——བེ་རི་རིག་པའི་རྡོ་རྗེ།
སང་ཉིན་ནི་བཙན་བྱོལ་བོད་མིའི་སྔོན་འགྲོའི་འོས་འཕེན་གྱི་ཉིན་མོ་རེད། སྤྱིར་བཏང་དམངས་གཙོའི་རྒྱལ་ཁབ་ཚད་ལྡན་ཞིག་ལ་མཚོན་ན། རྒྱལ་ཁབ་དེའི་འབངས་མི་ཡོད་དོ་ཅོག་ལ་འོས་བསྡུའི་ཐོབ་ཐང་གཅིག་མཚུངས་སུ་ཡོད་ལ། འབངས་མིའི་ངོས་ནས་ཀྱང་དེ་ནི་ཆེས་གལ་ཆེན་གྱི་ལས་གཞི་ཞིག་ལ་ངོས་འཛིན་བྱེད་བཞིན་ཡོད་མོད། རང་བཙན་རྒྱལ་ཁབ་ལྟ་ཅི། ཐ་ན་རང་ས་ལག་མཐིལ་ཙམ་ཡང་མེད་པར་གཞན་སར་སྐྱབས་བཅོལ་གྱི་ངོ་བོར་གནས་པའི་རང་གཞུང་གི་མགོ་གཙོ་རྣམས་ཀྱིས། “ཆོས་བརྒྱུད་རིས་མེད། ཆོལ་ཁ་དབྱེར་མེད།” ཅེས་ཁ་གཡང་སྙན་པོ་ཞིག་སྒྲོག་བཞིན་ཡོད་ཀྱང་། དོན་ལ་ཆོས་བརྒྱུད་དབྱེ་འབྱེད་དང་། ཆོས་ལུགས་དད་མོའི་རང་དབང་གི་ཐོབ་ཐང་རྩིས་མེད་རྡོལ་རོལ་གཏོང་བཞིན་ཡོད།
དེ་ཡང་སྔ་འགྱུར་རྙིང་མ་དང་། བཀའ་བརྒྱུད། ས་སྐྱ། དགེ་ལུགས། གཡུང་དྲུང་བོན་བཅས་བོད་ཀྱི་ཆོས་བརྒྱུད་ཆེན་པོ་རྣམས་ཀྱི་རྗེས་ཞུགས་པ་རྣམས་ཀྱིས་རང་རང་གི་ཆོས་བརྒྱུད་སྤྱི་འཐུས་གཉིས་རེ་གདམ་རྒྱུའི་ཐོབ་ཐང་ཡོད་མོད། རྒྱལ་བ་ཇོ་ནང་པ་རྣམས་ལ་གདམ་བྱ་འདེམས་བྱེད་ཀྱི་ཐོབ་ཐང་མེད་པ་བྱས་ནས་ཇོ་ནང་པ་རྣམས་བོད་ཀྱི་མི་གྲལ་དང་། ཇོ་ནང་ཆོས་བརྒྱུད་བོད་ཀྱི་ཆོས་གྲལ་ནས་རྒྱང་ཕུད་བྱས་ཡོད། དེའི་ཚུལ་གསལ་བོར་བཤད་ན། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལེའུ་ལྔ་པ། དོན་ཚན་སོ་བདུན་པའི་ནང་གསེས། ཁ་པར། “རྙིང་མ་དང༌། བཀའ་བརྒྱུད། ས་སྐྱ། དགེ་ལུགས། གཡུང་དྲུང་བོན་བཅས་ལྔ་པོ་རེ་རེ་ནས་འོས་བསྡུ་བྱས་པའི་སྤྱི་འཐུས་གཉིས་རེ།” ཞེས་ཆོས་བརྒྱུད་བཞི་དང་གཡུང་དྲུང་བོན་བཅས་ལྔ་བོ་ལས་རྒྱལ་བ་ཇོ་ནང་བར་གདམ་བྱ་འདེམས་བྱེད་ཀྱི་ཐབ་ཐང་སྤྲད་མེད། འདི་ནི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་དང་། ཆོས་དད་རང་དབང་། བཙན་བྱོལ་གཞུང་རང་གི་བཅའ་ཁྲིམས་ཟེར་བ་དེ་དང་ཡོངས་སུ་རྒྱབ་འགལ་ཆགས་ཡོད།
དེའི་བཅའ་ཁྲིམས་དོན་ཚན་དགུ་བར། “བོད་ཀྱི་ཡུལ་མི་ཚང་མ་ཁྲིམས་ཀྱི་མདུན་སར་འདྲ་མཉམ་ཡིན། ཕོ་མོ་དང༌། རིགས་རུས། སྐད་ཡིག ཆོས་ལུགས། སེར་སྐྱ། དབུལ་ཕྱུག སྐྱེས་ཡུལ། སྤྱི་ཚོགས་ཀྱི་འབྱུང་ཁུངས། གོ་གནས། གནས་སྟངས་གཞན་དག་བཅས་ཀྱི་ཐོག་ནས་དབྱེ་འབྱེད་མེད་པར་ལེའུ་འདིར་འཁོད་ཀྱི་ཐོབ་ཐང་ཁག་ལ་ལོངས་སུ་སྤྱོད་ཆོག་པ་ཡིན།” ཞེས་བཤད་ཡོད། དེས་ན། དོན་ཚན་སོ་བདུན་པར། “རྙིང་མ་དང༌། བཀའ་བརྒྱུད། ས་སྐྱ། དགེ་ལུགས། གཡུང་དྲུང་བོན་བཅས་ལྔ་པོ་རེ་རེ་ནས་འོས་བསྡུ་བྱས་པའི་སྤྱི་འཐུས་གཉིས་རེ།” ཞེས་ཆོས་བརྒྱུད་བཞི་དང་བོན་བཅས་ལྔ་ལས་ཆོས་བརྒྱུད་སྤྱི་འཐུས་གདམ་རྒྱུའི་ཐོབ་མེད་ཟེར་བ་དང་། དོན་ཚན་དགུ་བར། “དབྱེ་འབྱེད་མེད་པར་ལེའུ་འདིར་འཁོད་ཀྱི་ཐོབ་ཐང་ཁག་ལོངས་སུ་སྤྱོད་ཆོག་”ཟེར་བ་གཉིས་ཀྱི་ནང་འགལ་ཇི་ལྟར་སེལ་དགོས་མིན་ཐད་ལ། སྤྱི་འཐུས་མིང་འཛིན་རྣམས་ཀྱིས་བསམ་བློ་མི་གཏོང་རང་གཏོང་རེད།
འུ་ཚང་གི་སྲིད་སྐྱོང་དང་། ཆོས་དོན་བཀའ་བློན་སོགས་ཀྱིས། རང་ཉིད་སྐྱབས་བཅོལ་བ་ཞིག་དང་། གཞན་གྱི་སྐྱོབ་གསོ་ཁོ་ནར་བརྟེན་པའི་ཡུལ་གྱར་ར་དུམ་འདྲ་བ་ཞིག་གི་གཙོ་འཛིན་ཡིན་པ་གཏན་བརྗེད་དུ་གྱུར་ཏེ། གདོང་ལ་མིག་ཤེལ་ནག་པོ་རེ་གྱོན་ནས་འགྱིངས་སྟབས་ཀྱིས་འགྲོ་བཞིན། བོད་གཞུང་གི་ངོས་ནས་ཇོ་ནང་ཚང་བོད་ཀྱི་ཆོས་གྲལ་དུ་བཞག་ཡོད། ཐོབ་ཐང་ཆ་ཚང་སྤྲད་ཡོད་ཅེས་རྐང་ཐང་ལ་འདུག་བཤད་དང་། སྐྱ་མི་ལ་ལང་བཤད་བྱེད་བཞིན་ཡོད་མོད། དོན་ངོ་མར་བོད་གཞུང་གིས་ཇོ་ནང་ཚང་ལ་ཐུན་མོང་གི་ཐོབ་ཐང་སྤྲོད་རྒྱུ་ཕར་ཞོག ཐ་ན་བོད་གཞུང་གི་ཁྱབ་ཁོངས་སུ་ཡང་བཞག་མེད།
དེ་ཡང་བཙན་བྱོལ་བོད་མིའི་ཆོས་དོན་ལྷན་ཚོགས་ཀྱི་ཁྲིམས་ཡིག དོན་ཚན་གསུམ་པ། ཁྲིམས་ཡིག་གི་ཁྱབ་ཚད་ཅེས་པར། “བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་ལས་ཁུངས་ཀྱི་ཁྱབ་ཁོངས་སུ་ཡོད་པའི་ཡོད་པའི་བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་ལ་ཁྱབ་པ་ཡིན།” ཞེས་རྒྱལ་བ་ཇོ་ནང་བ་ཆོས་རིག་ལས་ཁུངས་ཀྱི་ཁྱབ་ཁོངས་སུ་མེད་ཅེས་གསལ་བོ་གསལ་རྐྱང་དུ་བཤད་ཡོད། འདི་ནི་བཙན་བྱོལ་བོད་གཞུང་གིས་ཆོས་བརྒྱུད་དབྱེ་འབྱེད་བྱེད་སྟངས་ཀྱི་ངོ་གདོང་དམར་རྗེན་མ་དང་། འབྲེལ་ཡོད་སྐུ་དྲག་གསར་བ་རྣམས་ཀྱིས་བཤད་བཞིན་པའི་སྐྱག་རྫུན་གྱི་མགོ་བོ་གཅོག་པའི་ཐོ་བ་རེད།
དེར་བརྟེན་རྒྱལ་བ་ཇོ་ནང་བ་རྣམས་ཀྱིས་ཕྱི་ལོ་ ༡༩༩༧ ནས་ད་བར་མི་ལོ་ཧྲིལ་བོ་བཅོ་བརྒྱད་རིང་། བཙན་བྱོལ་བོད་གཞུང་ལ་ཇོ་ནང་བར་སྤྱི་འབངས་ཀྱི་ཐོབ་ཐང་གནང་རོགས་ཞེས་ཞི་འབོད་བྱེད་བཞིན་ཡོད་པ་འདི་ཇོ་ནང་པར་ཐོབ་འོས་པའི་ཐུན་མོང་གི་ཐོབ་ཐང་ཞིག་དང་། གནས་ལུགས་དང་དྲང་བདེན་གྱི་ལམ་བུ་ཞིག་ཡིན་པས་ཕྱི་སྡོད་བོད་མི་རྣམས་དང་། ལྷག་པར་དུ་ཆོས་བརྒྱུད་ཁག་གི་སྤྱི་འཐུས་རྣམས་ཀྱིས་རང་དཔེ་གཞན་སྟེང་དུ་བཞག་ནས་བསམ་བློ་ཞིབ་ཏུ་གཏོང་རྒྱུའི་དུས་ལ་བབ་ཡོད།
དཔེར་ན་བོད་ཀྱི་ཆོས་བརྒྱུད་རྙིང་མ། བཀའ་བརྒྱུད། ས་སྐྱ། བོན་བཅས་ལ་རང་རང་གི་ཆོས་བརྒྱུད་སྤྱི་འཐུས་གཉིས་རེ་གདམ་རྒྱུའི་ཐོབ་ཐང་ཡོད་པ་ལས། གལ་ཏེ་རི་བོ་དགེ་ལུགས་པར་དེ་མེད་ན། དེའི་ཆོས་བརྒྱུད་འཛིན་མཁན་རྣམས་ཀྱི་ངོས་ནས་བཅའ་ཁྲིམས་རིན་པོ་ཆེའི་དགོངས་དོན་རེད་ཅེས་རྗེས་སུ་ཡི་རངས་བྱས་ཏེ་ཅང་མི་གསུང་བར་བཞུགས་ཐུབ་བམ། གལ་ཏེ་ཐུབ་ན་རྒྱལ་བ་ཇོ་ནང་བ་ཚང་གིས་ཀྱང་དེ་བཞིན་བྱེད་མི་ཐུབ་པའི་རྒྱུ་མཚན་གང་ཡང་མེད་ལ། གནད་དོན་ཆེ་ཆུང་གང་ཞིག་ཡིན་ན་ཡང་། དཔེ་རང་སྟེང་དུ་བཞག ཁྲབ་ཤ་རྗེན་དུ་གོན་ནས་བསམ་བློ་ཞིབ་ཏུ་གཏོང་ཐུབ་ན། ད་གཟོད་གནད་དོན་གང་ཡིན་ཡང་ལས་སླ་བོའི་སྒོ་ནས་ཐག་གཅོད་བྱེད་ཐུབ།
ཡང་ན། བཙན་བྱོལ་གྲོས་ཚོགས་ར་བར་ད་ཡོད་ཆོས་བརྒྱུད་ཁག་གི་སྤྱི་འཐུས་གཅིག་ཀྱང་མེད་པ་བྱས་ན། རང་བཞིན་གྱིས་ཆོས་བརྒྱུད་དབྱེ་འབྱེད་མེད་པར་གཅིག་མཚུངས་ཆགས་སྲིད་པས་དེ་ཡང་མ་ནོར་བའི་འདེམས་ཁ་ཞིག་རེད། དེ་མིན་ཆོས་བརྒྱུད་ལྔ་ལ་སྤྱི་འཐུས་སོགས་ཐོབ་ཐང་ལྷག་མ་ཞིག་དང་། ཆོས་བརྒྱུད་གཅིག་ལ་སྤྱི་འབངས་ཀྱི་ཐོབ་ཐང་ཙམ་ཡང་མེད་པ་བྱས་ན། དུས་རབས་ཉེར་གཅིག་པའི་ནང་གི་འགྲོ་བ་མིའི་ཀུན་སྤྱོད་དང་། ཐུན་མོང་གི་ཁེ་ཐང་། རྩ་འཛིན་ཁྲིམས་ལུགས་སོགས་དང་མཐུན་ཐབས་གཏན་ནས་མེད་པས། མིག་དང་རྣ་བ་བཀོལ་སྤྱོད་བྱས་ནས་འགྲོ་བ་མིའི་གྲལ་དུ་འགྲོ་འདོད་ཡོད་ཕྱིན། མི་འགྱང་བར་གནད་དོན་དེ་དག་གཙང་སེལ་བྱེད་དགོས། དེ་མིན་ནང་ཁུལ་གྱི་དཀའ་རྙོག་ཐིགས་ཆུ་འདྲ་བ་དེ་སེལ་མི་ཐུབ་པར་ཕྱི་ལོག་གི་གནད་དོན་དྲག་ཆར་འདྲ་བ་དེ་སེལ་ཐུབ་ཟེར་བ་ནི། འུག་པའི་རྫུན་དྲུག་དང་གཉིས་སུ་མེད་པ་ཞིག་གོ།
ཞེས་བཙན་བྱོལ་བོད་མིའི་འོས་བསྡུའི་སྔ་ནུབ་དེར། ལས་དབང་གིས་བོད་མིར་སྐྱེས་ཀྱང་། བཙན་དབང་གིས་བོད་མིའི་འོས་བསྡུའི་ཐོབ་ཐང་བྲལ་བའི་བེ་རི་རིག་རྡོར་གྱིས། ཕྱི་ལོ་༢༠༡༥ ཟླ་༡༠ ཚེས་༡༧ ཉིན།
མ་སྤྲད་ཀྱང་ཐབས་ཤེས་ཡོད་པ་མ་རེད་ལོ་་་་རེ་བ་རྒྱག་སར་རེ་བ་བརྒྱབས་་་ཞུ་བ་འཐེན་སར་ཞུ་བ་འཐེན་་་་ཡོད་ཚད་ལ་རེ་བ་བརྒྱབས་པ་རེད་་་་འོན་ཀྱང་གྲུབ་འབྲས་མ་ཐོན་པ་རེད་་་ད་རེ་བ་བརྒྱབས་ཀྱང་སྟོང་པ་ཡིན་ཡིན་པ་རེད་་་་རྒས་འཁོགས་སྤྱི་འཐུས་ཀླད་མཁྲེགས་ཚོ་མེད་པར་ཆགས་ཉིན་ཇོ་ནང་བར་རེ་བ་ཡོད་པ་རེད་་་་དེ་མིན་ཡོད་ལེ་མ་རེད་ལོ་་་་ད་དུང་ལོ་ཤས་རིང་ལྷོད་ལྷོད་བྱས་ནས་སྒུག་བསྡད་ཨ
ང་ལ་དྲི་བ་ཞིག་ཡོད་པ་ནི། ཤངས་པ་བཀའ་བརྒྱུད་དེ་ཆོས་བརྒྱུད་བཞི་པོ་གང་གི་ཁོངས་སུ་གཏོགས་རེད།
འཁྲབ་ཏོ་ཚོས་འཁྲབ་ནས་མི་མང་མགོ་འཐོམ་བཅུག་པ་རེད།
གནམ་རྡིབ་ན་རྡིབ་བསམ་བློ་བཏང་ཚར་ཡོད། ང་ལ་སྲིད་སྐྱོང་གི་འོས་མི་གཅིག་དང་སྤྱི་འཐུས་འོས་མི་ལྔ་ཡོད།སང་ཉིན་གངས་སྐྱིད་གནས་ཆུང་ཟ་ཁང་དུ་ཞོགས་ཇ་ལྷོད་ལྷོད་བྱས་ཏེ་ཟས་རྗེས་འོས་ཤོག་བབླུག་རྒྱུ་ཡིན། ངའི་འོས་མི་ཚོ་ཐོབ་པར་ཤོག
བེ་རི་བས་ཡག་པོ་བྲིས་འདུག དབྱེ་ཞིབ་ཡག་པོ་གནང་འདུག འོན་ཀྱང་ཡང་ལ་འཕྱང་འདུག་མཁན་ཚོ་ནམ་ཡང་གཡང་ལ་འཕྱང་འདུག་ན་ལས། ཁ་ཕྱིར་ལོག་འདོད་ཡོད་པ་མ་རེད།
སྐབས་༡༦ པའི་ཚོགས་འཐུས་གཞོན་སྐྱེས་གསར་པ་མང་དུ་ཕེབས་ཐུབ་ན། དོནགྱིས་དམངས་གཙོའི་གཞུང་ངམ་སྒྲིག་འཛུགས་ཞིག འདྲ་མཉམ་དང་ཁྲིམས་ཀྱིས་དབང་འོག་ནས་བྱ་བྱེད་ལས་འགུལ་སྤེལ་ཆོག་པའི་ཉི་མ་གཞོན་ནུ་ཞིག་འཆར་བར་རེ་སྨོན་བྱས་ཡོད།
བཅའ་ཁྲིམས་ལ་འགྱུར་བ་མ་སོང་བར་དུ་སུ་གང་གིས་རེ་འདུན་དེ་སྒྲུབ་ཐུབ་ཀྱི་ཡོད་པ་མ་རེད། དེ་གཅིག་རེད། གཉིས་པ་དེ་སྤྱི་འཐུས་གཉིས་ཀྱི་རྐུབ་སྟེགས་མེད་ན། ཇོ་ནང་པའི་ཆོས་བརྒྱུད་ཉམས་འགྲོ་བའི་གནད་དོན་ཀྱང་ཡོད་པ་མ་རེད། ད་ལྟའི་ཆོས་བརྒྱུད་སྤྱི་འཐུས་ཚོ་ནང་བཞིན། སྣོག་ལས་བྱེད་པའི་འཁྲབ་སྟོན་ཞིག་བྱེད་པ་ལས། ཇོ་ནང་པ་སྔར་བཞིན་ཕྱི་གཙང་ནང་གཙང་རང་བྱས་ནས་བཞུགས་ན་ཡག་ས་མ་རེད་དམ། བསམ་ཚུལ་ཙམ་ཡིན།
ཆོས་ལ་མ་འཁོར་སྲིད་ལ་མགོ་འཁོར་ནས་བཤད་པའི་སྐད་ཆ་ཙམ་ཡིན་ཚོད་རེད། “ཆོས་དད་རང་དབང་འཕྲོག་སོང”ཟེར་བ་ལ་སོགས་པའི་མིང་ཚིག་འགའ་ཡི་ངོ་དོན་ལ་བསམ་བློ་ཡག་པོ་ཞིག་འཁོར་ནས། སྐད་ཆ་བཤད་ན་ཡག་པོ་མེད་འགྲོ།
འོས་བླུག་པའི་ཐོབ་ཐང་ཡོད་དུས། སྣ་འཁྱོག་བྱས་ནས་མ་བླུག་ན། རྩམ་གཟན་ཞིག་ཡིན་པ་ལས་ཆབ་སྲིད་ཡག་པོ་ཤེས་ནས་ཆབ་སྲིད་ཀྱི་ཐོབ་ཐང་ལ་འཐམ་པ་ཞིག་མིན་པ་ཡང་ཤེས་གསལ་རེད།
ཇོ་ནང་ཚང་ལ་འོས་འཕེན་པའི་ཐོབ་ཐང་ཡོད་རེད་དེ། གོ་སྐབས་མི་ལེན་ན་གྱོང་རེད། ཇོ་ནང་ལ་སྤྱི་འཐུས་དགོས་མེད་དེ་མང་གཙོ་འགྲོ་ལུགས་གཉེར་ནས་འོས་བླུག་སྟེ་མི་ཐོབ་ན་ཐབས་ཤེས་གང་ཡོད་དམ།
སྐལ་ཚེ་ལགས། བཙན་བྱོལ་བོད་མིའི་བཅའ་ཁྲིམས་སུ། “རྙིང་མ་དང༌། བཀའ་བརྒྱུད། ས་སྐྱ། དགེ་ལུགས། གཡུང་དྲུང་བོན་བཅས་ལྔ་པོ་རེ་རེ་ནས་འོས་བསྡུ་བྱས་པའི་སྤྱི་འཐུས་གཉིས་རེ།” ཞེས་བཤད་པ་ལྟར། དེ་རིང་ཆོས་བརྒྱུད་ལྔ་བོས་རང་རང་གི་སྤྱི་འཐུས་གཉིས་རེ་འདེམས་བཞིན་ཡོད་མོད། ཇོ་ནང་བས་ཆོས་བརྒྱུད་སྤྱི་འཐུས་འདེམས་ཆོག་གི་མེད་ལ། གདམ་རྒྱུའི་ཐོབ་ཐང་མེད། ཁྱེད་ཀྱིས་གོ་སྐབས་མ་བླང་ན་གྱོང་རེད་ཟེར་གྱིན་འདུག དེས་ན་ཇོ་ནང་བས་ཆོས་བརྒྱུད་སྤྱི་འཐུས་ཀྱི་འོས་ཤོག་ཇི་ལྟར་འཕེན་དགོས་སམ། རྙིང་མ་དང༌། བཀའ་བརྒྱུད། ས་སྐྱ། དགེ་ལུགས། གཡུང་དྲུང་བོན་བཅས་ལྔ་བོའི་གང་རུང་ལ་ཞིག་ལ་འཕོངས་ཟེར་བ་ཡིན་ནམ། འོས་ཤོག་འཕེན་ཚུལ་དང་གོ་སྐབས་ལེན་ཚུལ་གསལ་བོ་ཞིག་བཤད་རོགས།
ས་སྐྱའི་སྤྱི་འཐུས་ཇོ་ནང་པས་བརྡུང་སོང་ཟེར་ནས་ཡོངས་གྲགས་སུ་ཤོད་ཀྱིན་འདུག་ལ། ཚོགས་གཙོ་གཙོས་པའི་སྤྱི་འཐུས་མང་དག་ཅིག་བློ་ཕམས་དགོས་པ་བཟོས་སྐད་འདུག དེ་ཚོ་བདེན་པ་ཡིན་མིན་མ་ཤེས། བདེན་ན་འཇིགས་བསྐུལ་གྱིས་ཐོབ་ཐང་རྩོད་པ་དེས་ཕུངས་སོང་བ་རེད། གྲོགས་ཁ་ལ་ཡོད་དུས་ལྕེ་ཡིས་ཕུངས་ཟེར་སྲོལ་ཡོད་པ་རེད། མདོར་ན་མང་གཙོའི་འོས་འདེམས་ལམ་ནས་སྔར་ལོ་ནས་ཐག་བཅད་ཟིན་པའི་གནད་དོན་ཞིག་ལ་ངོ་བརྒོལ་བྱས་པ་ནི། མང་གཙོ་ལ་ངོ་ལོག་རྒྱག་པ་རང་རེད།
སྲིད་གཞུང་ནི་མི་མང་གི་མངོན་འདོད་སྒྲུབ་སའི་གཞུང་ཡིན་པས་མི་མང་གི་འདོད་བློ་མ་བཀང་ན་གཞུང་དེ་ལ་ངོ་རྒོལ་བྱེད་དགོས་པ་དེ་ནི་མང་གཙོའི་འགྲོ་སྟངས་ཤིག་རེད། འོན་ཀྱང་རྡ་སའི་གྲོས་ཚོགས་ནང་ན་གླང་ཀོག་ལྟ་བུའི་འཐུས་མི་མང་དྲགས་པས་མི་མང་གི་འདོད་པ་ནི་ནམ་ཡང་འགྲུབ་མི་ཐུབ།
སྤྱི་འཐུས་ནི་མི་མང་གི་སྐུ་ཚབ་ཡིན་པས་དམངས་གཙོའི་སྤྱི་ཚོགས་ནང་སྤྱི་འཐུས་ཀྱིས་སྤྱི་མོས་མང་མོས་ཀྱི་ཐོག་ནས་གང་ཐག་བཅད་པ་དེ་མི་མང་གི་མངོན་འདོད་ཡིན་པ་ཁས་ལེན་དགོས་པ་རེད། དེས་ན་ཇོ་ནང་ཚང་གིས་དམངས་གཙོའི་ལམ་སྲོལ་ལ་རྩི་སྐུར་གནང་ནས་གྲོས་ཚོགས་ཀྱི་ཐག་གཅོད་ལྟར་འགྲོ་དགོས་པ་ལས། ད་དུང་ངོ་རྒོལ་བྱས་ན་དེ་ནི་དམགས་གཙོ་རྩིས་མེད་བཏང་བ་ལྟ་བུ་ཆགས་ཀྱི་ཡོད་པར་འདོད།
ཁྱེད་ཆོས་པ་ཚོར་ཆབ་སྲིད་ཀྱི་ཐོབ་ཐང་དེ་དེ་འདྲའི་མཁོ་གཉག་ཆེན་པོ་ཡིན་ན། སྒུག་ལོང་ཉན་ལོངས་ཡོད་པ་གྱིས་དང་། མི་རིང་བར་སྤྲད་ཡོང་ཐག་ཆོད་རེད་དོ། ལས་ཀ་ག་རེ་ཡིན་ཡང་ཡང་དེ་ལ་གོ་རིམ་དང་དུས་ཚོད་བརྒྱུད་དགོས་པ་སྤྱིའི་ཆོས་ཉིད་ཡིན་པ་ཨེ་ཤེས། དེ་མ་གཏོགས་ངེད་ཇོ་ནང་པ་ལ་འོད་བླུག་ཐོབ་ཐང་དགོས་ཟེར་ན་ལམ་སང་ག་ནས་འཁུར་ཡོང་དགོས་རེད། ཤ་མོག་ནི་མ་རེད། དེ་ལའང་ཚོས་ལོང་གྲང་ལོང་དགོས་རེད། ད་ལྟ་གནས་སྐབས་འོས་བླུག་གི་ཐོབ་ཐང་ཐག་གཅོད་མ་བྱུང་བ་ཙམ་གྱིས་ཆོས་དད་རང་མོས་ལ་རྡོག་རོལ་གཏོང་བ་དང་། མི་གྲལ་ཆོས་གྲལ་ནས་ཕུད་པ་རེད་ཟེར་བའི་གཏོར་བཤིག་དབྱེན་སྦྱོར་གྱི་བཙོག་གཏམ་དེ་ཚོ་ཤོད་ཀི་མ་འདུག ཁྱེད་ཚོ་མི་བསམ་ཡོད་སྔ་འདིང་ཕྱི་འདིང་སྤྱི་འདིང་ཕོག་མཁན་ཞིག་ཡིན་ན་མགོ་ཚོས་ནས་ལྕེ་བསྙབ་རོགས་སྐུ་ཚེ་རིང་།
ཇོ་ནང་དང་གཞུང་བར། རང་བཙན་ཤོག་ཁག་དང་གཞུང་བར་་ཟེར་ནས་དཀྲུག་ཤིང་རིགས་ཀྱི་སྐད་ཆ་བཤད་མཁན་དག་ནི་ཆེད་ངག་དབྱེན་སྦྱོར་དཀྲུག་ཤིང་སློང་མཁན་ཡིན་སྲིད་པས་དོལ་ཚོགས་དང་གུང་བྲན་ལ་དགོས་པའི་བྱ་བ་སྒྲུབ་ཀྱིན་ཡོད་པར་ཤེས་དགོས། ངེས་པར་ཏུ་གཟབ་དགོས། ད་དུང་སྲིད་སྐྱོང་དང་ཚོགས་གཙོ་རྣམ་གཉིས་ལ་ཕན་ཚུན་རྒྱབ་སྐྱོར་ཡིན་མདོག་གིས་གཞི་མེད་སྐྱོན་བརྗོད་བྱེད་པ་ནི་བོད་མི་ནང་ཁུལ་གྱི་མཐུན་ལམ་ལ་གནོད་པའི་བྱ་བ་ཐབས་རྡུག་ཡིན་པས་ངེས་པར་ཏུ་བསམ་བློ་བཏང་དགོས།
ཁྱེད་རྣམས་བོད་མི་ཡིན་པས་འོས་ཤོག་འཕེན་པའི་ཐོབ་ཐང་ཡོད། ང་ལའང་འོས་གཅིག་མ་གཏོགས་གཉིས་འཕེན་པའི་ཐོབ་ཐང་མེད། འོན་ཀྱང་ཆོས་ལུགས་ཆེ་གོ་མོ་ཞིག་གི་སྤྱི་འཐུས་ཟུར་དུ་དགོས་པའི་ཕན་ཐོགས་དང་དགོས་པ་ཅི་ཡང་མི་མཐོང་། ད་ཡོད་ཀྱི་ཆོས་བརྒྱུད་སྤྱི་འཐུས་རྣམས་ཀྱང་དགོས་ངེས་ཡིན་པ་ཅི་ཡང་མི་སྣང་། འོན་ཀྱང་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་ཆོས་བརྒྱུད་ཁག་གི་སྤྱི་འཐུས་ཐོབ་ཐང་བཀོད་ཡོད་པས་དེ་ལ་ནམ་འགྱུར་བ་མ་སོང་གི་བར་དུ་སྐད་ཅོར་གནང་བས་ཅི་ཡང་མི་ཕན་ནོ།།
རྒྱལ་བ་ཇོ་ནང་པ་ལ་ཐོབ་དང་གོ་ས་ཚང་མ་ཡོད་དོ། ཡིན་ན་ཡང་འགྲིགས་འཛུགས་ཆེ་གེ་མོ་ཞིག་གིས་གཉའ་གནོན་ལ་བརྡ་ལན་ཡག་པོ་སྤྲད་སོང་བས་དགའ་ཡོད། ད་དུང་xxxདམངས་གཙོ་ལ་གོ་རྟོག་སད་མེད་པས་དུས་འགྱིངས་ངེས་པས་མུ་འཐུད་དུ་ཇོ་ལུགས་མདོ་སྔགས་རིག་གཞུང་ལ་བཤད་སྒྲུབ་འབད་དགོས་པ་ཆབ་སྲིད་ཙམ་མིན་པར་རྒྱལ་བ་ཇོ་ནང་པའི་བསྟན་འཛིན་སྤྱི་འགན་ཡིན་པར་སྨོས་ཅི་དགོས། དེས་ན་ཇོ་ནང་ནི་ས་དགེ་བཀའ་རྙིང་བོན་ལས་ལྷག་པའི་རང་ཚུགས་ཐུབ་པའི་ཆོས་རྒྱུད་རྩོད་མེད་ལ་དོལ་བཀའ་གདམས་དང་ཤངས་བཀའ་xxསོགས་དང་གཏན་ནས་མི་འདྲ་བ་བོད་སྤྱི་དམངས་ནས་མཁྱེན་དགོས་སོ།།
འཇམ་གཅེས་ཀྱིས་བཤད་པ་ལྟར་ན། ཇོ་ནང་བས་འཇིགས་བསྐུལ་བྱས་པ་བཤད་འདུག
མི་བཅོ་བརྒྱད་ཙམ་ལ་མཐེ་བོ་གནམ་བསྟན་དང་རེ་བ་ཡིག་ཐོག་ཕུལ་བ་དག་མ་མཐོང་བར་བདེན་མེད་ཀྱི་སྐད་ཆ་ཉག་ཉོག་དག་ལ་སུས་ཡིད་ཆེས་བྱེད་ཀྱི་རེད། དོན་དངོས་སུ་འོན་ཤོག་བླུགས་རྒྱུའི་ཐོབ་ཐང་མེད་པ་བདེན་པ་རེད། ཇོ་བས་སུ་ལ་འོས་ཤོག་བླུག་དགོས་པ་རེད་དམ། ཅི་ཞིག་གི་ཆེས་དུ་འོས་བླུགས་དགོས་པ་རེད་དམ།
ཁྲོས་མ་ཚོགས་པ་ཟེར་བའི་ཞི་བྱེད་གཅོག་ཡུལ་པའི་རིང་ལུགས་འཛིན་པའི་མི་མང་དང་ཆོས་དཔོན་ཡོད། ད་འོ་ན་ང་ཚོ་ལ་ཆོས་རྒྱུད་སྤྱི་འཐུས་སྤྲོད་རོགས་གནང་། བེརིརརྡོ་ལགས།
གྲོས་ཚོགས་དང་བཀའ་ཤག་གཉིས་ནས་ཇོ་ནང་པ་ལ་ཆོས་རྒྱུད་གཞན་ལྟར་ཐོབ་ཐང་མ་གནང་བ་དེ་ནི་རྒྱལ་བའི་དགོངས་པ་ལ་བརྩིས་མེད་བཏང་བ་རེད། འདི་ཡི་སྐོར་ཐོག་མར་རྒྱལ་བས་གླེང་ཞིང་དུས་འཁོར་གལ་ཆེ་རབས་སོགས་མང་པོར་གསུངས་སོང། ཡིན་ནའང་དེ་ལ་གྲོས་ཚོགས་ཀྱིས་སྣང་མེད་བཏང་བར་གདུང་སེམས་མཉམ་བསྐྱེད་ཡོད་ཇོ་ནང་པ་ཚོར། ད་ཐག་ཆོད་ཀྱི་ནུས་པ་ནི་རྒྱལ་བ་རང་ལ་ཡོད། ཁོང་གིས་སྤྲོད་དགོས་གསུང་ན་སྤྲོད་དགོས་ཆགས་ཀྱི་རེད། དེ་མེད་ན་རྒྱལ་བ་ལ་ངོ་རྒོལ་དང་ངོ་ལོག་པ་དང་དྲིན་ལ་དྲིན་ལོག་བྱས་པ་རེད། འོས་ཤོག་བླུག་དུས་གྲྭ་བཙུན་སྔགས་གསུམ་ཞེས་གསལ་ཡོད་པས་ཇོ་ནང་པའི་དགོན་པ་ལ་དེ་ཚོ་བེད་སྤྱོད་གཏོང་ས་མེད། ཨ་ཁ།
ཆབ་སྲིད་ཀྱི་རྐུབ་སྟེགས་རྩོད་སྟངས་འདིར། ཇོ་ནང་པའི་བསྟན་པ་དེ་འཛིན་དང་བཅས་པའི་སྔོན་བྱོན་དམ་པ་དག་གིས་མི་མངོན་དབྱིངས་ན་གཟིགས་སྟངས་གང་འདྲ་ཡོད་ན། ད་ནི་ཆོས་ཀྱི་དོན་བརྩད་ནས་བརྡར་ཤ་ཆོད་ཐབས་ལས་ཀྱང་། འཇིག་རྟེན་ལ་འཚང་བའི་ཐབས་ལ་འབད་ཀྱིན་འདུག་ཨང་སྙམ་པ་དགོངས་སྲིད་པ་རེད། ཆོས་དང་འཇིག་རྟེན་གཉིས་ལས་ཆོས་ཀྱི་བགྱི་སྒོ་གཉེར་བའི་སྙན་པ་ཡང་ཡང་གྲགས་པ་ཞིག་བྱུང་ན་དེ་ལས་ལྷག་དགའ་བ་མེད་དོ།།
སྤྱིར་ཇོ་ནང་ལ་རྒྱབ་སྐྱོར་བྱེད་རྒྱུ་ནི་བདག་གི་དུས་རྒྱུན་འོས་འགན་ཞིག་ཏུ་བརྩི་མྱོང་བ་མ་ཟད་དགོས་ངེས་དང་ཕན་ཡོན་ལྡན་པ་ཞིག་རེད་ཡང་བསམ་ཡོད། ཡིན་ན་ལེ་ཁོང་ཚོས་ལས་སྟངས་དང་འགྲོ་སྟངས་སོགས་ལ་བལྟས་ཀྱིན་བལྟས་ཀྱིན་དེའི་ཕྱོགས་ལ་ཆོན་ནས་ཚོར་བ་མེད་པ་ཞིག་ཆགས་སོང་། དཔེར་ན་དུས་འཁོར་དབང་ཆེན་ལ་སྦྱིན་བདག་བྱས་པ་འདྲ་བོ་དང་ད་དུང་དེ་འདྲའི་རིགས་མང་པོ་ཞིག་མཐོང་རྒྱུ་ཡོད་པའི་དེ་ནི་ཁ་དཔེ་ལ་རང་འགོ་མི་ཐོན་པའི་འདྲེ་ཤ་ཐག་ཟེར་བ་བཞིན་ཆོ་མེད་པའི་ལས་ཀ་རྐྱང་རྐྱང་བྱེད་ནས་བསྡད་འདུག ཁྱོད་ཚོ་དེ་འདྲའི་དཔལ་འབྱོལ་ཕོན་ཆེན་པོ་ཡོད་ན། བོད་ཕྱི་ནང་གཉིས་ལ་ཇོ་ནང་པར་མི་མཁས་པ་དང་འཇོན་པོ་གཅིག་ཀྱང་རིག་རྒྱུ་མེད་པའི་དང་པོ་སོ་སོའི་མི་ཡོན་ཏན་པ་ཞིག་སྐྱེད་སྲིང་བྱ་རྒྱུ་གལ་ཆེན་པོ་རེད་མིའི་གྲས་ལ་འགྲོ་བསམ་ན། གལ་སྲིད་ཁྱོད་ཚོར་སྤྱི་འཐུས་ཀྱི་ས་མིག་རགས་ནའང་སྤྱི་འཐུས་ལ་འགྲོ་ཆོག་ཆོག་གི་མི་ཚད་ལྡན་གཅིག་ཀྱང་མེད་པ།
བསམ་བློ་ཡག་པོ་ཅིག་གཏོང་ན་ཇོ་ནང་པ་དེ་ཚོས་ཐོབ་རྩོད་དེར་སྙིང་པོ་གང་ཡང་ཡོད་མ་རེད། རྐུབ་སྟེགས་ཅིག་ལ་རེག་མིན་རྩོད་ན་ཐོབ་ཀྱང་ཆབ་སྲིད་ཀྱི་ལྡིང་ཆ་ཞིག་རེད། དེས་ཇོ་ནང་ཆོས་རྒྱུད་ལ་ག་རེ་ཕན་གྱི་ཡོད་དམ། དོན་ངོ་མ་ཇོ་ནང་གི་བཤད་སྒྲུབ་དར་སྤེལ་གཏོང་ནས་དེང་རབས་དང་མཉམ་སྐྱོད་ལམ་ལ་འཇུག་ཐུབ་ན་ཡག་ལས་གྲོས་ཚོགས་རྐུབ་སྟེགས་ཅིག་ལ་དགོས་གལ་དེ་ཙམ་ཨེ་ཡོད་དམ།
དགའ་ཇོའི་རྙོག་དྲ་འདི་ཡང་གོང་ས་ལྔ་བ་ནས་ཡོང་བ་རེད། གཞུང་བར་གནས་ཤིག་མེད་ན་གནད་དོན་སེལ་མི་ཐུབ།