བཅར་འདྲི་ཞུ་ཡུལ། དགེ་འདུན་རབ་གསལ།
བཅར་འདྲི་ཞུ་མཁན། རིག་འབྱུང་དོན་གྲུབ་བཀྲ་ཤིས།
དང་པོ།
ཁྱེད་རང་ཨིན་ཌི་ཡ་ན་ཆེས་མཐོའི་གཙུག་ལག་སློབ་ཁང་དུ་བོད་ཀྱི་སྐད་ཡིག་གི་དགེ་རྒན་ཞིག་ཡིན་པའི་ཆ་ནས། བོད་ཀྱི་སྐད་ཡིག་སློབ་འཁྲིད་བྱེད་དུས་དཀའ་ངལ་གཙོ་བོ་དེ་གང་འཕྲད་ཀྱི་འདུག་གམ།
ལན། བོད་ཀྱི་སྐད་ཡིག་འདི་སྐད་ཡིག་གཉིས་པ་ཞིག་གི་ཚུལ་དུ་སློབ་འཁྲིད་བྱེད་སྐབས་དཀའ་ངལ་མང་པོ་འདུག འདྲ་མི་འདྲ་འདུག དཀའ་ངལ་གཅིག་ནི་ཀློག་དེབ་ཀྱི་དཀའ་ངལ་རེད། དེང་སང་གི་སྐད་ཡིག་ཕལ་ཆེ་བ་ལ། རང་རང་གི་སྐད་ཡིག་དེ་སྐད་ཡིག་གཉིས་པ་ཞིག་གི་ཚུལ་དུ་སློབ་འཁྲིད་བྱེད་པའི་ཀློག་དེབ་ཚད་དང་ལྡན་པ་ཡོད་པ་རེད། དེ་ཡང་། བརྗོད་གཞི་སྡེ་ཁག་དཔེར་ན་འཚམས་འདྲི། འཛིན་ཁང་། ཟས་ཀྱི་སྡེ་ཚན་སོགས་རེ་རེ་བཞིན་སློབ་སྐབས་ཀྱི་དུས་ཡུན་ལ་ཆ་བགོས་བྱས་ནས། དེ་དང་ལྷན་དུ་འགྲོ་ཐུབ་པའི་བརྡ་སྤྲོད་ཕྲད་ཀྱི་འགྲོ་ལུགས། སྦྱོང་བརྡར་གྱི་རིམ་པ། དེ་ཡང་བཤད་རྒྱུ་དང་འབྲི་རྒྱུ། ཀློག་རྒྱུ་དང་ཉན་རྒྱུ་བཅས་རིགས་བཞིར་བགོས་ནས། སློབ་སྐབས་གཅིག་ལ་སྐད་ཡིག་སློབ་སྦྱོང་བྱས་རྗེས་ སྐད་དེ་ཉན་བཤད་འབྲི་ཀློག་གི་ཆུ་ཚད་ཀྱང་དམའ་ས་ནས་མཐོ་ས་ལ་འགྲོ་བ་ཞིག་བཟོས་འདུག བོད་སྐད་དེ་ཡོད་མ་རེད། ཀློག་དེབ་ཡོད་པ་དེ་ཚོ་ཡང་ཕན་ཚུན་མི་མཚུངས་པ་དང་གོ་རིམ་མེད་པ་དེ་འདྲ་རེད། འདི་ང་ལ་མཚོན་ན་དཀའ་ངལ་ཞིག་རེད།
གཉིས་པ།
བོད་ཀྱི་བརྡ་སྤྲོད་པར་འཕྲད་བཞིན་པའི་དཀའ་ངལ་འདི་དག་གི་འབྱུང་རྩ་་གང་རེད་བསམ་གྱི་འདུག
ལན། ཁ་སྐད་དང་ཡིག་སྐད་གཉིས་ཀྱི་བར་ཐག་རིང་འདུག་ཟེར་ཡག་དེ་དགེ་འདུན་ཆོས་འཕེལ་གྱི་དུས་ནས་བཤད་ཡོད་པ་རེད། ད་ སྔོན་ཆད་བོད་ཀྱི་སྐད་ཡིག་གི་ཐད་ནས་འབྲི་ཀློག་གི་ཕྱོགས་དེ་ཤུགས་ཆེན་པོར་ཆོས་ཀྱི་ཐོག་བཀོལ་ཡོད་པ་རེད། ད་ལྟ་དེ་འདྲ་མ་རེད། སྐད་ཡིག་འདི་བཀོལ་ས་དང་བཀོལ་མཁན་གཉིས་ཀ་འགྱུར་ཚར་བ་རེད། ད་ང་ཚོའི་མདུན་ན་ཡོད་པའི་བརྗོད་བྱ་ཡོད་ཚད་ལ་ བོད་ཡིག་ཏུ་འབྲི་གི་ཡིན་ཟེར་ཡོང་དུས། སྐད་ནང་ལ་ཡོད་པ། ཡི་གེར་འབྲི་ལུགས་མེད་པ་དེ་འདྲ་མང་པོ་ཐོན་ཡོང་པ་རེད། ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ཀྱིས་ཀྱང་རྩོམ་ཡིག་ཅིག་ཏུ་ལྷ་སའི་ཁ་སྐད་འབྲི་མཁན་ཚོར་བཀའ་བཀྱོན་ཚ་ཐག་ཆོད་ཅིག་བཏང་འདུག ལྷ་སའི་ཁ་སྐད་འབྲི་མཁན་ཚོས་ ཡོའོ་རས། ཡོའོ་མ་རས་འདྲ་པོ་བྲིས་ཡོང་གི་ཡོད་པ་རེད། ཁག་ཡོད་མ་རེད། རྗོད་པའི་དུས་གསུམ་གྱི་འགྲོ་ལུགས་དང་། དེ་བཞིན་ཁྱད་ཆོས་ཀྱི་རིམ་པ་བསྡུར་ཚུལ་དཔེར་ན། གསར་པ། གསར་ར། གསར་ཤོས། ཇེ་གསར་སོགས་ཀྱི་འགྲོ་ཚུལ་དེ་གཞུང་ནང་ན་མེད་པ་རེད། བྱས་ཙང་། རང་རང་གི་བསམ་ཚུལ་རེ་བྲིས་ནས་འཁྱེར་ཡོང་གི་ཡོད་པ་རེད། དེ་འདྲ་སོང་ཙང་། དཀའ་ངལ་གྱི་འབྱུང་རྩ་དེ་ སྐད་དང་མཐུན་པའི་བརྡ་སྤྲོད་ཀྱི་རྣམ་གཞག་ཆ་ཚང་བ་ཞིག་མེད་སོང་བ་དེ་རེད་བསམས་གི་འདུག
གསུམ།
དེ་དག་ལ་ལེགས་བཅོས་གཏོང་སའི་ལམ་ཁ་མཐོང་གི་འདུག་གམ།
ལན། ལེགས་བཅོས་གཏོང་སའི་ལམ་ཁ་ལོས་ཡོད། ཨ་ཁུ་དམུ་དགེ་ཚང་གི་གསུང་ཞིག་ན་ཕྲད་ཀྱི་རིམ་པ་གསར་པ་སྐོར་ཞིག་གི་ངོ་བོ་མཚན་གཞི་དང་བཅས་པ་བཞག་འདུག དེ་བཞིན་ཨ་ཁུ་བསམ་གཏན་ཞུ་བ་དག་ཡིག་གསར་བསྒྲིགས་རྩོམ་མཁན་དེ་བ་ཚང་གིས་ བྱ་ཚིག་རྗེས་མཐུན་པ་དང་དེ་བཞིན་རྒྱན་ཚིག་ཟེར་བ་སོགས་ཐོག་མར་ངོས་འཛིན་གནང་བ་རེད་ཟེར། ད་དེ་ཚོ་ལ་སྣོན་པ་དང་དབྱེ་ཞིབ་བྱས་ནས། ཁ་ཇེ་ཚང་ལ་གཏོང་དགོས་པ་རེད་དྲན་གི་འདུག
བཞི་པ།
གལ་སྲིད་ལེགས་གཅོས་གཏོང་བ་ཡིན་ན། ལེགས་བཅོས་ཀྱི་འགོ་གང་ནས་འཛུགས་དགོས་རེད་བསམ་གྱི་འདུག
ལན། ལེགས་བཅོས་ཀྱི་མགོ་དེ་གོང་དུ་ཞུས་པ་བཞིན་བཙུགས་ཡོད་རེད། ད་དེ་དག་ལ་སྣོན་པ་རྒྱག་དགོས་པ་རེད་དྲན། ང་ཚོ་ལ་འབྲེལ་སྒྲ་ཡོད་རེད། འབྲེལ་སྒྲ་དེ་ཕྲད་ལྔ་དེ་ཇི་ལྟར་སྦྱོར་ཚུལ་དེ་རེད། ད་འབྲེལ་བ་ཅན་གྱི་རྗོད་པ་ཟེར་བ་ཞིག་ཡོད་དགོས་པ་རེད་དྲན། དཔེར་ན། “དགེ་རྒན་འདིས་ཡི་གེ་བྲིས་པ་རེད། ཡི་གེ་དེ་ང་ལ་སྤྲད་པ་རེད།”ཅེས་བཤད་ན་རྗོད་པ་དུམ་བུ་གཉིས་རེད། ད་ “དགེ་རྒན་གྱིས་བྲིས་པའི་ཡི་གེ་དེ་ང་ལ་སྤྲད་པ་རེད།”ཅེས་བྲིས་ན་འབྲེལ་བ་ཅན་གྱི་རྗོད་དུམ་གཉིས་གཅིག་ཏུ་བསྡུས་པ་རེད། ད་དེ་འདྲ་ཞིག་རེད།
ལྔ་།
དཀའ་ངལ་ཡོད་པ་དང་དེ་ལ་ལེགས་བཅོས་གཏོང་དགོས་བའི་བསམ་ཚུལ་འདི་མཁས་པ་སྔ་མ་དག་ལ་མེད་པ་དེ་འདྲ་རེད་དམ།
ལན། ཁྱོན་ནས་མ་རེད་དྲན། ད་དུང་ད་བར་དུ་ལེགས་བཅོས་གནང་གིན་གནང་གིན་ཕེབས་ཡོད་པ་རེད་དྲན། ཡོངས་གྲགས་སྐད་གསར་བཅད་ཀྱི་རིམ་པ་དེ་ཚོ་རེད། དེ་ནས་སུམ་རྟགས་ཀྱི་འགྲེལ་བཤད་དང་རྩོད་ཡིག་དེ་ཚོ་རེད། མུ་མཐུད་ནས་ཡོང་ཡོད་པ་རེད། ཡིན་ན་ཡང་། བོད་མི་ཚོས་སྐད་ཡིག་གཞན་ལ་ཉམས་མྱོང་བསགས་པ་དང་། ཕྱི་རྒྱལ་གྱི་མི་ལ་འབྲེལ་འདྲིས་བྱས་པ་ད་ལྟ་ནང་བཞིན་བྱུང་མེད་སྟབས་ ད་ལྟའི་ཁ་ཚ་དགོས་གཏུགས་འདི་འདྲ་སྔོན་གྱི་མཁས་པ་ཚོ་ལ་བྱུང་ཡོད་མ་རེད་དྲན།
དྲུག
དེང་སང་ནུབ་ཕྱོགས་སུ་འཚར་ལོངས་བྱུང་བའི་བོད་རིགས་གཞོན་སྐྱེས་ཚོའི་ཁྲོད་ན། བོད་ཡིག་ལ་གཅོད་མཚམས་འཇོག་དགོས་རེད་ཟེར་བའི་བསམ་ཚུལ་ཞིག་ཡོད་པ་དེ་དཀའ་ངལ་རེད་དམ།
ལན། ད་ སྐད་ཆ་འདི་ལ་ངས་བསམ་ཚུལ་མང་པོ་ཞིག་བཤད་པ་ཡིན། ད་མི་ཤེས། ཚིག་མཚམས་བཅད་ནས་བར་སྟོང་བཞག་པའི་ཉིན་མོ་དེ་ནས་ བོད་ཡིག་འདི་ ཤེས་རྒྱུའི་དཀའ་ངལ་བརྒྱ་ཆ་ བཅུ་ ཉུང་དུ་འགྲོ་གི་འདུག་ཅེས་དཔང་རྟགས་ཚན་རིག་དང་མཐུན་པ་ཞིག་སྟོན་རྒྱུ་ཡོད་ན། ང་ཡང་དེའི་གྲས་ལ་འགྲོ་གི་ཡིན། བོད་ཡིག་དཀའ་ངལ་དེ་དཀའ་ངལ་གཅིག་མ་རེད། མི་འདྲ་བོ་ཞིག་ཡིན་ན། ནད་པ་རེད། ན་ཚ་གཅིག་མ་རེད། ན་ཚ་མང་པོ་ཡོད་རེད། ཀློག་དཀའ་བ་དེ་ན་ཚ་གཅིག་ཡིན་སྲིད། ད་དེ་ལས་ན་ཚ་མང་ང་ཡོད་པ་རེད། དེ་ཚོ་གོང་ནས་ཞུས་ཟིན་པ་ལྟར་ཡིན།
བདུན།
ལེགས་བཅོས་མ་བཏང་ན་མི་འགྲིག་པའི་དཀའ་ངལ་དེ་འདྲ་ཞིག་རེད་དམ།
ལན། ལེགས་བཅོས་ཏན་ཏན་གཏོང་དགོས་རེད། ལེགས་བཅོས་གཏོང་བཞིན་ཡོད་པ་རེད། མིང་ཚིག་ཇེ་མང་ལ་འགྲོ་བཞིན་ཡོད་པ་རེད། ཕྲད་ཀྱི་རྣམ་གཞག་དེ་ཚོ་ཡང་ཇེ་མང་ལ་འགྲོ་བཞིན་ཡོད་པ་རེད།
བརྒྱད་པ།
གལ་སྲིད་བོད་ཡིག་ལ་གཅོད་མཚམས་བཞག་ནས་ལེགས་བཅོས་བཏང་བ་ཡིན་ན། དེས་ཕུགས་རྒྱང་རིང་པོར་ཕན་ཐོགས་ཀྱི་་རེད་དགོངས་ཀྱི་འདུག་གམ།
ལན། ད་འདི་ཐག་མི་ཆོད་པའི་སྐད་ཆ་ཞིག་རེད། ང་ཚོ་སྐད་ཡིག་རིག་པ་བ་དེ་འདྲ་ཡང་མ་རེད། ལེགས་བཅོས་བཏང་ན་སྐད་འདི་ལོ་ ༢༠༠ ལ་གནས་ཐུབ། མ་བཏང་ན་ ལོ་ ༡༠༠ ལས་འདུག་ཐུབ་གི་མ་རེད་ཟེར་བ་ལྟ་བུའི་ཉེན་ཁ་ཡང་མེད། ད་མི་ཤེས།
དགུ།
ཡང་ཁག་ཅིག་གིས། གཅོད་མཚམས་བཞག་མ་བཞག་དེ་དཀའ་ངལ་མ་རེད། དཀའ་ངལ་གཙོ་བོ་བོད་ཡིག་གི་ཡིག་སྐད་དང་ཁ་སྐད་ཀྱི་བར་ན་བར་སྟོང་ཞིག་ལྷག་བཞིན་པ་དེ་རེད་ཟེར། འདིའི་ཐོག་ལ་དགོངས་ཚུལ་ཅི་ཡོད།
ལན། འདི་ཡང་གོང་དུ་ཞུས་པ་བཞིན་རེད། ཡིག་སྐད་ཟེར་བ་འདི་ལ་ཡང་མཚམས་རེར་མཚམས་དང་ཚོད་ཅིག་འཛིན་དགོས་ཀྱི་འདུག ཏུན་ཧོང་དང་། དེ་ནས་ས་སྐྱའི་མཁས་པ་ཚོའི་གསུང་ནའང་འགའ་རེ་འདུག གྲུབ་ཆེན་ཚོའི་མགུར་དེ་འདྲ་ན་སྐད་ཆ་ཡིག་ཐོག་ན་ཡོད་པ་དེ་ཚོ། འབྲོག་རྒན་ཞིག་གིས་ད་སོ་མ་བཤད་པ་འདྲ་བ་དེ་འདྲ་འདུག ད་ཁྱབ་ཆེ་བ་དེ་ཆོས་ཀྱི་བསྟན་བཅོས་དེ་ཚོའི་འབྲི་ཚུལ་དེ་རེད། དེ་དང་ཡུལ་སྐད་བར་ན་སྟོང་ཆ་ཡོད་པ་རེད། སྟོང་ཆ་དེ་ཚོ་མཚམས་རེར་ལན་རེར་རྐང་བཙུགས་ནས་བཟོས་པ་དེ་འདྲ་ཡང་འདུག མཁས་གྲུབ་རྗེས་ཁ་སྐད་བྲིས་ན་ བུད་མེད་མཛེས་མ་ཞིག་ལ་སྣ་མེད་པ་བཞིན་རེད་གསུངས་ཡོད་དྲན།
བཅུ།
བོད་ཀྱི་སྐད་ཡིག་ལ་ཁོར་ཡུག་མེད་པ་དང་བེད་སྤྱོད་ཀྱི་ཁྱབ་རྒྱ་ཆུང་བ། འཚོ་བ་མཁོ་སྒྲུབ་ཀྱི་ལག་ཆ་མི་ཉན་པ་སོགས་ཀྱི་བསམ་ཚུལ་འཛིན་མཁན་རིགས་ཀྱང་ཡོང་གི་འདུག འདིའི་ཐོག་ལ་དགོངས་ཚུལ་ཅི་ཡོད།
ལན། ད་འདི་དངོས་གནས་རེད། གཙོ་བོ་དེ་ལུང་རང་གི་ལག་པ་ན་མེད་པ་དེ་རེད། དཔེ་མཚོན་ཐག་རིང་པོ་ལ་བཙལ་དགོས་པ་མི་འདུག འབྲུལ་ཡུལ་གཅིག་པུ་ལ་གཟིགས་ན་ཤེས་ཐུབ་པ་ཞིག་རེད།
(བཅར་འདྲི་དང་ལེན་གནང་བར་བཀའ་དྲིན་ཆེ།)
བར་སྟོང་ བཞག་ མ་བཞག་ གི་ ཕན་ གནོད་ ལ་ ཚན་རིག་གི་ འགྲེལ་བཤད་ བརྒྱབ་ན་ མ་གཏོགས་ ངོས་ལེན་ མེད་ ཅེས་པ་ འདི་ནི་ ངོ་མ་ བློ་ཡུལ་ ལས་ འདས་པ་ ཞིག་རེད། ང་ཚོའི་ བོད་ཡིག་ འདི་ལ་ བྱིས་པ་ཚོས་ དྭང་ལེན་ མི་བྱེད་པའི་ དུས་རབས་ ཛ་དྲག་ཅན་ འདིར་ བྱིས་པ་ཚོས་ དྭང་ལེན་ བྱེད་པའི་ ཐབས་ལམ་ ཡག་པོ་ དང་ སྟབས་བདེ་བོ་ ག་འདྲ་ ཞིག་ ཡོད་ ཅེས་ ཟས་ཆག་ གཉིད་བརྗེད་ ཀྱིས་ བསམ་བློ་ གཏོང་རྒྱུ་ མ་ཡིན་པར། ཐབས་ལམ་ དེ་ ཚན་རིག་ དང་ མཐུན་ མིན་ གྱི་ དངངས་སྐྲག་ བྱེད་པ་ནི་ ལུས་ལ་ དུག་མདའ་ ཕོག་དུས་ ལམ་སེང་ མདའ་ དེ་ འདོན་པའི་ ཐབས་ཤེས་ མི་བསྟེན་པར་ མདའ་དེ་ སུས་ འཕངས་པ་ དང་ ཅིའི་ཕྱིར་ འཕངས་པ་ ཇི་ལྟར་ འཕངས་པ་ སོགས་ལ་ བསམ་བློ་ བཏང་ནས་ འདུག་པའི་ དཔེ་འཇོག་ རྙིང་བ་ དེ་ སྐྱར་ཟློས་ བྱས་པ་ ཞིག་ མ་རེད་དམ།
བར་སྟོང་ འཇོག་མིན་ དེ་ ང་ཚོའི་ བྱིས་པ་ཚོར་ མཐུན་ མི་མཐུན་ ལ་ བསམ་བློ་ གཏོང་དགོས་ ཀྱི་ རེད་ མ་གཏོགས་ ཚན་རིག་ དང་ མཐུན་མིན་ནི་ རྒྱང་ཐག་ རིང་བའི་ ལས་ཀ་ཞིག་རེད། ང་ཚོའི་ བྱིས་པ་ཚོའི་ ངག་ལས་ བོད་ཡིག་ བོར་བརླག་ ཏུ་ འགྲོ་བཞིན་ ཡོད་པ་རེད་ མ་གཏོགས་ ཚན་རིག་པའི་ ངག་ལས་ བོད་ཡིག་ བོར་བརླག་ཏུ་ འགྲོ་གི་ ཡོད་ནི་ མ་རེད།
མགོ་རིལ་གྱི་འདི་ྐློག་གིན་ྐློག་གིན། ང་ལ་་བོད་ཡིག་ྐློག་མི་ཤེས་བའི་དཀའ་ངལ་གསར་བ་ཞིག་འཕྲད་ཀྱི་འདུག་པའི་ཚོར་སྣང་བྱུང་།
ང་ཡང་དཀའ་ངལ་གྱི་ཁོངས་སུ་ཚུད་སོང་། ྐློག་མི་ཤེས་མཁན་ཚོར་གཅོད་མཚམས་བཞག་ན་དཀའ་ངལ་སེལ། ྐློག་ཤེས་མཁན་ཚོར་གཅོད་མཚམས་བཞག་ན་དཀའ་ངལ་ཆགས། དཔེར་ན། མགོ་རིལ་གྱི་དཔེར་བརྗོད་ལྟ་བུ།
མགོ་རུལ་ལགས། ཉལ་གྲབས་ཡོད་སྐབས་ཁྱེད་ཀྱི་མཆན་དེ་ཚོ་མཐོང་ནས་ཡར་ལངས་བཅུག་སོང་། ཚན་རིག་དང་མཐུན་པ་ཟེར་བ་ཚིག་བཙན་སོང་བ་འདྲ། དེ་ཕྱིར་འཐེན་བྱས་ཀྱང་འཐུས། དོན་ནི་ཁྱེད་ཀྱིས་ “བར་སྟོང་ འཇོག་མིན་ དེ་ ང་ཚོའི་ བྱིས་པ་ཚོར་ མཐུན་ མི་མཐུན་ ལ་ བསམ་བློ་ གཏོང་དགོས་ ཀྱི་ རེད་ མ་གཏོགས་ ཚན་རིག་ དང་ མཐུན་མིན་ནི་ རྒྱང་ཐག་ རིང་བའི་ ལས་ཀ་ཞིག་རེད། “ཅེས་བཤད་པའི་དོན་ཚན་སྔ་མ་དེ་ཡིན་ལགས། བོད་ཀྱི་བྱིས་པ་ཚོ་ལ་བརྟགས། དཔྱད། ཞིབ་འཇུག་བྱས། དེ་ཡང་མདོ་དབུས་ཁམས་གསུམ་ཚང་མ་ལ་དཔྱད། དཔྱད་ཐབས་ཀྱང་སྣ་ཚོགས་སྤྱད། མཐའ་མའི་སྡོམ་གྲངས་དེ་བར་སྟོང་དགོས་པར་འབབ་ན་བར་སྟོང་ཞོག བར་སྟོང་མི་དགོས་སར་འབབ་ན་བར་སྟོང་མ་འཇོག འདི་ལ་ཚན་རིག་དང་མཐུན་པའི་ཞིབ་འཇུག་ཅེས་བྲིས་པ་ཡིན། དེ་མིན་བཙན་བྱོལ་སྤྱི་དང་ཕྱི་རྒྱལ་གྱི་བོད་ཕྲུག་ཚོའི་དཀའ་ངལ་འདི་ བོད་ལ་ཡང་གཅིག་མཚུངས་ཡིན་ཤག་ལྟ་བུའི་བསམ་ཚུལ་ཞིག་ལ་སྐྱབས་བཅོལ་ན་འོས་བབ་ཆུང་ངོ་ཞེས་དྲན་པ་རེད།
བྱིས་པ་ཚོས་ བོད་ཡིག་ ཀློག་དུས་ ཐོག་མ་ནས་ ཚིག་གྲུབ་ རིང་ཐག་ཆོད་ ཅིག་ མཐོང་ན་ ལམ་སེང་ ཞེད་ཡོང་གི་འདུག རྒྱུ་མཚན་ནི་ ཚིག་གི་ གཅོད་མཚམས་ མ་ཤེས་པས་ རེད། ཐོག་མ་ནས་ ཚིག་གྲུབ་ རིང་མདོག་ཁ་ ཡང་ མིང་ཚིག་ དེ་ཚོ་ བར་སྟོང་ རེའི་ གཡས་གཡོན་ན་ སྙིང་རྗེ་རྗེའི་ ཚུལ་དུ་ ཡོད་ན་ ལམ་སེང་ བྱིས་པའི་ བློ་ཁ་ དང་ མཐུན་འགྲོ་བས་ བྱིས་པ་ཚོས་ ཅིག་ ཀློག་ཁུལ་ བྱེད་ཀི་རེད། འདི་ལ་ བྱིས་པའི་ ཕ་རྒན་ དང་ བྱིས་པའི་ དགེ་རྒན་ ཚོར་ ཉམས་མྱོང་ཡོད་པ་རེད།
ལན་དང་པོ་དེར་གནས་ལུགས་དེ་ཙམ་མཐོང་མ་སོང་། རྒྱུ་མཚན། དཀའ་ངལ་འདི་སེལ་ཆེད་དེབ་ཞིག་བསྒྲིགས་བཞག་ན་སྐུ་ངལ་ཅུང་ཟད་ཡོད་རེ་མ་གཏོགས་གཞན་ཚང་མ་འགྲིག་འགྲོ་གི་རེད་སྙམ།
ལན་གཉིས་པའི་ཕྱོགས་ནས་བཤད་རྒྱུ་གཅིག་ཡོད། དེང་སང་བོད་ནང་དུ་ཞོགས་དུང་ཟེར་བ་སོགས་ཀྱིས་ཅིག་འབྲི་གིན་ཡོད་པ་དེ་ཚོ་ཨམ་སྐད་རེད་དམ། ཡིན་ན། དེའི་ཕྱོགས་ནས་དགེ་སྐྱོན་རེ་བཤད་རོགས།
ཡང་ཕྱོགས་གཞན་ནས་བཤད་ན། བོད་གནའ་རབས་ཀྱི་མཁས་པ་གནམ་གྱིས་ས་བཀབ་པ་ལྟ་བུ་ཚོར་བརྡ་སྤྲོད་དང་མིང་ཚིག་གང་གི་ཕྱོགས་ནས་ཀྱང་དཀའ་ངལ་མ་འཕྲད་པར་དེང་སང་གི་གཞོན་སྐྱེས་ཚོར་དཀའ་ངལ་ཐོལ་བ་མང་པོ་འཕྲད་བཞིན་པ་འདི་ཅུང་བློ་ལ་མི་ཤོང་བ་ཞིག་ཏུ་མཐོང་སོང་། གསལ་བཤད་ཤིན་ཏུ་ཐུང་ངུ་རེ་བྱེད་རོགས།
དངོས་ཡོད་གནས་ཚུལ་གྱི་ཐོག་ནས་བོད་ཡིག་འདི་ང་ཚོ་མི་སྒེར་གྱི་འཚོ་བ་དངོས་ཀྱི་ནང་ཁྲིད་ཚེ། གཞི་ནས་དཀའ་ངལ་མང་བོ་ཞིག་འཕྲད་ཀྱི་འདུག་ཡ། ཐ་ན་བཅའ་ལག་ཁ་ཤས་ཀྱི་མིང་འབྲི་དགོས་རུང་བོད་ཡིག་གི་ཤེས་ཚད་ཅུང་ཟད་ཡོད་མཁན་རྣམས་ཀྱིས་ད་བསམ་བློ་མང་ཞིག་གཏོང་དགོས་རྒྱུ་རེད་ཡ། བརྡ་དག་སོགས་གང་ལ་ཡང་བསམ་བློ་གཏོང་མི་དགོས་མཁན་ཞིག་ཡིན་ན་ལག་ཏུ་གང་ཡོང་བྲིས་ན་སྒྲ་ཐོན་པ་ཙམ་ཡོང་གི་ཡོད་པ་རེད་དེ་ངོ་མ་བོད་ཡིག་གི་དཀའ་ངལ་ཆེ་གཅིག་རེད་ཡ།
ད་ལྟ་ང་ཚོར་འཕྲད་བཞིན་༷པའི་དཀའ་ངལ་དེ་འགོ་ལོ་ངོ་གཅིག་སྟོང་སུམ་བརྒྱའི་གོང་ནས་འབུས་པ་ཞིག་རེད་ལ། སྐད་ཡིག་གཉིས་ཀྱི་བར་ཐད་རིང་བ་འདིའི་རྒྱུ་རྐྱེན་འཚོལ་ཞིབ་བྱེད་དགོས་ན་ཕྱོགས་མང་བོ་ཞིག་ནས་གླེང་དགོས་རྒྱུ་རེད་ཡ།
༡་་་་བོད་ཡིག་འདི་དར་སྤེལ་བྱེད་དགོས་པའི་དམིགས་ཡུལ་དང་བཀོལ་སྤྱོད་བྱེད་སའི་ཁྱབ་ཁོངས་ལ་ཚད་བཀག་གམ་ས་མཚམས་བཞག་པའི་རྐྱེན་གྱིས་ཡོང་བ་རེད་ཡ།
༢་་་་་་འདས་པའི་བོད་ཀྱི་སྤྱི་ཚོགས་ཁྲོད་་བོད་ཡིག་གི་ཁྱབ་ཚད་དང་དེའི་གནས་སྟེང་གིས་རྐྱེན་པས་ད་ལྟའི་དཀའ་ངལ་འདི་ལྷགས་པ་ཞིག་དང།
༣་་་་་བོད་ཡིག་སྤྱོད་མཁན་དང་འབྲི་མཁན་རྣམས་ཀྱིས་སྨྱུག་ཁ་བསྒྱུར་ཕྱོགས་ལས་ང་ཚོར་དཀའ་ངལ་འདི་བཟོ་བོ་རེད་ཡ།
ད་མང་བོ་མི་བཤད་གང་ལྟར་དེ་སྔའི་བོད་ཀྱི་སློབ་གསོའི་ཐོག་ནས་འདི་བཟོས་པ་རེད།
༣
དྲ་གྲོགས་ཁ་ཕྱོགས་མེད་ལགས། སྐུ་ཉིད་ཀྱི་མཆན་བུར་བལྟས་ན་བོད་སྐད་ཡིག་ལ་རྨང་གཞི་བཟང་བ་ཤེས་ཐུབ་པ་འདུག། དེ་བས་རེ་བ་ཞུ་རྒྱུ་གཅིག་ལ། སྐུ་ཉིད་ནས་ངེད་ཀྱི་དྲི་བ་གོང་མ་གཉིས་ལ་རང་གི་བསམ་ཚུལ་རེ་བཤད་ན་ཅི་འདྲ་འདུག
བོད་ཡིག་གི་དཀའ་ངལ་སེལ་བྱེད་དུ་བར་སྟོང་བཞག་པ་ཙམ་གྱིས་གང་ཡང་ཡོང་གི་མ་རེད་ཡ།
བར་སྟོང་བཞག་པ་དེ་ཡང་དཀའ་ངལ་དུ་འགྱུར་སྲིད་རྒྱུ་རེད།
གང་ཡིན་ཟེར་ན་བོད་ཡིག་གི་སྤྱིའི་གནས་ཚད་ཡག་པོ་ཞིག་མ་ཆགས་ན་བར་སྟོང་ཙམ་གྱིས་ཡོང་གི་མེད།
བོད་ཡིག་ལ་བར་སྟོང་བཞག་དགོས་ཟེར་མཁན་རྣམས་ཀྱིས་ཀློག་མཁན་གཅིག་བུར་བསམ་བློ་གཏོང་བ་ལས་འབྲི་མཁན་ལ་བསམ་བློ་གཏོང་གི་མེད་པ་འདྲ།
བར་སྟོང་བཞག་ཚེ་འབྲི་བའི་ཚེ་བོད་ཡིག་ངོ་མ་བྱང་ཆུབ་པ་ཞིག་མིན་ན་དཀའ་ངལ་མང་བོ་ཡོང་རྒྱུ་རེད།
དཔེར་ན། ཕྲད་དང་རྣམ་དབྱེ། མིང་མཐའ་དང་མིང་གི་ཆ་ཤས། བསྡུས་མིང་དང་སོགས་མང་བོར་གང་ལ་བར་སྟོང་འཛྷཇོག་དགོས་པ་དང་གང་ལ་མི་དགོས་པ་སོགས་ཀྱི་དཀའ་ངལ་འཕྲད་རེད་ཡ།
མདོར་ན་བོད་ཡིག་ལ་བར་སྟོང་འཛྷཇོག་དགོས་ཟེར་མཁན་རྣམས་ཀྱིས་ཀློག་པའི་ཚེ་གཅིག་བུར་བསམ་བློ་གཏོང་ཡོད་ས་རེད། ད་དུང་བོད་ཡིག་ལ་ཚེག་ཤད་སོགས་ཡོད་པས་ཡིག་རིགས་གཞན་དང་བསྡུར་ཐབྷབས་མེད་ཡ།
བོད་ཀྱི་སྐད་ཡིག་འདིས་གཉིད་བཅུག་གི་མི་འདུག དཀོན་མཆོག་གསུམ།
མར་མ་ཉལ་སྔོན་ལ་འདིར་ཅིག་བལྟ་དགོ་གི་ ཡར་ལངས་བ་དང་ཡང་འདི་ལ་ཅིག་བལྟ་དགོ་གི།
མཚམས་མཚམས་ལ་འདི་ངོ་རྫོགས་རྒྱུའི་སྐད་ཡིག་ཅིག་རེད། འོན་ཀྱང་། འདི་ངའི་གཅེས་ནོར་ཡིན། ཕ་མེས་ཀྱིས་གནང་བའི་གཅེས་ནོར་ཡིན།
མགོ་རིལ་འདིས་བསམ་ཚུལ་བཤད་ཀྱིན་བཤད་ཀྱིན། དཀའ་ངལ་གསར་བ་རྐྱང་འཁྱེར་ཡོང་གི་འདུག
ཚིག་གྲུབ་རིང་པོ་ཡིན་ན་བོད་ཀྱི་བྱིས་བ་ཚོ་ཉོབ་ཀྱི་འདུག་ཟེར། ཚིག་གྲུབ་རིང་ཐུང་གི་སྐད་ཆ་འཁྱེར་ནས་སླེབས་འདུག
དེས་ན། ངས་ཁྱེད་ལ་ཚིག་གྲུབ་ཐུང་ཐུང་འགའ་འབྲི། འདི་མགོ་རིལ་ཁྱེད་ཀྱི་བྱིས་བ་ཚོར་ལེགས་སྐྱེས་ཡིན། ཨོ་དགོངས་དག མགོ་རིལ་ལ་བྱིས་བ་ཨེ། ཨེ་ཡོད་ན། མགོ་རིལ་རེད་པ། ཨ་ལ་ཀུ་རེ་ཡིན།
མགོ་རིལ་ལགས།
ཁྱེད་བདེ་མོ། བྲེལ་འཚུབ་ཡིན་ནམ། ལས་ཀ་ཅི་ཞིག་བྱེད་ཀྱི་ཡོད། ང་བདེ་མོ་ཡིན། བྲེལ་བ་མེད། ལྷོད་ལྷོད་བྱས་ནས་བསྡད་ཡོད།
ཁོམ་པ་ཡོད་དུས། རྩོམ་རེ་འབྲི་གི་ཡོད། ལས་ཀ་མེད་དུས། ཆང་འཐུང་གི་ཡོད། གནས་སྐབས་བདེ་མོ་བྱོས། རྗེས་སུ་མཇལ་ཡོང་། ད་གཉིད་ཀྱི་ཡིན།
བོད་ཡིག་ལ་བར་སྟོང་འཇོག་འདོད་མཁན་དེ་ཚོ་བོད་སྐད་ཡིག་གི་རང་བཞིན་དེ་ཙམ་འདྲིས་ཆ་མེད་མཁན་ཚོ་ཡིན་རྒྱུ་རེད།
རང་ཉིད་གཅིག་པུའི་ཚོར་བ་འཁྱེར་ནས་ཐམས་ཅད་མེད་བརླགས་བྱེད་འདོད་མཁན་དག་རེད།
ཁ་ཕྱོགས་མེད་ཀྱིས་གནས་ལུགས་དཔེ་མེད་པ་ཞིག་གསུངས་འདུག
དྲ་གྲོགས་དགྲ་སྟ་ལགས།
སྤྱིར་གནའ་དུས་ཀྱི་བོད་ཀྱི་མཁས་པ་ཚོ་ཟེར་དུས་ནང་བསྟན་ཆོས་ལུགས་སྲོག་ཤིང་ཡིན་པས་རིག་གནས་དག་ལ་སྦྱང་བ་མཐོན་པོར་དག་ཡིན་ལ། བོད་ཡིག་ཀྱང་དེ་འཛིན་སྐྱོང་སྤེལ་གསུམ་གྱིས་ཆེད་དུ་བསླབ་པ་ཞིག་ཡིན།
འཇུ་མི་ཕམ་སོགས་མཁས་པ་མང་བོས་གསལ་བོ་བྱས་ནས་གསུངས་ཡོད། སྤྱིར་ཁྱིམ་ལས་བྱེད་པ་ལ་བོད་ཡིག་མི་མཁོ་བ།
ད་ནི་དུས་རབས་ཀྱིས་དབང་གིས་བོད་ཡིག་གིས་ཁྱབ་ཚད་ཀྱང་དེ་ལས་བརྒལ་ཏེ་སྤྱི་ཚོགས་ཀྱི་ཉིན་རེའི་འཚོ་བའི་ཁྲོད་དུ་འགྲོ་རྒྱུགས་བྱེད་ཀྱི་ཡོད། དེར་བརྟེན་ཁ་སྐད་སོགས་མང་བོ་ཞིག་དགོས་མཁོས་དབང་གིས་དེང་རབས་བོད་ཀྱི་རྩོམ་པ་པོ་དག་གིས་བེད་སྤྱོད་བྱེད་བཞིན་ཡོད་པ་དེ་སྐྱོན་དང་དགེ་མཚན་གྱི་ཆ་གཉིས་ཡོད་པ་རེད་སྙམ་ཡ།
སྐྱོན་གྱི་ཆ་དེ་གནས་སྐབས་ཤིག་ཡིན་རྒྱུ་རེད་བསམ་གྱི་འདུག བོད་རིགས་ཡོངས་རྫོགས་ཕན་ཚུན་འབྲེལ་འདྲིས་འདྲ་བྱེད་ཐུབ་སོང་ན་རང་བཞིན་གྱིས་སེལ་འགྲོ་རྒྱུ་ཡ།
དགེ་མཚན་གྱིས་ཕྱོགས་ནས་བོད་ཀྱི་ཡིག་འབྲིའི་ལམ་སྲོལ་ཁྱབ་རྒྱ་ཆེ་རུ་གཏོང་གི་ཡོད་པ་དང།
བོད་ཡིག་དང་སྤྱི་ཚོགས་བར་གྱི་སྟོང་ཆ་བསལ་ཐུབ་ཐབས་བྱེད་ཀྱི་ཡོད་ནི་ཡིན་རྒྱུ་རེད་བསམ་གྱི་འདུག
མགོ་རུལ་ལགས།
ང་ལ་ཅུང་ཉན་རོགས། དང་པོ།་ངེད་ཀྱི་བསམ་པར་བོད་པ་རང་གིས་བེད་སྤྱད་དང་སྤྱོད་བཞིན་པའི་དངོས་བོ་ཡོད་དོ་ཅོག་ལ་ཁ་སྐད་ཀྱི་མིང་རེ་ཡོད་པ་རེད། དེ་ཐད་ཀར་དུ་ཡིག་ཐོག་ལ་ཕབ་བཞག་ན་མ་འགྲིག་པ་གང་ཡིན་ན། འདི་གཅིག་ཡིན།
གཉིས་པ། སྐུ་ཉིད་ནས་བོད་ཀྱི་ཡིག་འབྲིའི་ལམ་སྲོལ་ཁྱབ་རྒྱ་ཆེ་རུ་གཏོང་གི་ཡོད་ཟེར་བ་འདིའི་ནང་དོན་ཅི་ཡིན་ཞིབ་འགྲེལ་རེ་བྱེད་རོགས།
བོད་མི་རིགས་ཀྱི་སྐད་ཡིག་གི་ནུས་པ་དང་ཁྱབ་ཚད། ཁ་ཕྱོགས་དང་རྣམ་འགྱུར་སོགས་ལ་བརྟག་ཞིབ་བྱ་དགོས་པ་དུས་བབ་ཀྱིས་དེད་པའི་འགན་འཁྲི་ཞིག་ཏུ་འཁུམས་རུང་། རང་སྣང་གང་དྲན་གྱིས་བཅོས་བསྒྱུར་བྱ་འདོད་པའི་བསམ་སྦྱོར་ནི་ཕུགས་བསྐྱུར་འཕྲལ་ཕན་རང་ལུགས་པའི་བྱ་སྤྱོད་ཅིག་གི་རྣམ་འགྱུར་ཙམ་རེད། དེས་ན། བོད་ཀྱི་སྐད་ཡིག་གི་སྤྱོར་ཀློག་གི་དཀའ་ངལ་ཆེ་མིན་ནི་རང་རང་གི་འདུ་ཤེས་འཛིན་སྟངས་ལ་ཐུག་ཡོད་པར་སེམས། གང་ལྟར། འགྱུར་བ་འགྲོ་བ་དགོས་པ་ཆོས་ཉིད་ཅིག་ཡིན་རུང་འགྱུར་བ་གཏོང་སྟངས་ནོར་མི་ཉན་པ་ང་ཚོའི་འོས་འགན་ཞིག་རེད།
good
ཡ་གྲོགས་པོ་ཚོ། ད་འདིར་ངོ་མ་ནང་དོན་མེད་གི
བོད་ཡིག་འདི་མི་ལོ་སྟོང་ཕྲག་མང་པོའི་རིང་དུ་བཟོ་བཅོས་དང་། འཕེལ་རྒྱས་ཕྱིན་ནས་དར་རིང་གི་བར་དུ་མདོ་དབུས་ཁམས་གསུམ་ན་ལུང་རྒྱུགས་པ་རེད། མི་རིགས་འདི་ཉིད་གསོན་པོ་གནས་པའང་འདིའི་བཀའ་དྲིན་རེད། མཁས་པ་ཚོས་མདུན་ན་ལྷག་པའི་དངོས་པོ་གང་ཡིན་ཡང་མིང་རེ་བཏགས་ནས་ཕྱིན་པ་རེད་ལ་བོད་ཡིག་གིས་མ་འདེང་བའི་བཀའ་ངལ་བྱུང་མེད་པ་རེད། མི་རིགས་གཞན་གྱི་སྐད་རིགས་བསྒྱུར་བའི་སྐབས་སུ་སྔ་ཕྱི་བར་དུ་གོ་བཀའ་བ་དང་། མང་མང་དང་བརྡ་མི་འཕྲོད་པ་དག་ཡོད་ན་འགྱུར་བཅོས་དང་། སྐད་གསར་བཅད་སོགས་བྱས་ནས་ཡོང་བ་རེད། དེ་དག་ནི་བོད་ཀྱི་སྐད་དང་ཡི་གེ་ལ་ནང་བྱན་ཚུད་པའི་མཁས་པའི་མཁས་པ་དག་གིས་གསར་བཅོས་བྱས་པ་རེད།
དེ་རིང་གི་བར་དུ་ཚིག་ལ་བར་སྟོང་བཞག་དགོས་ཟེར་བ་མ་བྱུང་བ་རེད། དེ་རིང་རང་གི་འབྲི་ཀློག་ཨ་ཕ་ལ་བརྟེན་དགོས་པ་ཞིག་གིས་ཡི་གེ་འདི་གསར་བཅོས་བྱེད་ཀི་ཡིན་ཟེར། ཅིའི་ཕྱིར་ན་ང་དང་ང་འདྲ་བས་ཀློག་མི་ཤེས་ཀི་ཟེར། སྐད་ཆ་འདི་བོད་ཀྱི་ཡི་གེ་འདི་ལ་མཐོང་ག་འདྲ་ཞིག་སྤྲད་འདུག ཡི་གེ་འདི་ཡར་ལོ་ངོ་སྟོང་ཕྲག་ཅན་གྱི་བཀའ་འགྱུར་དང་། བསྟན་འགྱུར་ལ་འབྲེལ་བ་དང་། མར་རང་གི་མིང་ལ་འབྲེལ་བ་ཡོད་པ་ཞིག་རེད། འདི་རྩེད་མོ་རྩེད་སྤྱད་མ་རེད། སྐད་ཆ་འདིའི་རྗེས་འབྲང་མགོ་རུལ་གྱིས་ཀྱང་ཚིག་ལ་བར་སྟོང་དགོས་སྣང་ཤར་འདུག་པས། བྲང་ཐོག་ལག་པ་ཞོག
གསར་བྱུང་གི་དངོས་པོ་རྣམས་ལ་མིང་གསར་པ་འདོགས་པའི་གོ་རིམ་ཞིག་བོད་གཞིས་བྱེས་གཉིས་ནས་འགྲོ་བཞིན་པ་རེད། འདི་དག་ལ་དོ་སྣང་གནང་རོགས།
སྐད་ཆ་མང་པོ་ཤིག་ཉན་ནས་བསྡད་པ་ཡིན།རྒྱུ་མཚན་འགའ་རེ་ཡོད་པ་འདུག་།དེ་བཞིན་རྒྱུ་མཚན་མེད་པར་ཐོལ་བྱུང་ཏུ་བཤད་པ་མང་པོའངའདུག།
བོད་ཀྱི་ཁ་སྐད་དང་ཡིག་སྐད་གཉིས་གཅིག་གྱུར་མེད་ཟེར་བ་འདི་ལ་ཕྱོགས་གཉིས་ན་གོ་བ་ལེན་དགོས་སྙམ་གིན་་འདུག་།ཕྱོགས་གཅིག་ནས་།དེ་ནི་བདེན་པ་རེད་།བོད་མི་ཞིག་གིས།ཡིག་སྐད་ཇི་བཞིན་དུ་བཤད་པ་ཤིག་ཡོད་མི་སྲིད།ཡིན་ནའང་འདི་བོད་པ་གཅིག་པོའི་གནད་དོན་མ་རེད།འཛམ་གླིང་སྤྱིའི་གནད་དོན་རེད་།དེང་སྐབས་ཀྱི་ཡིག་རིགས་གང་ལའང་དེ་ལྟར་ཡོད་པ་རེད་།ཁ་སྐད་ཤེས་བ་ཙམ་གྱི་ཡིག་སྐད་ཤེས་བའི་དངོས་བ་གཏན་ནས་མེད་།འདི་རང་གིས་ཉམས་མྱོང་གི་ཐོག་ནས་ཀྱང་དེ་འདྲ་རེད།དབྱིན་ཇིའི་སྐད་ཤེས་བ་ཙམ་གྱི་འབྲི་ཤེས་བ་དང།ཀློག་ཤེས་བའི་ངེས་བ་མེད་།དབྱིན་ཇི་ལ་མཚོན་ན་།རྒྱ་གར་གྱི་དབྱིན་ཇི་དང་།ཨ་རིའི་དབྱིན་ཇི་།།ཨ་རིའི་ནང་དུ་ཨ་རིའི་ལྷོ་དང་ཤར་གྱི་དབྱིན་ཇི།དབྱིན་ཇིའི་ལུང་པར་མཚོན་ན་།སོ་ཀོ་ལན་གྱི་དབྱིན་ཇི་མང་པོ་ཡོད་པ་རེད་།མི་དེ་ཚོ་འཕྲད་མ་ཐག་ཏུ་ཕན་ཚུན་གོ་བའི་ངེས་བ་ཡང་མེད་།ལྷག་པར་ཏུ་རྒྱང་བསྒྲགས་དང་།གློག་བརྙན་སོགས་མེད་པའི་མེད་པའི་སྐབས་སུ་ཕན་ཚུན་གྱི་སྐད་གོ་བའི་ངེས་བ་རྩ་བ་ཉིད་ནས་མེད་།ཡིན་ནའང་ལོ་མང་པོ་རིང་ལ་དབྱིན་ཇིའི་སུམ་རྟགས་གཅིག་པ་དང་།ཐ་སྙད་གཅིག་པ་།ཚིག་གི་སྡེབ་སྤྱོར་སོགས་གཅིག་པ་ཆགས་བསྡད་ཡོད་དུས་།གཞི་ནས་ཐུན་མོང་གི་སློབ་གྲ་དང་།ཚགས་པར་དང་།རྒྱང་བསྒྲགས་།གློག་བརྙན་སོགས་ཀྱི་ཀློག་སྟངས་ཡང་རིམ་གྱིས་གཅིག་གྱུར་བྱུང་བ་རེད་།མི་ཚང་མས་ཚགས་པར་གཅིག་ལ་བལྟ་བ་དང་།རྒྱང་བསྒྲགས་གཅིག་ལ་།དེ་བཞིན་གློག་བརྙན་གཅིག་ལ་བལྟས་ཡོང་དུས་།གཅིག་གྱུར་ཟེར་བ་དེ་རང་བཞིན་གྱི་བྱུང་བ་ཞིག་རེད་།རྒྱ་ནག་ལ་མཚོན་ནའང་དེ་འདྲ་རེད་།བོད་དམིགས་གསལ་ཅི་ཡང་མ་རེད།བོད་ཀྱི་སྒྲུང་དཔེ་དེ་ཚོ་།སྟོད་མངའ་རིས་ནས་།མར་དར་རྩེ་མདོ་གང་དུ་སོང་ཀྱང་།དེ་བཞིན་བོད་ཀྱི་འབྲོག་པ་།ཞིང་བ་།ཡོན་ཏན་པ་གང་ཞིག་ཡིན་ཀྱང་མི་གོ་བ་ཞིག་ཧ་ལམ་མེད་པ་ལྟ་བུ་རེད་།ངས་དེ་ལྟར་ཚོད་བལྟ་བྱས་མྱོང་།དམིགས་གསལ་གྱི་ཧོར་གླིང་གཡུལ་འགྱེད་དེ་ཧ་ལས་བའི་སྒྲུང་ཞིག་རེད་།ང་ཆུང་དུས་སྤོ་བོ་ཡི་གེ་མི་ཤེས་བ་ཤིག་ཡོད་པ་དེ་ཉིན་རེ་དེ་ལྟར་མང་པོ་ཀློག་པ་ཡིན་།ཧ་གོ་གིན་འདུག་།དེ་བཞིན་ཁམས་ཀྱི་ཟུར་མང་དགོན་པ་ནས་ཟླ་འགའ་ཤས་ལ་བསྡད་མྱོང་།ཡང་སྒྲུང་དཔེ་དེ་ཚོ་།ཡི་གེ་ཅི་ཡང་མི་ཤེས་བའི་ལོ་རྒན་པོ་དེ་ཚོ་ལ་ཀློག་པ་ཡིན་།ཐོག་དང་པོར་ངའི་སྐད་གིན་མི་འདུག་ཅེས་།ཉན་གིན་མི་འདུག་།དེ་ནས་ས་དེའི་གྲོགས་པོ་ཤིག་ལ་གླ་སྤྲད་ནས་་སྒྲུང་དཔེ་དེ་ཚོ་ཀློག་གིན་བཅུག་པ་ཡིན་།ཕྲན་གྱི་སྤོ་བོ་བཞིན་།ཁོ་ཚོས་ཀྱང་ཧ་གི་འདུག་།རྗེས་སུ་སྒྲུང་དཔེ་དང་།རྣམ་ཐར་སོགས་ཀློག་་བཅུག་པ་ཡིན་།མིག་ཆུ་ཤལ་ལེ་ཉན་ཡོང་གིན་འདུག།དེ་བཞིན་ཚོད་ལྟ་དེ་འདྲ་ཞིག་སྟོད་མངའ་རིས་ནས་ཀྱང་བྱས་བ་ཡིན་།ཚང་མས་ཉན་ཤེས་ཀྱིན་འདུག་།ཡུལ་སྐད་སོ་སོའི་སྒྲ་དང་གདངས་མི་གཅིག་པ་མ་གཏོགས་།མིང་དང་ཚིག་དང།དེ་བཞིན་གཅོད་མཚམས་ཐམས་ཅད་སྤྱིའི་ཆ་ནས་གཅིག་ཏུ་འདུག་།དེ་བས་བོད་ཀྱི་སྐད་ཡིག་གནད་དོན་དེ་།བོད་ཀྱི་ཡི་གེ་སློབ་སྤྱོང་ཡོད་མེད་ཀྱི་གནད་དོན་ཞིག་ལས་ཡུལ་སྐད་དང་།ཡིག་སྐད་གཉིས་ཀྱི་ཁྱད་པར་མ་རེད་བསམ་བཞིན་ཡོད་།སྤྱིའི་ཆ་ནས་ཡུལ་སྐད་དངཡིག་སྐད་གང་ཡིན་ཀྱང་གསལ་བོ་འཛིན་ཐུབ་པ་བྱུང་།སྒྲ་གདངས་གཅིག་གྱུར་རྒྱང་བསྒྲགས་དང་།བརྙན་འཕྲིན་སོགས་ཀྱི་ལམ་ནས་བཟོ་ཐུབ་ཀྱིན་འདུག་།ངས་བཤད་པའི་སྐད་ཆ་འདི་བདེན་མིན་ཁྱོད་ཚོས་ཚོད་བལྟ་བྱོས་།ལྷག་པར་སྒྲུང་དཔེ་དེ་ཚོ་རང་རང་གི་སྐད་ཀྱི་ཐོག་ནས་ཀློག་།ཇི་ལྟར་ཡི་གེ་མི་ཤེས་བ་ཞིག་གིས་འགྲེལ་བཤད་མེད་པར་ནང་དོན་ཧ་གོ་བ་ཡིན་ན།ཡིག་སྐད་དང་ཡུལ་སྐད་གཉིས་ཐག་ཉེ་བའི་རྟགས་སུ་འདུག་།ལྷག་པར་ཧོར་གླིང་གཡུལ་འགྱེད་ཀྱི་ཚིག་བཀོལ་སྟངས་དང་།གཅོད་མཚམས་།ཉམས་འགྱུར་སོགས་སྟོད་ཀྱི་འབྲོག་པ་རྒན་པོ་རལ་གྲི་ཁྱེར་བ་ཞིག་ལས་བྱུང་བའི་སྐད་ཆ་ལ།སྨད་ཀྱི་མཁས་བ་ཆེན་པོ་བྱང་སེམས་སྒོམ་པ་ཞིག་གིས་སྒྲིག་པ་ཡིན་པས་ཅིས་ཀྱང་ཡ་མཚར་བ་ཤིག་འདུག།མང་པོ་ཤིག་བཤད་བསམ་ཡང་།མཁས་བ་ཆེན་པོ་རྣམས་ཐུགས་ཁྲོས་ན་གྱད་མི་རྣམས་ཀྱིས་ཀྱང་འཛིན་དཀའ་བོ་ཤིག་ཏུ་འདུག་པས་།ད་རེབ་འདི་ཙམ་ཡིན།
དབྱིན་ཇིའི་ནང་གནའ་སྒྲུང་གྲགས་ཅན་དེ་ཚོ་ཕལ་སྐད་ནང་གོ་བདེ་བོ་དང་། ཤོས་ངོས་ཉུང་འཕྲི། ལས་སླ་བར་འབྲི་སྟངས་ཤིག་མི་འདུག་གམ། ད་བོད་ཀྱི་ཡི་གེ་བ་ཚོས་ཀྱང་འདིའི་སྒང་ལ་ཐུགས་བསམ་ཤིག་བཞེས་རྒྱུ་ཡོད་པ་རེད་སྙམ།
གེ་སར་གྱི་སྒྲུང་ལྟ་བུའང་། དེང་སང་གི་བརྩམས་སྒྲུང་གི་རྣམ་པར་ཚིག་ལྷུག་ནང་ཕབ་ནས། དེ་ཡང་བར་བཅུག་རི་མོའམ། མུ་འབྲེལ་རི་མོ་དང་ཟུང་དུ་སྦྲེལ་ནས་སྤེལ་ན། བོད་ཡིག་སྦྱོང་མཁན་ལ་ཕན་པའི་སྒང་། བོད་ཀྱི་རིག་གནས་ཉར་ཚགས་ལའང་ཕན་གི་རེད་བསམས།
བསྟན་འཛིན་བདེ་བྱེད་།
ང་ཁྱེད་རང་གིས་”དེང་སང་གི་བརྩམས་སྒྲུང་གི་རྣམ་པར་ཚིག་ལྷུག་ནང་ཕབ་”ཟེར་བའི་སྐད་ཆ་འདི་ལ་འཐད་མ་སོང་།ང་ཆུང་དུས་སྒྲུང་དཔེ་ལ་ཤིན་ཏུ་ནས་དགའ་བོ་ཡོད།རི་ཆེན་པོ་།ཆུ་བོ་ཤག་ཤག་ཏུ་འབབ་པའི་ཆུ་ཆེན་པོའི་འགྲམ་ནས་སྒྲུང་དཔེ་རེ་ཀློག།དེ་ནས་རང་ཉིད་དེའི་དག་གི་ནང་གི་སྒྲུང་གི་འགྲོས་དང་བསྟུན་ནས་སྒྲུང་གི་འཇིག་རྟེན་དུ་ཞུགས་ཚེ་།དགའ་སྐྱོ་འདྲེས་མའི་མིག་ཆུ་ཤལ་ལེ་ཡོང་གིན་ཡོད་པ་ཤིག་ཡིན།སྐབས་རེ་འཚོ་བཞིན་པའི་ལུག་རྣམས་ཀྱང་བོར་ཏེ།ངུ་སྒྲ་དང་བཅས་ལ་ནང་ལ་ལོག་དགོས་བ་འགའ་ཤས་བྱུང་སོང།སྒྲུང་དཔེ་དེ་ཚོ་ནང་གི་ཚིག་རྣམས་དང།ཚིག་སྤྱོར་སྟངས་དང་བོད་ཀྱི་སེམས་ཁམས་དང།ལྷག་པར་ཏུ་རི་ལུང་ཆུ་གསུམ་དང་འདྲེས་བསྡད་པ་ཞིག་ཡིན་ཕྱིར།ཚིག་རེ་རེ་གསོན་ཉམས་ལྡན་པ་གློག་བརྙན་འཕྲད་པ་ནང་བཞིན་ཡོང་གིན་འདུག།རྗེས་སུ་དོན་གྲུབ་གྱི་སྒྲུང་རྩོམ་དང།རྒྱའི་རྩོམ་།དེ་བཞིན་དེང་དུས་དབྱིན་ཇིའི་རྩོམ་མང་པོ་ཞིག་ཀློག་པ་ཡིནའང།ཆུང་དུས་སྒྲུང་དཔེ་ཀློག་པ་ལྟ་བའི་ཚོར་བ་ཞིག་རྩ་བ་ཉིད་ནས་སྐྱེས་གིན་མི་འདུག།འདི་སྐོར་ལ་བསམ་བློ་མང་པོ་གཏོང་གིན་ཡོད།ག་རེ་ཡིན་ནམ།རྒྱ་ཡིག་དང་།དབྱིན་ཇི་སོགས་ཀློག་པའི་རྗེས་སུ་བོད་ཡིག་གི་དྲི་མ་དེ་ཉམས་འགྲོ་བ་ཡིན་ནམ།བོད་ཡིག་འགྱུར་བ་ཡིན་ནམ།རང་གི་སེམས་ཁམས་འགྱུར་བ་ཡིན་ནམ།འདི་ལྟ་བའི་བསམ་བློ་མང་པོ་འཁོར་ཡོང་གིན་འདུག།
ཡང་ཉིད་ཀྱིས་”དེ་ཡང་བར་བཅུག་རི་མོའམ། མུ་འབྲེལ་རི་མོ་དང་ཟུང་དུ་སྦྲེལ་ནས་སྤེལ་ན”ཟེར་བ་དེ་ལ་།ཤིན་ཏུ་ནས་འཐད་པ་འདུག།དེ་ལྟར་ངེས་པར་ཏུ་བྱ་དགོས་བ་མ་ཟད་།གློག་བརྙན་སོགས་ཀྱང་བཟོ་དགོས་ཞེས་བཤད་བསམ་པ་ཡིན་།
གེ་སར་གྱི་སྒྲུང་དང་། མགུར། གླུ་ལ་གཞས་དེ་ཚོ་གོ་བདེ་བོ་ཡོད་པ་རེད། ག་རེ་རེད་ཟེར་ན། ཚིག་ཐུང་ངུ་ཐུང་ངུར་བཅད་ཡོད་པས་རེད། དམངས་སྐད་དང་ཡང་ཉེ་བོ་ཡོད་པ་རེད།
ཡི་གེ་ལ་བར་མཚམས་ཚིག་མཚམས་མ་བཞག་པར། གཡོའུ་བླུགས་བླུགས་བྱས་ནས་བྲིས་ཡོད་པ་དང་། བར་མཚམས་ཚིག་མཚམས་མང་ཟིག་བཞག་ནས་ཐོར་བུར་བྲིས་པ་དེ་གཉིས་ལའང་ཁྱད་པར་ཞེ་དྲག་འདུག གོང་གི་རིག་འབྱུང་གི་མཆན ༡༠ དེ་ཀློག་བྲོ་བ་ཞིག་དང་ཀློག་བདེ་བ་འདུག
དེ་ནས་རྒྱ་ནག་ཉམས་ཞིབ་པའི མཆན ༡༨ པ། གཡོས་བརྫངས་བརྫངས་བྱས་ནས་ཚིག་མཚམས་མེད་པར་བྲིས་པའི་ཡི་གེ་འཚང་ཁ་ཅན་དེ། ཀློག་མི་བྲོ་བ་མ་ཟད། དེ་ཀློག་མི་བདེ་བ་ཞིག་རེད། ཀློག་སྐབས་ཀྱང་རྣམ་ཤེས་གཏད་ནས་ཡག་པོར་ཀློག་དགོས་པ་འདུག ཐང་ཡང་ཅུང་ཆད་སོང་། ད་མིག་ཀྱང་ཚ་གི་འདུག ཁྱེད་ཚོས་ཀྱང་ཡར་འཁྱུག་ཙམ་ལྟོས་དང་།
མདའ་ཚན་པ་ལགས།
ངས་སྔོན་ནས་བོད་ཀྱི་སྐད་ཡིག་དེ་ངལ་རྩོལ་མི་དམངས་དང་བསྟུན་དགོས་བའི་རྩ་དོན་ཆུང་དུས་ནས་ཧ་གོ་ཡོད།དེ་བཞིན་ཁ་སང་དེ་རིང་ལ་བོད་ཀྱི་སྐད་ཡིག་དེ་འབྱོར་ལྡན་པ་དང།ཆོས་ལུགས་པ་དག་གིས་བཀོལ་སྤྱོད་བྱ་དགོས་བ་ཁོ་ན་ཤིག་མ་ཡིན་པར་མི་དམངས་ཀྱི་བཀོལ་དགོས་བ་ཅེས་བཤད་བཞིན་པའང་གོ་མྱོང།དེ་མིན་རྒྱ་གཞུང་གིས་སྒོར་ཁྲི་མང་པོ་བཏང་ནས།ངལ་རྩོལ་མི་དམངས་ཀྱི་འཐབ་རྩོད་ལས་བྱུང་བའི་དམངས་ཁྲོད་ཀྱི་སྒྲུང་དཔེ་དག་བསྡུ་སྒྲིག་བྱ་བཞིན་པ་ཧ་གོ།དེང་སྐབས་ཁོ་ཚོ་དབང་ཆ་ཆེན་པོ་རེད།བོད་ཀྱི་རྒྱང་བསྒྲགས་དང།ཚགས་པར།དེ་བཞིན་གྱི་དཔེ་དེབ་ཀྱི་དབང་ཆ་ཐམས་ཅད་ཁོ་ཚོའི་ལག་ཏུ་འདུག།ལོ་དྲུག་ཅུ་ཙམ་ཞིག་ལ་བོད་ཀྱི་བཤུ་གཞོག་གྲལ་རིམ་དེ་ཚོ་ལ་བསྡིག་པ་རེད།ཁོ་ཚོའི་དགོན་པ་མེ་ལ་བསྲེགས་པ་རེད་།ལ་ལ་བཙོན་དུ་བཅུག་པ་རེད།ལ་ལ་བསད་པ་རེད།ད་དེ་དག་སེམས་དང་བསམ་པའི་སྟེང་ནས་བསྐྱུར་ན་འགྲིག་གི་མི་འདུག་གམ་།ད་དབང་ཆ་ཐམས་ཅད་ང་ཚོའི་འབྱོར་མེད་གྲལ་རིམ་གྱི་ལག་ཏུ་ཡོད་པ་རེད་།ཁོ་ཚོའི་དུས་སྐབས་ལ་རེད།ངས་དེའི་སྐོར་ལ་བསམ་བློ་མང་པོ་བཏང་བ་ཡིན།ད་ལྟ་ཡང་གཏོང་བཞིན་ཡོད།དེ་བས་འབྱོར་མེད་གྲལ་རིམ་གྱི་སྣེ་ཁྲིད་པ་ལྟར་མི་དམངས་ཀྱི་དོན་དུ་ལས་ཀ་རླབས་ཆེན་སོགས་བྱེད་པའི་སྐལ་བ་མ་ལྡན་མོད།བོད་ཀྱི་སྐད་ཡིག་དང་།ཡུལ་སྐད་སོགས་ལ་ཤ་ཞེན་མི་དམན་པ་ཡོད།
ང་དགེ་འདུན་རབ་གསལ་གྱི་སྐད་ཆ་ཤིག་ལ་རྒྱབ་སྐྱོར་ཡོད།ཚན་རིག་གི་སྟེང་ནས་དངོས་གནས་བོད་ཡིག་ལ་གཅོད་མཚམས་བཞག་ནས་བོད་ཡིག་ཕན་ཐོགས་པའི་སྒྲུབ་བྱེད་དང་ཁྱེར་ཡོང་ན།ཁས་ལེན་ངེས་ཡིན།དེ་མིན་བོད་སྐད་དག་པོ་མི་ཤེས་བ་ཞིག་གིས་བོད་ཡིག་སྤྱོང་ཚུལ་བཤད་པ་དང།ཆོས་མི་ཤེས་བ་ཤིག་ཆོས་བཤད་པ།ཚན་རིག་མི་ཤེས་བ་ཤིག་གིས་ཚན་རིག་བཤད་ན།འབྱོར་མེད་གྲལ་རིམ་གྱི་གསར་བརྗེ་བ་ཞེས་མིག་བཙུམ་ནས་འདུག་རྒྱུ་མ་གཏོགས་གཞན་ཐབས་ཤེས་ཅི་ཡང་མི་འདུག།
མཐའ་སྡོམ།ངས་དུས་རྒྱུན་འདི་འདྲ་ཞིག་འདོད།ད་ལྟ་ང་ཚོས་བོད་ཀྱི་ལོ་རྒྱུས་ཐོག་ཏུ་དཔེ་དེབ་གྲངས་ཀ་ག་འདྲ་ཞིག་ཡོད་པའང་གསལ་བོ་ཧ་གོ་མི་འདུག།དེའི་བརྗོད་བྱ་དང་རྗོད་བྱེད་སོགས་ལ་སློབ་གཉེར་དང་ཞིབ་དཔྱད་བྱེད་པ་ཕར་ཞོག།ལོ་རྒྱུས་སུ་མི་གྲངས་དེ་འདྲ་ཉུང་ཉུང་ཤིག་གིས་བརྗོད་བྱ་གང་ཡིན་ལ་མ་ལྟོས་བར་གླེགས་བམ་དེ་འདྲ་མང་པོ་ཞིག་བྲིས་བ་དེ་ཤིན་ཏུ་གལ་ཆེན་པོའི་ལོ་རྒྱུས་ཤིག་རེད་བསམ་བཞིན་ཡོད།འཛམ་གླིང་ན་ཉུང་ཉུང་རེད།གསར་བརྗེ་དང་འབྱོར་མེད་གྲལ་རིམ་ལ་ཁ་གཡར་ནས་འདི་ལྟར་འཕྲོ་བརླག་ཏུ་སོང་ན་ཕངས་སེམས་ཆེན་པོ་ཤིག་འདུག།
རི་བོའི་གཏོས་དང་མཉམ་པའི་གླེགས་བམ་དེ་ཚོ་རྩ་ཆེན་པོ་དང་གལ་ཆེན་པོ་རེད། ད་ལྟ་དེའི་རྩེར་སྙོབས་མཁན་ཞིག་སློབ་ཕྲུག་ཚོའི་ནང་ཉུང་ནས་ཉུང་དུ་འགྲོ་གི་ཡོད་པ་རེད། ད་ང་ཚོས་དེ་ལ་ཐབས་ཤེས་ཤིག་བྱེད་དགོས་རེད་མ་གཏོགས་ཐབས་ཤེས་ཤིག་མ་བྱས་ན་དེ་ཚོ་བརླག་ཉེན་ལ་ཐུག་བསྡད་ཡོད་པ་རེད།
ཐབས་ཤེས་ཡོད་པ་རེད་པས་ཟེར་ན་ཡོད་པ་རེད། ང་ཚོས་སྐས་འཛེགས་ཤིག་བཟོས་དགོས་པ་རེད། སྐས་འཛེགས་ཤིག་བཟོས་པ་ཡིན་ན་རི་བོའི་རྩེ་ལ་སླེབས་ཐུབ་གི་རེད། སྐས་འཛེགས་དེ་ཡང་བྱིས་པ་ཚོའི་གཟུགས་དང་རྐང་པའི་རིང་ཐུང་ལ་བལྟས་ནས་སྐས་རྐང་རེ་རེའི་བར་ཐུང་ང་བྱས་ནས་བཟོ་དགོས་པ་རེད།
སྐས་འཛེགས་བཟོས་ན་འགྲིགས་གི་མི་འདུག སྔོན་གྱི་མཁས་པ་ཚོ་སྙོབས་ས་ཞིག་ལ་ད་ལྟའི་མི་ཚོ་མ་སྙོབས་པ་ག་རེ་རེད་ཟེར་ན་གནས་ཚུལ་ལོགས་ཀ་རེད།
ཡ། ད་སྐས་འཛེགས་ཇི་ལྟར་བཟོ་གི་ཡིན། ཞི་ལི་ལ་སྐས་འཛེགས་གཅིག ཞི་མོ་ལ་སྐས་འཛེགས་གཅིག་བཅས་རེ་རེ་བཟོ་གི་ཡིན་ནམ། ཞི་ལི་ཞི་མོ་གཉིས་ཀས་བེད་སྤྱོད་གཏོང་ཐུབ་པ་གཅིག་བཟོ་གི་ཡིན།
སྐས་འཛེགས་དེ་ཡང་། ལྟེབས་རྒྱུ་དང་རྐྱོངས་རྒྱུ་གཉིས་ཀ་ཡོད་མཁན།
ས་ཆ་དམའ་སར་སླེབས་ན་ཐུང་དུ་བཏང་ཆོག་པ། ས་ཆ་མཐོ་སར་སླེབས་ན། རིང་ཏུ་བཏང་ཆོག་པ། དེ་འདྲ་ཞིག་དགོས་རྒྱུ་རེད། འོན་ཀྱང་། བོད་ཀྱི་ཞི་ལི་ཞི་མོ་འདི་ཚོ་གཤིས་ཀ་རྩུབ་པོ་རེད། ང་ཚོའི་ཕ་མེས་ཚོ་ཡོང་ས་རི་མཐོ་ས་དང་ས་གཙང་ས་ནས་རེད། ས་དེ་གཙང་མ་གཅིག་པོ་མ་རེད་རྩུབ་པོ་ཡང་རེད་འདོད། ང་ཚོའི་མི་གཤིས་ཅུང་ཙམ་རྩུབ་པོ་འདུག
ཡང་། ཞི་ལིས། “ཨ་ཕ། ང་ལ་སྐས་འཛེགས་འདི་མི་དགོ་ སྐས་འཛེགས་གཞན་ཞིག་འཁྱེར་ཤོག་”ལབ་ན། ཡང་ཨ་རྒན་རྒྱུགས་དགོས་རྒྱུ་རེད། ད་དཀའ་མོ་རེད།
ཡིན་ན་ཡང་། སྐས་འཛེགས་ཤིག་མེད་དུ་མི་རུང་བ་ཡིན་ན་ནི། ངེས་པར་དུ་བཟོ་དགོས་རྒྱུ་རེད། ཁྱིམ་མཚེས་ཚོའི་མཉམ་དུ་གྲོས་བསྡུར་བྱས་ནས་སྐས་འཛེགས་ཡག་པོ་གཅིག་བཟོ་ཐུབ་ན། རྗེས་མ། བྱིས་བ་ཚང་མས་མཉམ་པོར་བེད་སྤྱོད་གཏོང་ཐུབ་པ་དང་གཏོང་བདེ་བ་ཞིག་ཡོང་གི་རེད།
མདའ་ཚན་པ་ལགས།
སྐད་ཆ་དེ་ཤིན་ཏུ་ནས་བདེན་པ་རེད།འཐད་པ་བྱུང།ང་ཚོས་ངེས་པར་ཏུ་དེ་ལྟར་བྱེད་དགོས་བ་རེད།རྒྱུ་མཚན་ཅི་ཡིན་མི་ཤེས།ཕྲན་གྱིས་དེང་སྐབས་སྔོན་གྱིས་མཁས་བ་དག་གིས་བརྩམས་པའི་གསུང་འགའ་རེ་ཀློག་དུས་མིག་ཆུ་རང་དབང་མེད་པ་ཤོར་ཡོང་གིན་འདུག།ནུབ་ཀྱི་རྩེར་སོན་པའི་རྩོམ་ག་འདྲ་ཀློག་ཀྱང་དེ་ལྟ་བུ་ཤིག་ཡོང་གི་མི་འདུག།ངས་འདིའི་སྐོར་ལ་བསམ་བློ་མང་པོ་བཏང་མྱོང།གཅིག་བྱས་ནས་ཆུང་བྱིས་བའི་དུས་ཀྱི་བག་ཆགས་འདྲ་ཡིན་ནམ།གསལ་བོ་བཤད་རྒྱུ་མེད་།དེ་བས་དེང་དུས་དེང་རབས་ཅན་ཟེར་བ་དང།ཚན་རིག་ཟེར་བ།དེ་བཞིན་རྩོམ་རིགས་ཟེར་བའི་སྐད་ཆ་ཆེན་པོ་རང་གིས་ཀྱང་གསལ་བོ་ཧ་མ་གོ་བ་ཤིག་ཁྱེར་ཡོང་ནས་།སྐད་ཆ་ཆེན་པོ་འགའ་བཤད་ན་སེམས་ནས་མི་བཟོད་པའི་སེམས་ཁྲལ་དང་།ཡིད་མུག་ཅིག་ཡོང་གིན་འདུག།ཡིད་ཆེས་བྱོས།ང་ཆུང་དུས་ནུབ་ཀྱི་རིག་གཞུང་གི་རྩ་གནད་ལ་འདྲིས་ཆ་ཅུང་ཙམ་ཡོད་པའི་མི་ཤིག་ཡིན།་ག་རེ་ལབ་ཀྱིན་ཡོད་པ་ཧ་གོ་མཁན་ཤིག་ཡིན།
བོད་ཡིག་བརྗོད་པའི་བར་ལ། བར་སྟོང་བཞག་ནས་བྱིས་བ་ཚོར་བོད་ཡིག་སློབས་ཀྱི་ཡིན་ནམ། དཔེར་ན། དེ་རིང་ ནམ་མཁར་ སྤྲིན་པ་ ཉུང་བ་ མ་ཟད་ ཉི་མ་དྲོ་ ལྟ་བུ།
བརྗོད་པ་ཐུང་དུ་བཏང་། ཚིག་ཉུང་ངེར་བྱས། དོན་འདུས་བ་བྱས་ནས་བོད་ཡིག་སློབས་ཀྱི་ཡིན།
དཔེར་ན། དེ་རིང་། ནམ་མཁར་སྤྲིན་པ་ཉུང་། གནམ་ངོ་དྭངས། ཉི་མ་དྲོ། ལྟ་བུ།
བསམ་བློ་ཞིབ་ཏུ་གཏོང་རྒྱུ་འདུག་སྙམ། ཞི་ལི་ཞི་མོ་རྩུབ་པོ་འདི་ཚོའི་ཁ་ལ་སྐད་ཡིག་གི་བརྗོད་པ་འཇམ་པོ་མར་ལྟ་བུ་ཞིག་བྱུགས་དགོས་རྒྱུ་དེ་རེད། མ་རེད་དམ།
རེད་ལགས། ངས་ཀྱང་སྔོན་མ་ཞིག་ནས་དྲན་མྱོང་བ་ཞིག་ལ། ད་ཡང་དཔེ་ཞིག་འཇོག་དགོས་ཆགས་སོང་། དཔེ་འདི་ལ་མིག་དཔེ་ལྟ་བུར་མི་འཛིན་པ་ཞུ། ཌོག་ཊར་སུའུ་སི་ ཞེས་པའི་དབྱིན་ཇིའི་བྱིས་སྒྲུང་གྲགས་ཅན་འདྲི་མཁན་དེས། ཚིག་འབྲུ་ ༥༠ ཡིན་ནམ་ཅིག་སྤྱད་ནས་བྱིས་པའི་སྒྲུང་ཞིག་བྲིས་པ་རེད་ཟེར། ཞྭ་མོ་གོན་པའི་ཞི་མི་ཟེར་བ་སོགས་ཡིན་པ་འདྲ། ཚིག་འབྲུ་ཉུང་། རྗོད་པ་ཐུང་ངུར་བཏང་ནས་བྲིས་ན་ཡག་པོ་ཡོང་རྒྱུ་གཏན་འཁེལ་བ་རེད།
རི་བོང་གཅིག རི་བོང་གཉིས།
རྩྭ་གང་དུ་ཡོད། ཆུ་གང་དུ་ཡོད།
རི་བོང་གཅིག་ རི་བོང་གཉིས།
རྩྭ་རི་ལ་ཡོད། ཆུ་ལུང་ལ་ཡོད༎
རི་བོང་གཅིག་ རི་བོང་གཉིས༎
རི་གང་དུ་ཡོད། ལུང་གང་དུ་ཡོད།
རི་བོང་གཅིག་ རི་བོང་གཉིས
རི་བོད་ལ་ཡོད། ལུང་བོད་ལ་ཡོད།
གོང་གི་འདི་ ཚིག་འབྲུ་ བཅུ་ ཡིས་གྲུབ་ཡོད། དཔེ་མཚོན་ཡིན་ནོ༎
I think it is waste paper if you make a big space without (. )tsack when you write Tibetan on the notebook.
࿋དེ་རིང་ཡང་དུས་ཚོད་ཅུང་ཙམ་ཡོད་པས་བསྐྱར་དུ་དྲ་གྲོགས་རྣམས་དང་ལྷན་དུ་ཁ་བརྡ་ཅུང་ཙམ་བྱེད་ཡ།
མི་མང་བོ་ཞིག་གི་བསམ་ངོར་བོད་ཡིག་ལ་བར་སྟོང་བཞག་ན་ཀློག་བདེ་བོ་ཡོང་གི་རེད་དྲན་གྱིན་ཡོད་ས་རེད།
ངས་དེར་ངོས་ལེན་བྱེད་ཐུབ་ཀྱི་མི་འདུག རྒྱུ་མཚན། གཅོད་མཚམས་གསལ་བོ་མི་ཤེས་པར་ཀློག་སྐབས་དཀཌྷའ་ངལ་ཅུང་ཙམ་རེ་འཕྲད་བཞིན་ཡོད་པ་དངོས་ཡོད་རེད། འོན་ཀྱང་བར་སྟོང་བཞག་པ་ཙམ་གྱིས་ཁོང་ཚོའི་དཀའ་ངལ་སེལ་ཐུབ་རྒྱུ་མ་རེད།
ཀློག་སྐབས་གཅོད་མཚམས་མི་ཤེས་མཁན་ཞིག་གིས་འབྲི་པའི་དུས་སུ་གཅོད་མཚམས་བཞག་ཤེས་ཀྱི་མ་རེད།
དེར་བརྟེན་སླར་ཡང་བོད་ཡིག་གིས་ཁྱབ་ཚད་ལ་ཚད་བཀག་ཐེབས་སྲིད་རྒྱུ་རེད། ཌྷམཚམས་ཤིག་བོད་ཡིག་ཀློག་དང་འབྲི་མཁན་གཉིས་ཁ་གྱེས་ནས་འགྲོ་རྒྱུ་ངན་རྟགས་རེད་ཡ།
དེ་བས་བོད་ཡིག་ལ་གང་ཐུབ་ཀྱིས་སློབ་སྦྱོང་འདྲ་བྱས་ན་གཞི་ནས་དཀའ་ངལ་དེ་སེལ་རྒྱུ་རེད་ཡ།
གང་ལྟར་ངས་ཡང་བསྐྱར་བཤད་རྒྱུ་ཞིག་ལ། བར་སྟོང་འཇོག་དགོས་པའི་བསམ་ཚུལ་འདོན་མཁན་འདིའི་རིགས་ཀྱིས་ཀློག་པའི་དུས་མ་གཏོགས་བོད་ཡིག་འབྲི་བའི་ཚེ་བསམ་བློ་གཏོང་གི་ཡོད་ས་མ་རེད། དེ་ཕཱྀྱོགས་གཅིག་ཁོ་ནར་སོང་བས་སྐྱོན་འདུག
གོ་བ་ མེད་པའི་ གླང་རྒན་ ལ། །
རྒྱལ་བོའི་ བཀའ་ ལས་ དབྱུག་པ་ བཙན། །
བསྟན་འཛིན་བདེ་སྐྱིད་ལགས་ཀྱིས་ཀློག་ཡ་རང་མ་གཏོགས་རང་གིས་བྲི་ཡ་བསམ་བློ་ཁོ་རང་འཁོར་ཡོད་ས་མ་རེད། གལ་སྲིད་འབྲི་བའི་སྐབས་གང་ན་བར་སྟོང་འཇོག་དགོས་པར་ཤེས་པ་ལ། དེའི་དོན་ཤེས་པ་སྔོན་དུ་འགྲོ་དགོས་པས། དོན་གོ་བའི་ཆེད་དུ་བར་སྟོང་འཇོག་ཟེར་བ་དེ་ཀློག་ཡ་ཁོ་ན་ནས་རང་གིས་བོད་ཡིག་འབྲི་རྩོམ་བྱ་སྙམ་པའི་བསམ་བློ་ཁྱོན་ན་འཁོར་མེད་པའི་ཚོར་སྣང་བྱུང༌།
ཁྱེད་ཚོས། ཚིག་ཚོགས་རིང་པོ་འདྲ་འབྲི་བ་ལས། བརྗོད་པ་ཐུང་དུ་བཏང་། ཚིག་ཉུང་ངུར་བཏང་། གོ་བདེ་བྱོས། ཐོར་བུ་བཀྲམས་ནས་བྲིས་ན་། མི་འགྲིག་གམ།
བོད་སྐད་ཉམས་པའི་རྒྱུ་གཅིག་ནི། ཕྱི་རྒྱལ་སློབ་ཕྲུག་ཚོར་བོད་སྐད་སློབ་ཡེ་ཀློག་དེབ་ཁ་མ་མཐུན་པ་ཁ་ཤས་ཡོད་ཀྱང་། བོད་པས་བོད་སྐད་སྤྱོང་དེབ་སྤྱི་མཚུངས་ཤིག་མེད་པ་དེས་ལན་པ་རེད། དེ་མེད་པ་ཡང་། དང་པོ་བཟོ་མཁན་ཁོང་གི་དབུ་ལ་རྙིང་ཞེན་རིང་ལུགས་པས་རྒྱུག་བརྡུང་རག་རྒྱུ་ཐག་ཆོད་པ་ཡིན་ཙང་མ་བཟོས་པ་འདྲ།
མགོ་རིལ་ལགས་ནས་
ཉེ་ཆར་སྤེལ་བའི་རྩོམ་ཡིག་གཅིག་ཏུ་བོད་ཡིག་དེ་བོད་པའི་བུ་གུ་ཚོས་ཀློག་བདེ་དང་ཀློག་འདོད་ཡོང་ཆེད་དུ་ཡི་གེའི་གཅོད་མཚམས་ལ་འགྱུར་བ་གཏོང་དགོས་སྟངས་དང་། དེ་དགོས་མིན་དེ་ཡི་གེ་སློབ་མཁན་གྱི་དགེ་རྒན་དག་ལ་རྒྱུས་མངའ་ཡོད་ཚུལ་སོགས་མང་པོ་བཤད་འདུག་མོད། རྒྱུ་མཚན་ཡང་དག་གཅིག་ཏུ་མཐོང་མ་སོང་། གང་ཡིན་ཟེར་ན། དཔེར་ན་རྩམ་པ་ཟ་འདོད་ཡོང་བ་ལ་བུ་གུ་དེའི་གྲོད་ཁོག་ལྟོགས་དགོས་ཀྱི་རེད་མ་གཏོགས། ཟ་འདོད་ཡོང་ཆེད་རྩམ་པའི་ནང་རྫས་གཞན་མང་པོ་བླུགས་ན་རང་བཞིན་གྱིས་བོད་རང་གི་ཐུན་མོང་མ་ཡིན་པའི་རྩམ་པའི་བྲོ་བ་དེ་ཡང་བརླག་འགྲོ་བ་གཏན་འཁེལ་རེད། དེ་ལྟ་ན་མི་རིགས་གཞན་གྱིས་སྨན་རྫས་བཞིན་མཐོང་བཞིན་པའི་རྩམ་པ་དེ་ཡང་རིམ་གྱིས་གནོད་འཚེ་ཅན་གྱི་ཟས་སུ་མི་བརྩི་བའི་ངེས་པ་མེད།
འཇམ་དབྱངས་ཐོན་མིའི་རྣམ་དཔྱོད་སོར་མོའི་སྤུ་རྩེ་ལས། །
འཁྲུངས་པའི་བར་སྟོང་སྦྱོར་ཚུལ་ལ་སོགས་མ་ནོར་བ། །
མཛད་པའི་བཀའ་དྲིན་ཆ་ཤས་ཙམ་ཡང་མི་དྲན་པར། །
བྱུང་བརྒྱར་སྨྲ་བའི་མི་བུ་དག་ནི་སྙིང་རྗེའི་གནས། །