མཆོག་ལ་ཟུར་ཟ་བྱེད་རྒྱུ་དེ་རེད་དམ།
ཀླུ་མཁར་བྱམས་ཀྱིས་སྲིད་སྐྱོང་དུ་རྨིས་པ་རང་དབང་ཡང་། དེར་སླེབས་རྒྱུར་རེ་བ་རྩ་བ་ནས་མེད། འཁོར་བ་མཐའ་སྟོངས་ཀྱི་བར་དུའང་མེད། ཁོས་རང་ཉིད་ལ་བཀའ་དྲིན་ཅན་གྱི་གང་ཟག་ལ་མཚན་སྨོད་དང་ཟུར་ཟ་བྱས་སྟངས་ལ་བལྟས་ན། བོད་མིའི་སྲིད་སྐྱོང་གི་འོས་མིར་ལངས་པ་ཙམ་གྱི་བོད་མི་རིགས་ཀྱི་མཚན་ཤས་དང་། བྱེས་བཞུགས་བོད་མི་རྣམས་ཀྱིས་རང་ལུས་ལྟོས་མེད་ཀྱིས་༸གོང་ས་མཆོག་བོད་ལ་གདན་ཞུ་དགོས་ཞེས་སོགས་འབོད་ཚིག་གིས་མཆོད་མེར་ཕུལ་བ་རྣམས་ཀྱི་ཐུགས་རེ་ལ་རྡོག་རོལ་གཏོང་བ་མཚོན།
ཁོས་རང་བཙན་རྩོད་པ་རང་དབང་ཡིན། དེར་དགག་བྱ་མེད། ཁོས་ངོས་བོད་མི་རྣམས་ཀྱི་བླ་སྲོག་ལ་ངན་སེམས་བཅང་སྟེ་རྒྱ་དམར་དང་དོལ་རྒྱལ་གྱི་རྗེས་སུ་འབྲངས་པ་ནི་ཆེས་མི་འོས་པ་དང་། ལས་རྒྱུ་འབྲས་མེད་པའི་བྱ་གཞག་ཡིན། ད་ལྟ་བུའི་དྲིན་ལོག་ཅན་གྱི་གང་ཟག་རྣམས་ལ་བླང་དོར་གྱིས་བསམ་ཤེས་ཤིག་ནམ་འབྱུང་རྒྱུ་ཡིན་ནམ།
འདིར་སྤེན་ཚེ་ཕྱོགས་གཏོགས་ཚོ་སྨྱོས་འདུག ངོ་ཚ་ཡ་མི་འདུག གོང་ས་མཆོག་གིས་དགྲ་བོ་ཡིན་ཡང་བརྩེ་བ་འཛིན་དགོས་གསུང་ཡོག་རེད།
བཟོ་བཅོས། བྱེས་བཞུགས་བོད་མི་རྣམས་ཀྱིས་རང་ལུས་ལྟོས་མེད་ཀྱི་ཚབ་ཏུ། གཞིས་བཞུགས་བོད་མི་རྣམས་ཀྱིས་རང་ལུས་ལྟོས་མེད་ཅེས་འབྲི་དགོས།
སུ་སྨྱོ་ཡིན་མིན་སོ་སོའི་མཆན་ལས་གསལ་ལོ།།
མེ་ཏོག་བཀྲ་ལགས།
ཀླུ་མཁར་བྱམས་ཆབ་སྲིད་བཙོན་པ་རེད། རྒྱུ་རྐྱེན་གང་གི་ཐད་ནས་བཙོན་ནང་ལོ་ལྔ་ཡན་བཅུག་ཡོད་དེར་གཟིགས་ཅིག་་་་་་རྩོམ་པ་པོ་གྲགས་ཅན་ཡིན་ན་རྩོམ་གང་འདྲ་ཅིག་རྩོམ་ཡོད་དགོས་སམ། གོང་ས༧མཆོག་ལ་མཚན་སྨད་དང་ཟུར་ཟ་བྱས་ཀྱི་འདུག་ཟེར་ན་རང་གིས་ཀླུ་མཁའི་གཏམ་བཤད་ཉོན་མི་ཤེས་པས་སྐྱོན་རེད། དེ་དང་ཁོང་རྒྱ་དམར་དང་དོལ་རྒྱལ་རྗེས་འབྲང་པ་རེད་ཟེར་ན་ཁུངས་དཔང་ག་རེ་ཡོད་དམ། བོད་མི་རྣམས་ལ་ངན་སེམས་དང་དྲིན་ལས་ལོག་འཇལ་བཟོ་མཁན་དེ་ཁྱོད་རང་རེད་འདུག་་་་་་རྒྱུ་མཚན་ནི་བོད་རང་བཙན་འདོད་མཁན་ཞིག་ལ་སྡང་ཟུག་ཀྱིས་ཆོས་ཀྱི་འདྲ་འབག་བཀོན་ནས་ནག་པོ་བཟོ་བཞིན་པ་འདི་རེད་དོ།།
འདིར་སྤེན་ཚེ་ཕྱོགས་གཏོགས་ཚོ་ངོ་མ་སྨྱོས་ཚར་འདུག ངོ་ཚ་ཡ་མི་འདུག་ལ་ཆབ་སྲིད་བཙུན་ཟུར་ཞིག་ལ་བོད་པས་དེ་འདྲ་བཤད་ཕོས་པ་བོད་དོན་ཟེར་བ་ཞིག་ཡོད་རེད་པས ཉིན་གཅིག་བཙོན་ནང་ལ་འཛུལ་མ་མྱོང་མཁན་དེ་ཚོས་སྡུག་ཁ་དེ་མ་བཙུམ་
ཆོས་ལུགས་ཀྱི་ཀླད་པ་དཀྲུས་ཟིན་ལ་རྨོངས་དད་ཀྱིས་མིག་གྲིབ་ཡོར་ཅན་དད་པ་ལོག་སྤྱོད་པར་གནས་ལུགས་དཔྱོད་ཤེས་ཀྱི་བློ་མིག་མེད་པས། གནས་ལུགས་དམར་རྗེན་དུ་བསྟན་ཀྱང་གཡོལ་འགྲོ་བ་ནི་ཁོ་ཚོའི་རང་གཤིས་ཡིན་པས་ནམ་ཡིན་ཡང་ངན་སྨྲས་སྣ་ཚོགས་ཀྱི་མུག་ཤི་བགྲངས་རྒྱུ་ལས་ཁ་བརྡ་བསླབ་བྱ་འགྲོ་ས་མེད་ན་བོང་བུ་ཁེར་རྒྱུགས་གཏོང་བ་ལས་གནས་ལུགས་བཤད་མ་བཤད་ཡོད་པ་མ་རེད།