པདྨ་ཆོས་སྒྲོན།
( ༡༩༥༩——༢༠༡༥)
གླེང་བརྗོད།
“གོར་མོ་རྡོ་འཁྱེར་ནས་རྒྱ་མི་དང་འཐབ་རྒྱུ་མ་ཡིན་པར། སྒུར་སྒུར་ཕྱག་འཚལ་ནས་རྒྱ་དམག་རང་ཡུལ་ལ་སློག་ཐབས་བྱེད་དགོས།” སྤྱི་ལོ་༡༩༥༡ ལོའི་ཟླ་༥ ཚེས་༢༣ ཉིན་རྒྱ་གཞུང་གིས་བཙན་ཤེད་ཀྱིས་བོད་རྒྱ་བར་དུ་གྲོས་མཐུན་དོན་ཚན་བཅུ་བདུན་ཞེས་པར་མིང་རྟགས་བཀོད་དུ་བཅུག་རྗེས། ཁོང་ཚོའི་ཁྲིམས་འགལ་དབང་བསྒྱུར་སྲིད་ཇུས་བོད་དང་རྒྱལ་ས་ལྷ་སར་ལམ་ལྷོངས་དང་ཁྱབ་བརྡལ་ཡོང་སླད་དུ། མཐུན་ལམ་ལ་ཁ་གཡར་ནས་བོད་ཀྱི་མཐོ་རིམ་སྐུ་དྲག་གི་ལྕམ་སྐུ་ཚོ་གསོལ་སྟོན་ལ་འབོད་སྐོང་སོགས་ཀྱི་ལམ་ནས་འཇམ་བསླུ་བྱེད་འགོ་བཙུགས་ཐོག སྤྱི་ལོ་༡༩༥༢ ལོའི་ཟླ་༥ ནས་དམག་དཔོན་ཕན་མིང་གི་བཟའ་ཟླདང་གཞན་གསུམ་(རྒྱབ་ཏུ་རྒྱ་གཞུང་གི་བཀོལ་བྱུས་ཡོད་པ)གྱིས་དངོས་སུ་ལྷ་སའི་ཞྭ་སྒབ་པའི་སྤྲོ་ཁང་དུ་སྟག་ལྷ་ཚེ་རིང་སྒྲོལ་མ་དང་། ང་ཕོད་ཚེ་བརྟན་སྒྲོལ་དཀར། ཟུར་ཁང་བདེ་སྐྱིད་ལྷ་མཛེས། མདོ་མཁར་རིག་འཛིན་བུ་འཁྲིད། བསམ་ཕོ་གཡུ་སྒྲོན། བཤད་ཟུར་ལྷ་ལྕམ། ཚ་རོང་པདྨ་སྒྲོལ་དཀར་སོགས་ཀྱིས་གཙོས་མི་དྲག་ཁག་གི་ལྕམ་དང་ལྕམ་ཆུང་ཉི་ཤུ་སྐོར་ཚོགས་འདུར་བསྐངས་ཏེ་ཡཱང་ཀང་གིས་སྐད་སྒྱུར་བརྒྱུད། གྲོས་མཐུན་དོན་ཚན་བཅུ་བདུན་ལག་བསྟར་དོན་འཁྱོལ་ཡོང་བར་ལྷ་སར་རྒྱལ་གཅེས་བུད་མེད་ཚོགས་པ་འཛུགས་དགོས་པའི་བསྐུལ་མ་བྱས།
སྟག་ལྷ་ཚེ་རིང་སྒྲོལ་མ་གཙོས་པའི་ཁོ་མོ་ཚོའི་ངོས་ནས་དོན་དེ་ཁོང་ཚོ་རང་ངོས་ནས་ཐག་གཅོད་ཐུབ་པ་ཞིག་མིན་པར་ངེས་པར་བོད་གཞུང་བཀའ་ཤག་ལ་དགོངས་བསྐོར་ཞུ་དགོས་ཚུལ་གསུངས་པ་བཞིན། བོད་ཀྱི་བུད་མེད་འཐུས་མི་མདོ་མཁར་རིག་འཛིན་བུ་འཁྲིད་དང་བཤད་ཟུར་ལྕམ་གཉིས་ཀྱིས་བཀའ་ཤག་ལ་སྙན་གསེང་ཞུས་པར་བཀའ་ཤག་ནས་དེར་ཆོག་མཆན་གནང་ནས་ཚོགས་པ་དངོས་སུ་བཙུགས། ཡིན་ནའང་། རྒྱལ་གཅེས་བུད་མེད་ཚོགས་པ་བཙུགས་པ་དང་བསྟུན། ཁོང་ཚོ་རྒྱ་གཞུང་གི་ལྐོག་གཡོ་འོག་ཏུ་ཕྱིན་ཡོད་མེད་ལ་མ་ལྟོས་པར། རང་རེའི་སྤྱི་ཚོགས་ཁྲོད་རྒྱ་ཕྱོགས་ཀྱི་འདོད་དོན་བསྒྲུབས་ནས་རང་གཞུང་གི་འགལ་ཟླ་ལངས་དོགས་ཀྱི་མཐོང་ཕྱོགས་དང་བཤད་ཚུལ་བྱུང་བས། སྤྱི་ལོ་༡༩༥༩ ཟླ་༣ ཚེས་༡༠ ཉིན་བོད་རྒྱལ་ཁབ་ལ་ཆག་འཇིག་གི་དུས་ངན་དངོས་སུ་མ་བྱུང་ཡར་སྔོན་ནས། བུད་མེད་ཁག་ཅིག་དུས་རྒྱུན་བསང་གསོལ་གོ་སྒྲིག་གི་མིང་ཐོག་ནས་འདུ་འཛོམས་ཀྱིས་སྐབས་དེའི་ཆབ་སྲིད་གནས་བབ་བློས་སློང་དང་གོ་བསྡུར་བྱེད་ཀྱིན་ཡོད་ལ། ཟླ་༣ ཚེས་༡༢ ཉིན་དངོས་སུ་ལྷ་སའི་འབྲས་བུའི་གཡུལ་ཁའི་ཐང་སྟེང་དུ་ཚོགས་འཛོམས་ཀྱིས་གྲོས་བསྡུར་རིམ་པ་བརྒྱུད་མིང་དོན་མཚུངས་པའི་བོད་ཀྱི་བུད་མེད་ཚོགས་པ་དངོས་སུ་བཙུགས་པའི་ཐག་བཅད་ཅིང་། ཟླ་དེའི་སྤྱི་ཚེས་༡༤ ཉིན་ཚེ་སྨོན་གླིང་དུ་ལས་ཁུངས་དབུ་འབྱེད་གནང་། དེ་ནས་སྔ་ཕྱི་ཐེངས་གསུམ་འདུ་འཛོམས་བྱས་རིང་། ཁོང་ཚོས་རྒྱ་དམར་གྱི་དྲག་གནོན་དང་བསླུ་བྲིད་ལ་མགོ་བོ་མ་སྒུར་བར། བོད་རང་བཙན་རྩོད་ལེན་བྱ་རྒྱུར་སེམས་ཐག་གཙང་བཅད་ཀྱིས་ལས་འགུལ་སྤེལ་ཕྱོགས་སྐོར་ལ་བཀའ་མོལ་གནང་ཞིང་། ཟླ་དེའི་སྤྱི་ཚེས་༡༩ ཉིན། འབྲས་བུ་གཡུལ་ཁའི་ཐང་སྟེང་འདུ་གསུམ་ཐེངས་གསུམ་པ་འཛོམས་པ་དང་བོ་བསྟུན། གཟུགས་ཚད་དང་རྒྱགས་ལོག་འཚམས་ཤིང་། བཞིན་རས་དཀར་མདངས་རྒྱས་པ།སྤྱན་ཟུང་ཆེ་བ། ཐུགས་སྒམ་པ་ཅན་གྱི་གུར་སྟེང་ཀུན་བཟང་ལགས་དེ་ཉིད་དུས་རྒྱུན་གྱོན་གོས་ཚོན་མདོག་ནག་ཤས་ཅན་གྱོན་རྒྱུར་དགའ་ཡང་། དེ་ཉིན་ཕྱུ་བའི་སྐེད་རགས་མཐོ་བོར་བཅིངས་ཤིང་རྐེད་པར་དཀྲུམ་མདའ་ཞིག་བཏགས་ནས་བོད་ཀྱི་བུད་མེད་གྱེན་ལངས་ཀྱི་བཀོད་འདོམས་དབུ་ཁྲིད་མཛད།
དགྲ་རྒོལ་འཐབ་རྩོད་ལ་ཞུགས་པའི་བུད་མེད་རྣམས་ཀྱིས་སྐབས་དེར་ལས་དོན་གནང་ཕྱོགས་ཀྱི་གྲོས་འཆམ་བྱུང་བའི་བླང་དོར་བྱེད་སྒོའི་མནའ་གན་མཐུ་མོ་ཆེ་བཞག་གནང་བའི་ནང་དུ། “ང་ཚོ་བོད་ཆོལ་ཁ་གསུམ་གྱི་བུད་མེད་ཚང་མ་མ་གྲོས་བསམ་པ་གཅིག་མཐུན་གྱིས། རྒྱ་དམར་གུང་ཁྲན་ལ་ངོ་རྒོལ་མཐར་ཕྱིན་གྱིས། བོད་རང་དབང་རང་བཙན་སྔར་སོར་ཆུད་པའི་ལས་འགུལ་ལ་འབད་བརྩོན་ཞུ་རྒྱུ་བློ་ཐག་གཙང་བཅད་ཟིན་པས། ༸གོང་ས་སྐྱབས་མགོན་ཆེན་པོའི་སྐུ་ཕྱྭ་དང་བོད་བསྟན་སྲིད་ཀྱི་བདེ་དོན་གཟི་བརྗིད་ཆེ་བའི་བསྒྲུབ་བྱ་རླབས་པོ་ཆེ་འདིའི་དམིགས་ཡུལ་ལག་ལེན་ཞི་དྲག་གང་ལ་ཐུག་ཀྱང་། ང་ཚོ་བུད་མེད་ཚང་མས་རང་སྲོག་བློས་བཏང་གིས་དཀའ་ངལ་གདོང་ལེན་བྱ་རྒྱུར་ཚང་མས་སྤྱི་མོས་བྱུང་ཞིང་། དེ་ལྟར་ཚང་མས་ཁ་ཞེ་ངོ་ལྐོག་མེད་པའི་སྲི་ཞུ་སྒྲུབ་མཁན་རྣམས་ལ་ལྷ་སྲུང་མཐུ་རྩལ་ཅན་རྣམས་ཀྱིས་ཉིན་མཚན་ཀུན་ཏུ་སྲུང་སྐྱོབ་གདོང་གྲོགས་འཕྲིན་ལས་མ་ཡིས་བུ་ལ་བརྩེ་བ་བཞིན་དང་། བློ་རྩེ་ཕྱིར་གཏོད་མགོ་བདེ་དྲན་འཕྲུལ་བྱེད་མཁན་སོམ་ཉི་ཅན་རྣམས་ལ་ཡེ་ཤེས་ཀྱི་ཐོག་མདས་ཚར་དུ་ཆོད་ལ།སྙིང་ཁྲག་དྲོན་མོ་ཞལ་དུ་འདེབས་པ་གདོན་མི་ཟ།” ཞེས་གསལ་བ་བཞིན།
སྔ་ཕྱི་རུ་བདེ་སྐྱིད་གླིང་ཁར་ཡོད་པའི་རྒྱ་གར་གཞུང་ཚབ་དང་། བལ་པོའི་གཞུང་ཚབ། ཀ་ཤི་སྨིར་ཁ་ཆེའི་དཔོན་པོ།ཁྲོམ་གཟིགས་ཁང་དུ་ཡོད་པའི་འབྲུག་པ་ལོ་ཕྱག་བཅས་སུ་བོད་དོན་རེ་སྐུལ་སྙན་ཞུ་ཕུལ་འདུག་ལ། ཡང་དམངས་ཁྲོད་དུ་སྤྱི་ལོ་༡༩༥༩ ཟླ་༣ ཚེས་༡༠ ཉིན་གྱི་མི་དམངས་གྱེན་ལངས་ཀྱི་སྣེ་ཁྲིད་གཙོ་བོ་ནི་སྐབས་དེའི་བུད་མེད་ཚོ་ཡིན་པའི་བཤད་ཚུལ་ཡང་ཡོད་པ་རེད།
གང་ལྟར་བོད་ཀྱི་ལོ་ནག་དེ། སྤྱི་ལོ་༡༩༥༩ ལོའི་བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་༸གོང་ས་རྒྱལ་བ་ཡིད་བཞིན་ནོར་བུ་གཙོས་པའི་བོད་འབངས་བརྒྱད་ཁྲི་ལྷག་བཙན་བྱོལ་དུ་འཁྱར་ནས་རྒྱ་གར་ཏུ་འབྱོར་པ་བཞིན། ལོ་དེའི་སྟོན་ཁ་ཡས་མས་སུ་ཀ་བློན་སྦུག་ཏུ་འབྱོར་བའི་བོད་ཀྱི་བུད་མེད་རྣམས་ཀྱིས་བོད་རྒྱལ་ཁབ་ཀྱི་གནས་སྟངས་འདི་ལྟ་བུར། རང་དབང་ཡུལ་དུ་འབྱོར་བ་རྣམས་འདི་མུར་ལྷོད་སྡོད་བྱེད་ཐབས་མེད་པར། ལྷ་སའི་བུད་མེད་ཚོགས་པའི་ལས་དོན་ཀྱི་མཇུག་སྐྱོང་ཆེད། བུད་མེད་ཚོགས་པ་ཞིག་བཙུགས་དགོས་པའི་བགྲོ་གླེང་ལྷུག་པོར་གནང་བ་བཞིན། བོད་ཀྱི་རྒྱལ་ས་ལྷ་སར་བོད་ཀྱི་བུད་མེད་ཚོགས་པ་བཙུགས་ནས་ལོ་གཅིག་ཏག་ཏག་འདས་པའི་ཉིན་དེ་ཕྱི་ལོ་༡༩༦༠ ཟླ་༣ ཚེས་༡༢ ཉིན་བཙན་བྱོལ་ནང་བོད་ཀྱི་བུད་མེད་ཚོགས་པ་བཙུགས་པའི་གསལ་བསྒྲགས་བྱས་ཤིང་། ཕྱིས་སུ༸གོང་ས་མཆོག་ནས་ཚོགས་པའི་མཚན་ལ་ཀ་རྡོར་བུད་མེད་མཐུན་གྲོགས་ཞེས་བཏགས་གནང་འདུག
ལོ་དེའི་ཟླ་༤ ཚེས་༡༩ ཉིན་རྒྱ་ནག་གཞུང་གི་སྲིད་བློན་ཀྲའོ་ཨིན་ལེ་རྒྱ་གར་ལ་འོང་སྐོར་ཐོས་འཕྲལ།སྐབས་དེའི་བུད་མེད་ཚོགས་པའི་གཙོ་འགན་འོགམི་མང་རྣམས་ཀ་སྤུག་ནས་ཕྱོགས་ཐོན་གྱིས་ལྡི་ལིར་ངོ་རྒོལ་བྱེད་ཆེད་དུ་བསྐྱོད་གཏན་འཁེལ་བ་བཞིན་ལམ་དུ་ཆས། ཡིན་ནའང་། མི་མང་རྣམས་ཤི་ལི་གུ་རིེར་འབྱོར་མཚམས་རྒྱ་གར་གཞུང་གིས་ཁོང་ཚོ་ལྡི་ལིར་འགྲོ་མི་ཆོག་པའི་བཀའ་རྒྱ་ཕེབས་པ་བཞིན་རྒྱ་གར་ས་གནས་སྐོར་སྲུང་བས་བཀག་འགོག་བྱས་འདུག བཀག་འགོག་བྱས་མིན་ལ་མ་བལྟས་པར་གཞིས་རྩེ་ནོར་ཡོན་བདེ་དབང་དང་ཁང་དམར་ཨེ་ཞུ་བའི་བདེ་ཆེན་མཚོ་མོ། འབྲི་གུང་གནས་མོའི་ཟླ་སྒྲོན་(མངལ་སྤྲུམ་ནས་ཟླ་བ་བདུན་འགྲོ་ཡི་ཡོད་སྐད)རང་སྲོག་བློས་གཏོང་གིས་མེ་འཁོར་མདུན་གྱི་ལྕགས་ལམ་སྟེང་ཉལ་བས། མེ་འཁོར་དུས་ཐོག་འགྲོ་མ་ཐུབ་པར་སྐར་མ་༤༠ཙམ་རིང་བཀག་ཐུབ་པ་བྱུང་མཐར། གྲོང་ཁྱེར་སྤྱི་ཁྱབ་དཔོན་སླེབས་ནས་ཁོང་ཚོར་སེམས་གསོ་དང་བཅས་ཕྱིར་ལོག་ཏུ་བཅུག་འདུག
དེ་དང་དེ་ལ་སོགས་པའི་ཆབ་སྲིད་ཀྱི་ལས་འགུལ་གྱི་ཁུར་འགན་གཙོ་བཞེས་ཐོགལག་ཤེས་བཟོ་གྲྭ་བཙུགས་ནས་མི་མང་གི་འཚོ་བར་རོགས་ཕན་ཞུས་པ་སོགས་ལས་དོན་ཆེ་མ་ཆུང་གསུམ་ལ་འབད་འབུངས་གནང་ཡང་། ལས་དོན་གང་ཡིན་ཡང་དར་རྒུད་ཡོད་པ་ཆོས་ཉིད་ལགས་ན། བར་སྐབས་ཤིག་ཅུང་ཟད་འཐུས་ཤོར་དུ་ཕྱིན་ཐོག༸གོང་ས་མཆོག་ནས་དེང་འཛམ་གླིང་སྤྱི་སྲོལ་ལྟར་བུད་མེད་ཚོགས་པ་སྲ་ཐག་ཐག་གཅིག་བྱུང་ན། དགེ་མཚན་ཡོད་ལུགས་བཀའ་སློབ་སྤྱི་ཕེབས་དགོངས་དོན་བཞིན། བཞུགས་སྒར་དུ་གནས་འཁོད་བུད་མེད་བཅོ་བརྒྱད་ཀྱིས་བཀའ་བཟང་དང་ལེན་གྱིས། སྤྱི་ལོ་༡༩༨༤ ཟླ་༩ ཚེས་༡༠ གཟའ་སྐར་འབྱུང་འཕྲོད་དགེ་བའི་ཉིན། ས་གནས་བོད་ཀྱི་བུད་མེད་རྒྱུན་ལས་སྐབས་དང་པོའི་ལས་ཁུར་ཞུས་པ་བཞིན། རང་གཞུང་ནས་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཞིག་ཏུ་དེབ་སྐྱེལ་ངེས་བཞེས་ཐོབ་ཐོགདུས་ཚིགས་དེ་ནི་བོད་ཀྱི་བུད་མེད་ལྷན་ཚོགས་འདི་ཉིད་བཙན་བྱོལ་ནས་སླར་གསོ་བྱས་པའི་ཉིན་མོར་ངོས་འཛིན་ཞུས་ཡོད།
སླར་གསོ་རྗེས་ལས་འགུལ་གྱི་ངོ་བོ་དང་བསྟུན་ནས། སྤྱི་ཚོགས་ཁྲོད་བུད་མེད་ལྷན་ཚོགས་འཛུགས་པའི་རྒྱབ་ལྗོངས་ཀྱི་རྒྱུ་མཚན་དངོས་ལ་ངན་ཇུས་(conspiracy ) བྱེ་བྲག་ཅིག་ཡོད་པའི་གླེང་ཕྱོགས་བྱུང་མིན་ལ་མ་བལྟས་པར། ༸སྤྱི་ནོར་གོང་ས་ཡིད་བཞིན་ནོར་བུ་མཆོག་གི་བཀའ་གསུང་དང་ལེན་དང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་(སྐབས་དེར་བཙན་བྱོལ་བོད་གཞུང་)ཀྱིས་གར་གཏོང་གོ་ཆོད་གནང་རྒྱུར་བློ་ཐག་བཅད་པ་བཞིན། ད་ལྟའི་བར་བོད་མིའི་སྒྲིག་འཛུགས་ཀྱི་བཀོད་ཁྱབ་ཀྱི་རྒྱ་ལས་མ་འདའ་བར་གནང་འདུག
ད་ལྟ་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཁྱབ་ཁོངས་འོག་འཛམ་གླིང་གླིང་ཕྲན་བཞི་༼ཨེ་ཤེ་ཡ་དང་། ཨ་རི། ཡུ་རོབ། ཨོ་སི་ཊེ་ལི་ཡ།༽ནང་ས་གནས་ཡན་ལག་ཁག་ ༥༦ ཡོད་པ་དང་། ཚོགས་མི་༡༧༠༠༠ ལྷག་ཡོད། བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་སྤྱིར་རྒྱ་གཞུང་གི་བཙན་འཛུལ་འོག་བོད་ཀྱི་བདེན་པའི་འཐབ་རྩོད་དང་བོད་ནང་གི་བོད་མིའི་དཀའ་སྡུག་གཙོས། སྒོས་སུ་གཞིས་ལུས་བུད་མེད་ཀྱི་གནད་དོན་ཁག་རྒྱལ་སྤྱིའི་སྡིངས་ཆར་སླེབས་ཐབས་དང་རྒྱལ་སྤྱིའི་རྒྱབ་དཔུང་ལ་བརྟེན་ནས་རྒྱ་གཞུང་ལ་གནོན་ཤུགས་སྤྲོད་རྒྱུར་འབོད་སྐུལ་བྱེད་ཀྱི་ཡོད་ལ། ཡང་བཙན་བྱོལ་དུ་ཡོད་པའི་བོད་ཀྱི་བུད་མེད་ཚོར་སྤྱི་ཚོགས་དང་། ཆབ་སྲིད། དཔལ་འབྱོར། འཕྲོད་བསྟེན། ཤེས་ཡོན་བཅས་ཀྱི་ནུས་སྟོབས་གོང་སྤེལ་གཏོང་ཐབས་དང་། རང་རེའི་ཆོས་དང་རིག་གཞུང་། རྒྱུན་སྲོལ། སྐད་ཡིག་སོགས་ལ་བདག་གཅེས། སྤྱི་ཚོགས་ནང་ཤེས་ཡོན་བརྒྱུད་ལམ་བསྐྲུན་པ་དང་ཡིག་ཆ་འགྲེམས་སྤེལ། གོ་རྟོགས་ལས་འགུལ་ཁག་བརྒྱུད་ནས་བདག་ཉར་རྒྱུན་འཛིན་བྱེད་ཀྱི་ཡོད། བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་འཛམ་གླིང་གི་སྣེ་མོ་གསུམ་པ་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་དང་དེའི་ཆག་འཇིག་གི་ཛ་དྲག་གནས་སྟངས་ཁག་རྒྱལ་སྤྱིའི་དོ་སྣང་འགུག་ཐབས་ཀྱི་འབད་བརྩོན་དང་བརྡ་ལན་བྱེད་བཞིན་པར་མ་ཟད་རྒྱལ་སྤྱིའི་ཁོར་ཡུག་ཚོགས་འདུ་ཁག་ལ་མཉམ་ཞུགས་ཀྱིས་ལས་འགུལ་སྣ་མང་སྤེལ་གྱི་ཡོད་པ་ལྟར་ལགས།
དེབ་འདིའི་ནང་ཡང་སྤྱི་ལོ་༡༩༥༩ ནས་ད་ལྟའི་(༢༠༡༥)བར་གྱི་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ལོ་རྒྱུས་དང་ལས་འགུལ་གསལ་ཞིང་། ལྷན་ཚོགས་འདིའི་སྔ་ཕྱིའི་རིང་ལས་སྣེ་ཆེ་ཆུང་གི་ཕྱག་ལས་གང་གནང་ཁག་རྣམས་རོབ་བསྡུས་ཀྱི་སྒོ་ནས་བཀོད་འབྲི་བྱས་ཡོད། ཡིན་ནའང་རྒྱུན་ལས་སྐབས་རེ་རེར་ཡིག་ཚགས་ཉར་སྟངས་ལ་ཁྱད་པར་འདུག་པས། སྐབས་རེར་ཡིག་ཆ་བོར་བརླག་གི་འཐུས་ཤོར་གྱི་རྣམ་པ་ཤུགས་ཆེ་བར་བརྟེན་ནས་ཁུངས་སྣེ་མ་བརྙེད་པ་དང་། མགོ་རྔ་སྒྲིག་རྒྱུ་ཁག་པོ་ཡོད་པ་སོགས་ཀྱི་དཀའ་ངལ་མི་ཉུང་བ་ཞིག་དང་འཕྲད་མིན་ལ་མ་ལྟོས་པར་གང་ཐུབ་ཅིག་བཙལ་ནས་བསྒྲིགས་ཁུལ་བྱས་ཡོད།
ཡང་མི་ལོ་འདི་ཙམ་རིང་ལྷན་ཚོགས་འདིས་“གོར་མོ་རྡོ་འཁྱེར་ནས་རྒྱ་མི་དང་འཐབ་རྒྱུ་མ་ཡིན་པར། སྒུར་སྒུར་ཕྱག་འཚལ་ནས་རྒྱ་དམག་རང་ཡུལ་ལ་སློག་ཐབས་བྱེད་དགོས།” ཞེས་པའི་ཆོད་སེམས་ལྟར། བུད་མེད་རང་ལ་མངའ་བའི་སྟོབས་ཤུགས་ཏེ། ཞི་བ་དང་བསྲན་ཚུགས་གཉིས་ཀ་མ་རྩར་བཟུང་ནས། སྡང་དགྲ་རྒྱ་དམར་གྱི་དབང་བསྒྱུར་བོད་ས་ནས་ཕར་བསྐྲོད་དང་ཕྱིར་ལོག་གནང་རྒྱུའི་འོས་འགན་ཕྲག་ཏུ་བླངས་ཤིང་། ཕོ་བསད་མོ་ལ་ཐུག་ཀྱང་། ལག་ཟད་དཔུང་ལ་ཐུག་གི་བར་ཅེས་པའི་དགྲ་རྒོལ་སེམས་ཤུགས་ཀྱིས་བསྐྱེད་པའི་སྙིང་སྟོབས་ལ་ཉམས་པ་མེད་པར་བོད་མི་རིགས་ཀྱི་རྒྱལ་དོན་གལ་པོ་ཆེ་ལ་དཔུང་འདེགས་སྲི་ཞུ་དང་། ལས་འགུལ་སྣེ་ཁྲིད་ཀྱི་ནུས་སྟོབས་རྒྱ་བསྐྱེད་ཀྱི་སྒོ་ནས་ལྷན་ཚོགས་འཐུས་ཇེ་ཚང་དང་ལས་དོན་ཚགས་ཚུད་གནང་ཐབས་བྱས་དང་བྱེད་མུས་རེད།
དེ་བས་དེབ་འདིའི་ནང་དུ་ལས་དོན་ཆེ་ཆུང་གང་བསྒྲུབས་ཁག་ནས་དཔེ་མཚོན་ཙམ་ལས་ཡོངས་རྫོགས་བཀོད་མེད་ལ། ལྷག་པར་ལེའུ་དྲུག་པ་དང་འབྲེལ་བའི་སྲི་ཞུ་གང་གནང་གི་ངོ་བོ་རོབ་ཙམ་ལས་འདི་དང་གན་ཞེས་ངོམ་བཤད་དང་གྲངས་འདྲེན་སྤང་ཡོད་པའི་གསལ་བཤད་ཐུང་ངུ་ཞིག་ཡོད། གཞན་ལས་གཞི་འདི་ཉིད་རྒྱུན་ལས་སྐབས་དགུ་བས་སྐུ་ཞབས་བློ་བཟང་བཀྲ་ཤིས་ལགས་སུ་ཕྱོགས་སྒྲིག་གི་ལས་ཁུར་གནང་ཞིང་། བློ་བཟང་བཀྲ་ཤིས་ལགས་ཀ་སྤུག་སོགས་སུ་ཆེད་བཅར་གྱིས་འདྲི་བ་དྲིས་ལན་དང་གནས་ཚུལ་གང་མང་མཁོ་སྒྲུབ་གསལ་འདོན་གནང་འདུག་ཀྱང་མཇུག་སྐྱོང་ཐུབ་མེད་པས། དབུས་རྒྱུན་སྐབས་བཅུ་བས་གུས་མོར་གནས་ཚུལ་ཁ་སྣོན་དང་འཐུས་ཚང་གཏོང་རེ་གནང་བ་བཞིན། གུས་མོས་ལས་དུས་རིང་གང་ཐུབ་ཅི་ཐུབ་ཀྱི་སྒོ་ནས་ཕྱོགས་ཡོངས་ཀྱི་གནས་ཚུལ་གྱི་སྙིང་བོ་ཕྱོགས་བསྡུས་ཀྱིས་དེབ་གཟུགས་སུ་འབུལ་ལམ་ཞུས་པ་ཡིན།
གོང་ཞུས་ལྟར། བོད་ཀྱི་བུད་མེད་ལ་ཁེར་ཚུགས་ཀྱི་ཚོགས་པ་ཞིག་གྲུབ་པ་ནི་དུས་རབས་གོང་མའི་ལོ་རབས་ལྔ་བཅུ་བའི་ནང་ཡིན་པ་དང་། འདི་ཡང་ཐོག་མར་རྒྱ་དམར་གཞུང་གིས་བཙན་འཛུལ་གྱི་ཡན་ལག་གམ་ཉིང་ལག་ཞིག་གི་ཚུལ་ཏུ་འགོ་འཛུགས་བྱས་འདུག་ཀྱང་། བོད་ཀྱི་བུད་མེད་ཚོགས་པ་ཕྱི་མ་འདི་ནི་མིང་དོན་མཚུངས་པ་ཞིག་ཏུ་གྱུར་བ་དང་། དུས་དེ་ནས་བཟུང་བོད་ཀྱི་དེང་རབས་ལོ་རྒྱུས་ནང་བཙན་རྒོལ་རྒྱལ་སྐྱོབ་ཀྱི་གཡུལ་ས་ན་མེད་ཐབས་མེད་པའི་དཔུང་སྡེ་ཞིག་ཆགས་ཡོད་ལ།ཚོགས་པ་དེའི་རྒྱུན་ནི་ད་ལྟའི་བཙན་བྱོལ་ནང་ཡོད་པའི་དབུས་བོད་ཀྱི་བུད་མེད་ལྷན་ཚོགས་འདི་ཉིད་དོ།།
མཆན།
༡ བོད་ཀྱི་བུ་མོ། (ཨ་མ་ཕྲེང་རིང་རིན་ཆེན་སྒྲོལ་མའི་ལོ་རྒྱུས། བོད་ཀྱི་དཔེ་མཛོད་ཁང་གི་ངག་རྒྱུན་ལོ་རྒྱུས།
༢ བོད་ཀྱི་བུ་མོ། ཨ་མ་ཕྲེང་རིང་རིན་ཆེན་སྒྲོལ་མའི་ལོ་རྒྱུས། བོད་ཀྱི་དཔེ་མཛོད་ཁང་གི་ངག་རྒྱུན་ལོ་རྒྱུས།
༣ སྲིད་དོན་རྒྱལ་རབས། སྨད་ཆ། ཤོག་གྲངས་༥༣༢།༣།
༤ དཔའ་མོ་དྲན་གསོ། ཤོག་གྲངས་༤༤། གཞིས་རྩེ་ནོར་ཡོན་བདེ་དབང་གི་ལོ་རྒྱུས།
༥ བཙན་རྒོལ་རྒྱལ་སྐྱོབ། ཙོང་ཁ་ཚེ་རིང་ལྷ་མོས་བརྩམས་གནང་བའི་གློ་སྒྲིག་འཛུགས་ཀྱི་ཕྱག་དེབ་ཀྱི་ཁ་ཡིག་གི་ཐ་སྙད་ཅིག་ཆགས་ཡོད།
པདྨ་ཆོས་སྒྲོན་གྱིས་སྤྱི་ལོ་ ༢༠༡༥།༤།༢༠ཉིན།
གླེང་བརྗོད་བྲིས་པ་ཧ་ཅང་ཡག་པོ་འདུག བོད་ཀྱི་བུད་མེད་ཀྱི་ལོ་རྒྱུས་དེབ་ཕྲེང་གསུམ་པོས་ལོ་རྒྱུས་ཐོག་བོད་ཀྱི་མེད་ཀྱི་ལོ་རྒྱུས་སྔར་མེད་གསར་དུ་ཡོད་པ་དང་ལོ་རྒྱུས་ཐོག་གི་ཆད་པ་ཁ་སྐོང་གནང་ཡོད་པས་སེམས་གཏིང་ནས་བཀའ་དྲིན་ཆེ་ཞུ།
ཞོར་ནས་དེབ་གསུམ་པོ་ཅིིས་ཀྱང་འབྱོར་ཐབས་གནང་རོགས།
ངས་འདི་ནས་སྒུག་འདུག་ཅེས་ཞུ་འདོད་བྱུང་། ཧ་ཧ་ཧ
སྙན་གསེང་འདི་།སྙན་གསན་དང་། ཕྱུ་བ་འདི་། ཕྱུ་པ་དགོས།
ཀ་རྡོ་ལགས། པ་བ་གཉིས་བཙན་བྱོལ་ནང་བརྩད་ནས་ལོ་མང་སོང་ཟོན། ཐག་ཆོད་མེད། དེ་གཡུག་ཞོག
གསན་དང་གསེང་གཉིས་ལས་སྙན་གསེང་བྲིས་ན་ཡག་གི དོན་ལའང་འབྱོར་ཆེ་གི
སྙན་གསན་ཟེར་ན་གོ་རྒྱུ་ཅང་མི་འདུག
ཧ་ཧ་ཧ
ཆོལ་ཁ་གསུམ་གྱི་བོད་ཁྱོན་ཡོངས་ནང་ལ། ཕྱུ་བ་ཞེས་པའི་དངོས་པོ་གཅིག་མེད། སྙན་གསེང་ཟེར་ན། སྙན་གྱི་བར་ཞེས་པའི་དོན་ལ་གོ་རྒྱུ་ག་རེ་འདུག་གམ། ལགས།
སྙན་གསན་ཟེར་དུས། གོང་མའི་སྙན་དུ་གསན་དུ་བཅུག་པའི་དོན་ལ་གོ་དགོས་རེད་དོ།།
ཧ་ཧ་ཧ་ཧ
ཀ་རྡོ་དྲ་ངོས་སུ་ཡོད་པ་འདྲ། སྙན་གསང་ཟེར་ན་སྙན་མཆོག་གཞན་ལ་མི་གཡེང་བར་འདིར་གསན་ཆེད་དུ་གསང་ཞེས་བྲིས་པའམ། གོ་བར་བྱས་པ་ཡིན་ནམ་སྙམ།
གསང་གི་དོན་ནི་ནགས་གསེང་ལྟ་བུའི་གསང་དེར་མི་གོ་བར་གསང་ནི་གོ་བར་བྱས་པའི་དོན་ལ་འཇུག་པར་སྙམ།
ཕྱུ་བ་དང་ཕྱུ་པ། ངག་ནས་འདོན་སྐབས་ཕྱུ་བ་ཞེས་པས་བ་བྲིས་པ་ཡིན་ངེས།་འདས་པ་ལ་འདས་བ་བྲིས་ཡོད་ས་མང་།
གཞན། གླེང་བརྗོད་འདི་ལས་ཡིག་ནོར་དེ་གཉིས་མ་གཏོོགས་གཞན་དོན་གྱི་ཆ་ནས་ཅང་གོ་ཡོད་ས་མ་རེད་པ། ཧ་ཧ་ཧ། ཀུ་རེ་ཡིན།
དོན་གྱི་ཆ་ནས་གླེང་ཐུབ་ན་ཡག་གི འུ་ཚོས་ནམ་རྒྱུན་གཞན་གྱི་ཡི་གེ་གཅིག་ནོར་བ་ཡན་ལ་སྐྱོན་བཤད་པ་ལས་དོན་དག་གི་ཆ་ནས་ཡོང་གི་ཡོད་མེད་ལ་དོ་སྣང་མི་འདུག དེ་ཡག་པོར་མཐོང་མ་སོང་། ཧཀཧགཀཇགཀཌྷངཌྷསསཀཧངནཌབདཀ
ངས་ནི། མི་སྒེར་པ་སུ་གཅིག་ལ་ཡང་སྐྱོན་འདོགས་བྱེད་འདོད་མེད། བོད་རིགས་སྤྱི་སྐད་འདི་ཉམ་ཆགས་མ་འགྲོོ་བ་དང་། མ་དག་རྒྱུན་འབྱམས་གང་ཉུང་ཉུང་བྱུང་ན་བསམས་ནས་འབྲི་བགྱིན་ཡོད།
དཔེར་ན། དིང་སང་འོས་བསྡུས་སྐབས་སུ་བོད་སྐད་སློབ་སྦྱོང་ཚད་མཐོར་བསླེབས་པ་བོད་སྐད་གསར་འགྱུར་བས། ཉིན་བརྒྱ་དུས་གཅིག་ལ་འོས་བླུགས་ཟེར་བ་ནོར་བ་ཆེན་པོ་རེད།
ཉིན་བརྒྱ་དུས་གཅིག་ལ་འོས་བླུགས་ཟེར་བ་མིན་པར། གནས་བརྒྱར་ཉིན་གཅིག་ལ་འོས་བླུགས་ཟེར་དགོས་པ་མི་འདུག་གམ། ལགས།
སྙ་གསེང་། མ་རེད། སྙན་གསེང་་རེད།
ཕྱུ་བ། མ་རེད། ཕྱུ་པ་རེད།
ཉིན་བརྒྱ་དུས་གཅིག མ་རེད། གནས་བརྒྱར་ཉིན་གཅིག་རེད།
སྙ་གསེང་། མ་རེད། སྙན་གསན་རེད།
ཧཧཧཧ་་་་པ་བ་མ་་་་དང་་་་པོ་བོ་མོ་་་་་བདག་སྒྲ་མ་རེད་རྙོག་དགྲ་རང་རེད་འདུག་གདའ། ཡག་ཤོས་ལྗོན་དབང་གསར་པ་ཞིག་རྩོམ་གནང་དང་།
མི་རིགས་ཀྱི་སྤྱི་སྐད་དོན་དུ་སུམ་རྟགས་བཟོས་པ་ལས། སུམ་རྟགས་ཀྱི་ཆེད་དུ་སྐད་ཡིག་ཆགས་པ་མ་རེད་དོ།།
ཀ་རྡོ་གཉེར་པའི་མཛད་སྟངས་ལ་རྒྱབ་སྐྱོར་ཡོད། རང་རེས་བོད་ཀྱི་སྐད་ཡིག་སྲུང་དགོས། བོད་ཀྱི་མཁས་པ་རྣམས་ཀྱིས་རྒྱ་གར་དང་། རྒྱ་ནག་སྐད་སོགས་ནས་བསྒྱུར་ནས་བོད་སྐད་དུ་བྲིས་པ་དང་། བོད་སྐད་རང་དུ་བྲིས་པའི་བོད་ཀྱི་མཁས་པའི་གསུང་འབུམ་དང་། བཀའ་བརྟེན་སོགས་མཐའ་ཡས་པའི་གླེགས་བམ་ན་ཡོད་པའི་དག་ཆ་དག་སྲུང་བ་ལ་སྔོན་དང་ད་ལྟར་གྱི་བསམ་ཤེས་ཅན་བྱུང་དང་འབྱུང་བཞིན་པ་ཡིན་ཀྱང་། ཁ་སྐད་ཤུགས་དྲག་པས་སྐད་ཡིག་ལ་འགྱུར་བ་སྣ་ཚོགས་པ་ཞིག་བྱུང་དང་འབྱུང་བཞིན་པ་ཡིན། ཨ་རིའི་ཕ་མ་དག་གིས་བུ་དང་བུ་མོ་རྣམས་ལ་རང་རང་གིས་བཀོལ་སྤྱོད་བཞིན་དག་པར་འབོད་ཚུལ་བསླབས་དང་སློབ་བཞིན་པ་ཡིན་ཀྱང་། རྣམ་རྟོག་ལ་མཐའ་མེད་པ་བཞིན་སྐད་ཡིག་ལ་ཡང་མཐའ་མེད། འོན་ཀྱང་མཁས་པའི་རྗེས་སུ་འབྲང་དགོས་བསམས་ཏེ། བོད་ཀྱི་མཁས་པས་བྲིས་པའི་དག་ཆ་རྣམས་ལ་བོད་རིགས་བློ་ལྡན་དག་གིས་འབད་པར་བྱས་དང་བྱེད་བཞིན་པ་དེ་ཡ་རབས་ཀྱི་ལུགས་སོ།
ལ་དྭགས་བླ་མ་ཚུལ་ཁྲིམས་ཉི་མས་ཆོས་སྒྲུབ་པ་ལ་སྐྱེས་པ་དང་སྐྱེས་མ་གཉིས་ལ་ཁྱད་པར་མེད་གསུངས། བོད་པ་འགའ་ཞིག་གིས་སྐྱེས་མ་ལ་ཞེས་པ་སྐྱེས་དམན་ཞེས་བྲིས་པ་མ་དག་རྒྱུན་འབྱམས་སུ་སོང་བ་ཡིན་འདུག དིང་སང་སུ་གང་གིས་ཀྱང་འདི་འདྲ་བའི་དམའ་འབེབས་ཀྱི་སྒྲ་བཀོལ་སྤྱོད་མེད་པ་ཞིག་ཡིན་བསམ། སྐྱེས་མ་ཡོངས་ཐོབ་ཐང་སྐྱེས་པ་དང་མཚུངས་པ་དགོས་ཤིང་། མ་འོངས་པ་ན་བོད་ཀྱི་སྲིད་སྐྱོང་ལ་ཡང་སྐྱེས་མ་འབྱུང་དགོས་པ་ཡིན་འདུག རྒྱ་གར་དང་ཨིན་ཡུལ་གྱི་སྲིད་བློན་ལ་སྐྱེས་མ་བྱུང་ངོ་མཚར་ཅན་བྱ་བ་མང་པོ་བསྒྲུབས་ཡོད།
་
འདི་སྐབས་དུས་ཀྱི་འཕོ་འགྱུར་གྱིས་བོད་ཀྱི་སྐྱེས་མ་མང་པོར་སློབ་སྦྱོང་འབྱུང་དང་འབྱུང་བཞིན་པ་ལ་སའི་གོ་ལར་གནས་པའི་མིའི་ཕོ་མོ་ཡ་རབས་ཅན་ཡོངས་ཀྱིས་དགའ་སྤྲོ་བྱེད་བཞིན་ཡོད།
བོད་ཀྱི་སྐྱེས་མ་དག་གིས་བོད་ཀྱིས་མཁས་པས་བྲིས་པའི་རིག་གཞུང་ལ་སྦྱངས་ཏེ། བོད་ཀྱི་སྐྱེས་པ་དང་འདྲ་མཉམ་འབྱུང་བ་དགོས།
་
བོད་སྐད་འགྱུར་བ་འགའ་ལ་དཔྱད་ན།
ཁོ་བོ་བོད་ཀྱི་གདན་ས་ཆེན་པོར་ཡོད་དུས་འགྱེད་ཡོད་ན། ཚོགས་ལ་ཚང་མ་ཕེབས་པར་སྙན་གསན་འབེབས་པ་ཡོད། ཞ་ལུ་ཆོས་སྐྱོང་བཟང་པོས་ཀྱང་ཕྱི་རབས་ཀྱི་བོད་ཡིག་འབྲི་བ་པོ་དག་ལ་ཕན་པར་རེ་ནས། དག་ཡིག་ཏུ། སྙན་གསན་འབེབས། ཞེས་བྲིས། དེ་ཉིད་གྱུར་ནས་ཁ་སྐད་འགའ་ཞིག་ཏུ། སྙན་གསེང་། ཞེས་ཆགས་ནས་སྙན་གསན་ཞེས་པར་གོ་བ་གང་ཡང་མེད་པར་མཐོང་། དེ་ལྟར་རིམ་པས་བོད་ཀྱི་མཁས་པས་བྲིས་པའི་རིག་གནས་ཀྱི་སྐད་མི་གོ་བ་སླེབས་ཚར་འདུག
རྒྱགས་ལོག་ཅེས་པ་ཡང་གོ་བ་རྒྱབ་པ་ཡིན་ན། རྒྱབ་ལོགས་ཞེས་པ་ཡིན་ནམ་སྙམ་མོ།
གསལ་བཤད་ཅིག་ཡོད་ན། བདག་སོགས་རྨོངས་པ་ཀུན་ལ་ཕན་ནོ།
ལ་དྭགས་ལགས།
བཀའ་བརྟེན་ཚིག་འདི་ཡང་བཀའ་དང་བསྟན་བཅོས་བསྡུས་མིང་ལ་ཟེར་རམ། དེ་བལྟ་ན་༼བཀའ་བརྟེན༽ཚིག་འདི་རང་གིས་གསར་བཟོ་ཡིན་ནམ། ཡོངས་གྲགས་སུ་༼ བཀའ་བསྟན ༽མ་རེད་དམ།
སྐྱེས་མ་ཡོངས་ཐོབ་ཐང་སྐྱེས་པ་དང་མཚུངས་པ་དགོས་ཤིང་། ཞེས་པ་སྐྱེས་མ་ཡོངས་ལ་ཐོབ་ཐང་སྐྱེས་པ་དང་མཚུངས་པ་དགོས་ཤིང་། ཞེས་བཅོས་སོ། བོད་ཀྱི་བན་དེ་ལ་བཀའ་བསྟན་ཡོད་ན། བོད་ཀྱི་བོན་ལ་རང་གི་ལྟ་སྒྲུབ་ཀྱི་དཔེ་ཆ་ཅི་ཡོད་ཅེས་སློབ་སྦྱོང་དགོས་པ་འདུག
ད་ལམ་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་༼བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ལོ་རྒྱུས ༽དེབ་ཕྲེང་གསུམ་རྩོམ་སྒྲིག་པར་སྐྲུན་གནང་བར་དགའ་བསུ་དང་། རྩོམ་སྒྲིག་པ་པདྨ་ཆོས་སྒྲོན་ལགས་ལའང་བཀྲ་ཤིས་བདེ་ལེགས་ཞུ།
༡ ། ལ་དྭགས་པ་དང་ཀ་རྡོར་གཉིས་ཀྱི་ཨུ་ཚུགས་དེ་རྡོ་རྗེའི་བྲག་དང་མཚུངས། པ་དང་བ་ཡི་སྐོར་ལ་རིགས་པ་ཡང་དག་གི་སྒྲུབ་བྱེད་ཅིག་ཡོད་ན་ནི་བསྟན་ཞོག་དང་ཁས་ལེན། དེ་མིན། ང་ལ་བརྗོད་བདེ་འོ་ཞེས་དང་། མཁས་པ་ཆེ་གེ་མོ་ཡིས་དེ་ལྟར་གསུངས་སོ་ཞེས་པ་ཙམ་གྱིས་མི་འགྲུབ་སྟེ། རྒྱུ་མཚན་ནི། ཁྱོད་ལ་པ་བརྗོད་བདེ་བས་པ་འབྲི་ན་ང་ལ་བ་བརྗོད་བདེ་བས་བ་འབྲི་མི་ཆོག་པ་ཅི། མཁས་པ་འདི་དང་འདིས་དེ་ལྟར་གསུངས་སོ་ཞེ་ན། མཁས་པ་དེ་དང་དེས་གཞན་དུ་གསུངས་ན་ལུང་གང་ཞིག་ཚད་མར་འཛིན་ནམ།
ངས་ནི་ཡང་ཡང་བཤད་པ་ལྟར། པ་བ་གཉིས་བརྗོད་བདེའི་དབང་དུ་བྱས་ཏེ་སྦྱར་ན་ནི། གོམས་སྟོབས་ཀྱི་དབང་གིས། ཡུལ་ལུང་གཅིག་ལ་བརྗོད་བདེ་བ་དེ་གཞན་ལ་བརྗོད་བདེ་ཡིན་པས་ཁྱབ་པ་མེད་པ་མངོན་སུམ་དུ་གྲུབ་པ་འདི་རེད། ཁ་ཁར་གྱེས་ཏེ་གཅིག་གྱུར་མ་བྱུང་པའི་རྒྱུ་མཚན་ཡང་དེ་རེད། དེས་ན། རྟགས་མཚུངས་འདྲེན་པའི་ལམ་དུ་འགྲོ་སྟེ། གཉི་ག་ཕྱོགས་གཅིག་ཏུ་སྡུམ་བྱེད་ཀྱི་འཆིང་ཞགས་ལྟ་བུ་ནི་རྟགས་མཚུངས་འདྲེན་ཚུལ་གྱི་རིགས་ལམ་དེ་ལས་གཞན་རྙེད་དུ་མེད།
དེ་མིན་ན་རིགས་ལམ་བསྟན་ཞོག ལུང་མི་དགོས། ལུང་གིས་ཐག་ཆོད་ན། ང་ལ་ཡང་བ་བདག་སྒྲ་ཡིན་ཅིང་མིང་མཐའ་ལ་སྦྱོར་ཚུལ་གྱི་ལུང་ལུང་པ་གང་དྲང་རྒྱུ་ཡོད། །
ཨ་མདོ་བས་སྐྱེས་མེད་དམ་བུད་མྱེད་ཟེར། སྐྱེས་དམན་ནི་ནམ་ཡང་མི་ཟེར་རོ། བུད་མེད་ཟེར་ཚུལ་ནི་སྐད་གསར་བཅད་ཀྱི་སྐབས་ནས་བྱུང་བ་ཡིན་པ་དེ་ཡང་ཤེས་བར་བྱོས།
གྲྭ་བ་ཚོས་གྲྭ་སྡོམ་སྲུང་ཐབས་ལ་འདྲ་མིན་བཀོལ་སྲིད་པ་རེད། དེ་ནི་འཁོར་ཡུག་ཞིག་གི་དགེ་དབང་ལ་དམིགས་ཡོད་པས་ག་རེ་ལབ་ལབ་ཡིན་འགྲོ།
དེ་མིན། སྙན་སང་ངམ་སྙན་གསལ་གང་རུང་ཞིག་མ་ཡིན་པའི་ངེས་བ་ཡང་མི་འདུག་པས། མགོ་བོ་བྲག་ལ་བརྡབས་ནས་དཔྱོད་པར་ཞུ། ཧ་ཧ་ཧ།
བོད་སྐད་ཚད་ལྡན་ནང་ལ་རྗེས་འཇུག་བཅུ་པོ་དང་མཐའ་མེད་ལ། པ་ཡིག་འཇུག་པ་ཡོད་རེད།
གཡག་པ།
ངང་པ།
བོད་པ།
གླེན་པ།
ལབ་པ།
རྩམ་པ།
མདའ་པ།
ཤར་པ།
བསྐལ་པ།
མཁས་པ།
རྟ་པ། ཇ་པ། ཀ་པ། ཁ་པ། ག་པ། ང་པ། ཅ་པ་སོགས་སོ།།
ཁོ་བོ་ཅག་ནི་སྔོན་གྱི་མཁས་པ་རྣམས་ཀྱིས་བྲིས་པའི་རིག་གཞུང་གི་སྐད་ལ་སྦྱང་བར་བྱེད། བདག་སྒྲ་ལ་ཕོ་ཡིན་ན། པ་ཡིག་ཐོབ་པ་བཀའ་བསྟན་གསུང་འབུམ་དག་ན་ཡོད། དེ་བཞིན་བཀའ་བརྟེན་གྱི་གཞུང་ན་དེ་ལྟར་ཡོད་ངེས་བསམ། ཞིབ་པར་བཀའ་བརྟེན་གྱི་དཔེ་ཆ་ཞིག་མཇལ་མྱོང་མེད། ལ་དྭགས་གཤམ་ཕྱོགས་པས་བདག་སྒྲ་ཕོ་ལ་མཐའ་གཅིག་ཏུ་པ་ཡིག་བཀོལ་བ་གནའ་བོའི་འབོད་སྟངས་ལུས་པ་སྔོན་གྱི་ཡིག་སྐད་དང་མཐུན། སུམ་ཅུ་པའི་བཞེད་པ་ཡང་དེ་ཁོ་ན་ཉིད་ཡིན་འདུག། གཞན་མིང་ཚིག་གི་མིང་མཐའ་འབྱུང་ཚུལ་ལ་མཐའ་རྟེན་གྱི་དབང་གིས་མ་ཡིན་པར་ཚིག་རང་ཇི་ལྟར་བྲིས་ཡོད་པ་དེ་སྔོན་གྱི་མཁས་པས་བྲིས་པའི་དཔེ་ཆ་རྣམས་ལ་བསྟུན་དགོས་པ་ཡིན། རྐང་པ། དཔུང་པ། སྟོང་པ་སོགས་ལ་མིང་མཐར་པ་ཡིག་ཡོད་པ་དང་། འབྱུང་བ། ལོང་བ། རུང་བ། མིང་མཐར་བ་ཡིག་དགོས། སྔོན་དུ་ཡང་དེ་ལྟར་བྲིས་པ་ཡིན།
༡། སླར་ཡང་ཀར་རྡོར་བས་དཔེར་བརྗོད་ཁ་ཤས་དང་། ལ་དྭགས་པས་སྔར་གྱི་མཁས་པའི་ལུགས་ཞེས་སྒྲོག་པར་བྱེད། འོ་ན། གསེར་ཏོག་སུམ་འགྲེལ། སྨྲ་སྒོ། དག་ཡིག་ཟ་མ་ཏོག དག་ཡིག་ངག་སྒྲོན། སི་ཏུ་ཞལ་ལུང་། ལེགས་བཤད་ལྗོན་དབང་། ཐོན་མི་ཞལ་ལུང་། བློ་གསལ་དགའ་སྟོན་རྣམས་ཅི་བྱེད། དེ་དག་གི་རྩོམ་པ་པོ་རྣམས་མཁས་པའི་གྲལ་ལ་འཇོག་རྒྱུ་མ་ཡིན་ནམ། ཞྭ་ལུ་ལོ་ཆེན་དང་། སྣམ་གླིང་པཎ་ཆེན། ཞྭ་དམར་པཎྜི་ཏ། པྲ་ཏི་དོན་འགྲུབ་རིན་ཆེན་རྣམས་མཁས་པའི་གོ་ས་ནས་ཕུད་ཟིན་ནམ།
༢། ལ་དྭགས་པས་བ་དང་བོ་བདག་སྒྲར་རྩ་ནས་མི་འདོད་ན། གཤམ་གསལ་དཔེར་བརྗོད་འདི་རྣམས་ཀྱི་བདག་སྒྲ་བ་པ་ལ་བཅོ་བཟོད་དམ།
བཟོ་བ། དགོན་པ་བ། རྟ་བ། ཨ་མདོ་བ། དཔྱོད་པ་བ། སྤྱོད་པ་བ། སེ་ར་བ། ལྷ་ས་བ། མཐའ་བ། འགྲུལ་བ། དམེ་བོ།
༣། བ་དང་བོ་ཐོན་མིའི་སུམ་ཅུ་བའི་རྩ་བར་མ་བསྟན་པའི་ཕྱིར་ཟེར་ན། བསྟན་ན་དངོས་སུ་བསྟན་པའི་ཁྱབ་བམ། ཁྱབ་ན་ཏེ་དེ་སོགས་ཕྲད་རྣམ་དབྱེ་མི་ཉུང་བ་ཞིག་དངོས་སུ་བསྟན་མེད་པས། ཁྱེད་ལ་གཏམ་དང་རྗོད་པ་ལྟ་ཅི། ཐ་ན་ ཚིག་ཆ་ཚང་བ་ཞིག་ཀྱང་སྨྲ་རྒྱུ་མེད་པར་འགྱུར་རོ། །
༤། རྩ་བར། གང་མིང་གི་ནི་མ་མཐའ་ན། །པུ་ལིངྒ་ཡི་སྒྲ་མེད་པ། །དེ་ལ་པུ་ལིངྒ་སྦྱར་ན། །བདག་པོའི་སར་ནི་ཤེས་པར་བྱ། །ཞེས་པའི་འགྲེལ་ལུགས་ཀྱང་། ཁྱེད་ཀྱིས་དེ་སྔ་སི་ཏུ་པཎ་ཆེན་གྱི་དེ་ལུང་དྲངས་མོད། དེ་རྩོད་མེད་ཅིག་མ་ཡིན་ཏེ། དཔེར་ན། བློ་གསལ་དགའ་སྟོན་དུ། དངུལ་ཆུ་དྷརྨ་བྷ་དྲས། སི་ཏུའི་ཞལ་ལུང་ཞེས་པའི་སུམ་རྟགས་འགྲེལ་བ་བརྩམས་མོད། བདག་སྒྲའི་ཐད་དུ་སི་ཏུའི་གསུང་ཚུལ་དེ་ཅུང་ཐུགས་ལ་མ་བདེ་བས། རྗེ་ཞྭ་དམར་བས་མཛད་པའི་འགྲེལ་ལུགས་ལ་གཞི་བྱས་ནས། པུ་ལིངྒ་ཞེས་པའི། པུ་ཞེས་པ་པ་སྡེ་དང་ལིངྒ་རྟགས་ཡིན་པས། པ་སྡེ་ནས་འབྱུང་བའི་པ་དང་པོ། བ་དང་བོ། མ་མོ་རྣམས་མིང་གི་ཆ་ཤས་སུ་སྔར་མེད་པ་ལ་གསར་དུ་སྦྱར་ན་བདག་པོའི་སྒྲར་འགྱུར་ཞེས་བཞེད་དོ། །པུ་ཞེས་པ། པ་སྡེར་གོ་དགོས་པའི་རྒྱུ་མཚན་ནི། ལེགས་སྦྱར་ལུགས་ལ། སྒྲ་པཱ་ཎི་བ་དང་ཙནྡྲ་བ་གཉིས་ཀར་ཨུ་ཏུའི་སྡེ་དང་བཅས་པའོ། །ཞེས་དང་། དབྱངས་ཅན་སྒྲ་མདོ་ལས། ཀུ་ཙུ་ཊུ་ཏུ་པུ་སྡེ་བ་རྣམས་སོ། ཞེས་ཀུ་ཞེས་ཀ་སྡེ་གོ་བ་དང་། ཙུ་ཞེས་ཙ་སྡེ་གོ་བ་དང་། ཊུ་ཞེས་ཊ་སྡེ་གོ་བ་དང་། ཏུ་ཞེས་ཏ་སྡེ་གོ་བ་དང་། པུ་ཞེས་པ་སྡེ་གོ་དགོས་པས། འདིར་ཡང་པུ་ཞེས་པ་སྡེར་གོ་དགོས་པ་དང་། རྟགས་ཞེས་པའང་པ་སྡེའི་ནང་གི་ཕོ་མོ་མ་ནིང་གི་རྟགས་ཅན་གྱི་ཡི་གེ་འགའ་བདག་སྒྲར་འགྱུར། ཞེས་པའི་དོན་དུ་དགོངས་སོ། །
ཞེས་དང་། ཐོན་མི་ཞལ་ལུང་དུ། སྤྱིར་དོན་ལ་རྟོན་གྱི་ཆིག་འབྲུ་ལ་མི་རྟོན་པ་འདི་རྣམ་པ་ཀུན་ཏུ་གཙིགས་ཆེར་འཛིན་དགོས་ཏེ། དེ་ལྟ་མ་ཡིན་ན་དངུལ་ཆུའི་ཚངས་པའི་ཐིག་གི་སྤུན་ཟླའི་དགག་ཡུལ་ངག་དབང་དབྱངས་ཅན་དགའ་བའི་སུམ་འགྲེལ་དུ། ཀུན་མཁྱེན་ཆེན་པོ་སི་ཏུ་ཆོས་ཀྱི་འབྱུང་གནས་ཀྱིས་མཛད་པའི་སུམ་རྟགས་ཀྱི་འགྲེལ་ཆེན་དེ་ཉིད་ཟབ་པ་དང་། རྒྱ་ཆེ་བ། ཁུངས་བཙུན་པ། རྩོད་པའི་ཡུལ་གྱིས་དབེན་པ། ཚད་མ་གསུམ་དང་། ཤེས་རབ་གགསུམ་གྱིས་ངེས་པར་གཏན་པ་ཕེབས་པ། དབང་པོ་གསུམ་གང་དང་ཡང་འཚམ་ཞིང་དོན་གསལ་བར་སྟོན་པས་བློ་ཡི་མུན་པ་ངེས་པར་སེལ་ནུས་ནོར་བུ་དབང་གི་རྒྱལ་བོ་ལྟ་བུ།་ཞེས་སོགས་ཀྱི་ཆེ་བརྗོད་ཀྱིས་ཚིམས་ཤིང་ར་རོ་བར་གྱུར་ནས་འདི་ཁོ་ན་བདེན་གྱི། གཞན་ནི་གཏི་མུག་པའོ། །ཞེས་བཟུང་ན་བློ་གྲོས་ཀྱི་རྟ་ཕོའི་སུག་པ་ཕྱོགས་ལྷུང་གི་སྒྲོག་གིས་བཅིངས་པ་ལས་གཞན་དུ་ཅི།
༥།། ཆོལ་གསུམ་ཧི་མ་ལ་ཡཱའི་རི་རྒྱུད་དང་བཅས་པའི་བོད་རིགས་ཡོངས་རྫོགས་ལ་རྩོད་མེད་ཀྱི་བརྗོད་བདེ་ཞིག་ཡིན་ན། རྟགས་མཚུངས་དགོས་པ་མེད་དེ། དེ་ལྟ་བུ་ནི་དོན་དངོས་ཀྱི་དབང་བཙན་པའི་བརྗོད་བདེ་རུ་འཇོག་རུང་ལ། དེ་མིན་རང་ཕྱོགས་གཅིག་པུའི་སྒྲ་དག་པའི་ཚད་དུ་བཟུང་ན་གཟུ་གནས་ཀྱི་མིང་ཡང་མོ་ཐོབ་བོ། འདི་གཙོ་བོར་ཀར་རྡོར་ལ་བཤད་པ་ཡིན། ཉེ་སྔོན་ཁྱེད་ཀྱི་དཔེར་བརྗོད་བཀོད་པ་ལ། ངས་ནི་མིང་མཐའི་པ་སྒྲ་རེ་ཤས་རྟགས་མི་མཚུངས་ཀྱང་ཁྱེད་ཀྱི་འདོད་ལུགས་ལྟར་རང་སོར་བཞག་པ་དེ་དག་ནི་ང་ལ་ཡང་བརྗོད་མི་བདེ་བ་མེད་པས་རྟགས་མི་མཚུངས་ཀྱང་ཁས་བླངས་པ་རྒྱུ་མཚན་དེ་ལྟར་ཡིན།
༦། ད་ནི་ལ་དྭགས་པར་འདྲི་བར་བྱ་བ་ལ། བ་དང་བོ་བདག་སྒྲར་ཁས་བླངས་ན་སྐྱོན་ཅི་འཇུག་གམ།
མགྱོགས་སྟབས་སུ་གཏགས་པས་ནོར་བ་རེ་འགར་འབྱུང་སྲིད་པ་དེ་ལྟར་དགོངས་འགལ་མེད་པ་ཞུ།
བཟོ་བ། དགོན་པ་བ། རྟ་བ། ཨ་མདོ་བ། དཔྱོད་པ་བ། སྤྱོད་པ་བ། སེ་ར་བ། ལྷ་ས་བ། མཐའ་བ། འགྲུལ་བ། དམེ་བོ། སོགས་ནི་ཕྱིས་སྐད་འགྱུར་བའི་དབང་གིས་བདག་སྒྲར་ཆགས་པ་ཡིན་གྱིས། གང་བྲིས་ཟིན་པ་ལ་ཆ་མ་འཇོག་པར་སྐད་འགྱུར་བ་བཟོ་བཅོས་རྒྱབ་བཞིན་འགྲོ་ན། ཁྱོད་ལྟ་བུས་ཤེས། ཁོ་བོ་ཅག་ནི་འགྱུར་བ་མེད་པར་སྔར་བཤད་པ་ལ་གཅིག་ཏུ་གནས་པ་ཡིན་གྱིས། ཁྱོད་ལྟརདུ་ཁ་་སྐད་འགྱུར་བ་བཞིན་དུ་གདག་སྒྲ་སོགས་ལ་སྒྱུར་བ་མེད་པར་འདོད། སི་ཏུ་པཎ་ཆེན་གྱིས་རང་གི་ཁ་སྐད་གཞིར་བཟུང་ནས། བདག་སྒྲའི་འགྲོ་ལུགས་བརྩམས་པ་མ་ཡིན་པར་སུམ་ཅུ་པའི་རྩ་བ་ན། ཇི་ལྟར་ཡོད་པ་ལྟར་གསུངས་པར་མངོན། དེ་ཡང་རྩ་བའི་ལེགས་སྦྱྲར་དེ་བོད་སྐད་དུ་བསྒྱུར་ན།
་
གང་མིང་བརྗོད་པའི་མ་མཐའ་ན།
ཕོ་ཡི་རྟགས་ཀྱི་སྒྲ་མེད་པ།
དེ་ལ་ཕོ་ཡི་རྟགས་སྦྱར་ན།
བདག་པོའི་སྒྲ་རུ་ཤེས་པར་བྱ།།
་
ཞེས་པ་ཐད་ཀར་ཁས་མ་བླངས་པར་རང་བཟོའི་བཤད་པ་རྒྱབ་ཁུལ་བྱེད་པ་ནི། སྨྲ་བས་དབུལ་ཞིང་། གཞན་ལ་མགོ་སྐོར་བྱེད་པའི་བྱ་བ་ལས་གཞན་ཅི། གཅིག་ཏུ་མ་གནས་པར་འགྱུར་བ་བྱེད་བཞིན་འགྲོན་མཐར་བོད་སྐད་ཀྱི་འགྲོ་སྟངས་འགྲོ་ལུགས་རྩ་བརླག་འགྱུར་བ་ལས་གཞན་མ་མཆིས་སོ།
ཉེ་དུས་ཀྱི་ཨ་མདོ་པ་དགེ་བཤེས་ཤེས་རབ་རྒྱ་མཚོ་དང་། མ་འོངས་རྒྱངས་གཟིགས་དགེ་འདུན་ཆོས་འཕེལ་གྱིས་ཀྱང་བོད་གནའ་བོ་སྐད་གཞིར་བཟུང་སུམ་ཅུ་པའི་གོང་གསལ་རྩ་བར་གསལ་བ་བཞིན་དུ། རིག་བྱེད་མཐའ་པ་དང་། རྙིང་མ་པ་དང་། རྟ་པ་དང་། ནང་པ་དང་། རྒྱ་གར་པ་སོགས་བྲིས་སོ།
་
ཁྱོད་དང་ངས་མཁས་པ་དག་གི་བཞེད་ཚུལ་ཇི་ལྟ་བ་བཞིན་མི་ཤེས་ཏེ།
སྙན་དངགས་མེ་ལོང་ན། དབྱུག་པ་ཅན་གྱིས།
སྐྱོ་བོ་བསྟན་བཅོས་མི་ཤེས་པས།
ཡོན་ཏན་སྐྱོན་དག་ཇི་ལྟར་དབྱེ།
གཟུགས་ཀྱི་དབྱེ་བ་དམིགས་པའི་སྐབས།
ལོང་བ་དག་ལ་ཡོད་དམ་ཅི།། ༨ ,།། ལེ་ ༡
ཞེས་གསུངས་པ་ལྟ་བུ། འོན་ཀྱང་འབད་པར་སྟོད་དོ།
ལ་དྭགས་རྒན་པོས་རིགས་པས་རྟགས་མི་ཤེས་ན་དཀའ་གནད་ཇི་ལྟར་ཐག་གཅོད།
རྩ་བ་ཕོ་ཡི་རྟགས་ཀྱི་སྒྲ་མེད་པ་ཞེས་སུ་བསྒྱུར་པ་ནི་སི་ཏུ་པཎ་ཆེན་གྱི་འདོད་པ་དང་མཐུན་པར་བསྒྱུར་པ་རེད། དེ་ལྟར་འདོད་མཁན་ཡོད་པ་ངས་ཁས་བླངས་མི་འདུག་གམ། དེ་ལ་དགག་མཁན་ཡང་ང་རེད་དམ། གོང་དུ་དྲངས་པའི་མཁས་པ་དེ་དག་
མ་རེད་དམ། མ་གྲུབ་པ་དང་མ་ཁྱབ་པའི་གཏན་ཚིགས་ལས་སྨྲ་རྒྱུ་མེད་ན་ད་ནི་སྨྲྲ་བ་ཉུང་ན་མི་མཛེས་སོ། །
ད་དུང་། དཔའ་བོ། ཞེས་པའི་དཔེར་བརྗོད་འདི་ཡང་། དཔའ་པོ་ལ་བཅོ་རྒྱུར་སྙིང་ཁམས་ཀུན་བས་ཆེ་བ་ཡོད་ཚོད་གདའ།
དེ་ལྟར་ན་བོད་སྐད་ཡིག་གི་འཁོར་རྒྱུགས་གུ་དོག་པོར་བྱས་པ་ལས་དགེ་མཚན་ཅི་ཞིག་མཆིས། མགོ་མཁྲེགས་ཨུ་ཚུགས།
ཁྱེད་རྒྱུ་མཚན་མི་སྨྲྲ་བའི་ལུང་འཛིན་རིང་ལུགས་པ་ཞིག་ཡིན་ཟེར་པ་ལ། དེར་ཡང་ཏན་ཏན་ཞིག་མི་འདུག་སྟེ། ངས་དྲངས་པའི་མཁས་པ་དང་མཁས་པའི་ལུང་ལ་ཆ་འཇོག་ཅི་ཡང་མི་བྱེད་པར་འདུག་པས་དེ་ནས་ཀྱང་བུད།
དེ་ལ་དགེ་ཆོས་ཀྱིས།
མངོན་སུམ་རྟགས་ཀྱིས་བདེན་པ་ངོ་སྤྲད་ཀྱང་།།
ཕྲག་དོག་བཞིན་གྱི་གཉེར་མ་མི་སངས་པ།།
མདོན་ན་ཕྲག་དོག་ཅན་གྱི་སྐྱེ་བོ་འདིའི།།
དགའ་བའི་དངོས་པོ་གཞན་གྱི་རྒུད་པ་ཉིད།།ཅེས་པ་འདི་ཁྱོད་ལ་བྱ་དགའ་ཡིན།
ཡང་། སྤྱང་ཀི་ཤ་གཟན་རི་བོང་རྩྭ་གཟན་གཉིས།།
ཟས་ཀྱི་དོན་དུ་གྲོས་ཁ་བསྡུར་བ་ལས།།
རེ་ཞིག་རང་རིགས་མཐུན་པའི་འཁོར་ནང་དུུ།།
རང་རང་སོ་སོའི་སྤྱོད་པ་བསྐྱང་ན་ལེགས།། ཞེས་གསུངས་པ་འདིས་ཁྱོད་ལ་གྱེས་ཚིག་སམ་བཀྲིས་བདེ་ལེགས་ཞུས་པ་ཡིན།
ད་དུང་། དཔའ་བོ། ཞེས་པའི་དཔེར་བརྗོད་འདི་ཡང་། དཔའ་པོ་ལ་བཅོ་རྒྱུར་སྙིང་ཁམས་ཀུན་བས་ཆེ་བ་ཡོད་ཚོད་གདའ། དེ་ལྟར་བྱེད་མཁན་སུ་འདུག་གམ། དཔའ་བོ་ཞེས་པ་ལ་དཔའ་པོ་ཞེས་པ་སྙིང་རུལ་ཡིན།
གང་མིང་བརྗོད་པའི་མ་མཐའ་ན།
ཕོ་ཡི་རྟགས་ཀྱི་སྒྲ་མེད་པ།
དེ་ལ་ཕོ་ཡི་རྟགས་སྦྱར་ན།
བདག་པོའི་སྒྲ་རུ་ཤེས་པར་བྱ།།
རྟགས་མཚུངས་དང་། བདག་སྒྲ་གཅིག་ཏུ་འཁྲུལ་པའི་སུམ་རྟགས་པ་ཡང་འདུག
རང་ཉིད་ཤེས་པར་རློམ་པ་ལས བཅོ་རྒྱུར། སྒྲོག་ཞེས་པ་སོགས་ཡི་གེ་དག་ཆ་ནོར་ཡོད་པ་ཀུན་གྱི་སེལ་ཐབས་ལ་འབད་ན་་མི་ལེགས་སམ། ཉན་ཤེས་ན། ལ་དྭགས་རྒན་པོའི་བསླབ་བྱ་ཡིན།
ལོ་སྔོན་མར་༧རྗེ་བླ་མའི་ཞབས་ཀྱིས། “ཉིད་རང་ལོ་རྒན་གྱ་གཉིས་བར་ལྷག་བསམ་དང་སེམས་ཁུར་ཉམས་མེད་སྒོས་མི་ཚེ་བཟང་མཐར་འཁྱོལ་སྟེ་དོན་དུ་གྱུར་ཡོད།” ཅེས་བཀའ་ཡིག་གི་བྱིན་རླབས་སྤྱི་བོར་ཕེབས། ད་དུང་རྒན་ཡོལ་མེད་པར་བོད་ཀྱི་རིག་གཞུང་ངོ་སྤྲོད་བྱེད་པའི་འཛིན་གྲྭར་སིངྒྷ་ལ་སོགས་ཛམ་གླིང་ཡོངས་ནས་འདུས་པའི་སློབ་གྲྭ་པ་དག་ལ་བགྲོ་གླེང་དང་། འཁོར་ཡུག་གཙང་མར་བྱེད་པའི་བྱ་བ་ལ་བརྩོན་བཞིན་པ་ཡིན།
་
བུ་ང་རྒྱལ་གྱི་སྒང་པོ་ལ། ཡོན་ཏན་གྱི་ཆུ་མི་ཆགས་བྱ་བ་ཡིན། ཞེས་གསུངས་པ་མར་པའི་རྣམ་ཐར་ན་བཀླགས་པ་དང་། དེའི་སྔོན་དུ་ཡང་དེ་འདྲ་བོད་ཀྱི་བསླབ་བྱ་མང་པོ་ཐོས་པ་ཡིན། ཁྱོད་མདོ་སྨད་པ་ཞིག་ཡིན་ནམ་སྙམ། རྗེས་འཇུག ང་ འ་ ར་ ལ་ རྗེས་འཇུག་གི་མཐའ་མེད་པར་དབྱངས་ཡིག་ ཨ་ ཨི་ ཨུ་ཨེ་ཨོ་བཅས་མིང་མཐའ་ན་ཡོད་པ་ན། དིང་སང་གི་ཨ་མདོ་པ་འགའ་ཞིག་གི་མིང་མཐའ་དང་བདག་སྒྲ་འདྲེན་ཚུལ་ལ་སྔར་གྱི་མཁས་པས་བྲིས་པའི་དཔེ་ཆ་དང་མི་འདྲ་བ་མཐོང་སྟེ། དེ་ཡང་། མདོ་མཛང་བླུན་ན། གསར་པ། བཀའ་སྩལ་པ། བོད་ཀྱི་མཁས་པ་སྒྲ་སྒྱུར་གྱི་ལོ་ཙ་པ་སྐ་བ་དཔལ་བརྩེགས་ཀྱིས། ཆོས་མངོན་པ་མཛོད་ཀྱི་འགྲེལ་པ་ན། མདོ་སྡེ་པ། མང་པོ་པ། ཞེས་སོགས་དང་། པ་ཚབ་ཉི་མ་གྲགས་ཀྱིས། དབུ་མ་རྩ་བ་ཤེས་རབ་ཀྱི་འགྲེལ་པའི་དབང་པོ་བརྟག་པ་ན། ལྟ་བ་པོ་དང་། བལྟ་བར་བྱ་བ་དང་། ལྟ་བ་ཞེས་སོགས་དང་། ཕྱ་པ་ཆོས་ཀྱི་སེངྒེས། གསར་དུ་རྙེད་པའི་དབུ་མ་རྒྱན་གྱི་འགྲེལ་པ་ན། ཉན་པ་པོ་ཞེས་སོགས་དང་། རྗེ་མར་པས། རྣལ་འབྱོར་པ། སྟོང་པ། སྙིང་པོ་སོགས་དང་། སྒམ་པོ་པ་ལྷ་རྗེ་བསོད་ནམས་རིན་ཆེན་གྱིས། ཆོས་བཅུ་པའི་མདོ། ཞེས་སོགས་དང་། གྲོ་ལུང་པ་རིན་ཆེན་འབྱུང་གནས་ཀྱིས། དང་པོ། གྲོང་ཁྱེར་པ། སྟོང་པ། བཞི་པ། སྤྱོད་པ་པ། བུ་སྟོན་རིན་ཆེན་གྲུབ་ཀྱིས་། བསྐལ་པ། སྲིད་པ་མཐའ་མ་པ་ཞེས་སོགས་དང་། རྗེ་ཙོང་ཁ་པས། ལམ་རིམ་ཆེན་མོ་ན། དང་པོ། རྣལ་འབྱོར་པ། ཕྱི་རོལ་པ། གང་ལ་སྟོང་པ་ཉིད་རུང་བ། འདིར་རྗེས་འཇུག་གཅིག་ཀྱང་དང་། མིང་མཐའ་སོ་སོར་ཡོད་པ་གཉིས་ཀ་དག་པར་འདོད། ལམ་རིམ་ཆེན་མོ་དཔེ་རིང་ཤོག་གྲངས་༤༥༣་པ་ན། འཁྲུལ་བ་ཞེས་པ་བྱ་ཚིག་དང་། འཁྲུལ་པ་ཞེས་པ་ཁྱད་ཆོས་སུ་འདོད། ཕུང་པོ་སོགས་ཡོད། རྒྱལ་ཚབ་རྗེས་རིན་འཕྲེང་འགྲེལ་པ་ན། དང་པོ། ཕུང་པོ ཐར་པ། བཞི་པ། གཅེར་བུ་པ་ཞེས་སོགས་དང་། མཁས་གྲུབ་རྗེས་རྒྱུད་སྡེ་སྤྱིའི་རྣམ་དུ། དང་པོ། འགྲེལ་པ། རྐྱང་པ་སོགས་དང་། པཎ་ཆེན་ནམ་རྒྱལ་བ་དགེ་འདུན་གྲུབ་ཀྱིས། ཚད་མ་རིགས་རྒྱན་དུ། འབྲེལ་པ། གཅེར་བུ་པ། དཔྱོད་པ་པ། དཀར་པོ། བཟང་པོ་སོགས་དང་། ཡོངས་འཛིན་ཡེ་ཤེ་རྒྱལ་མཚན་གྱིས། བླ་མཆོད་འགྲེལ་པ་ན། གསེར་གླིང་པ། ཞེས་སོགས་དང་། འཇུ་མི་ཕམ་གྱིས། དབུ་མ་རྒྱན་གྱི་འགྲེལ་པ་ན། དང་པོ། བསྐལ་པ། འདི་དག་ན་འགའ་ཚིག་འགའ་ཞིག་མིང་དང་། འགའ་ཞིག་ཁྱད་ཆོས་དང་། འགའ་ཞིག་བདག་སྒྲ་ཡིན་པ་ཅི་རིགས་སུ་མཆིས།
དེ་དག་མཐུན་པར་ཉེ་དུས་ཀྱི་ཨ་མདོ་པ་དགེ་བཤེས་ཤེས་རབ་རྒྱ་མཚོ་དང་། མ་འོངས་རྒྱངས་གཟིགས་དགེ་འདུན་ཆོས་འཕེལ་གྱིས་ཀྱང་བོད་ཀྱི་གནའ་བོ་སྐད་གཞིན་དུ། བོད་ཀྱི་བརྡ་སྤྲོད་སུམ་ཅུ་པ་ན་གསལ་བ་བཞིན་དུ། རིག་བྱེད་མཐའ་པ་དང་། རྙིང་མ་པ་དང་། རྟ་པ་དང་། ནང་པ་དང་། རྒྱ་གར་པ་སོགས་བྲིས་སོ།
གཞུང་ལུགས་འདི་དག་གི་རྗེས་སུ་འབྲངས་ཏེ། བདག་གིས་བདག་སྒྲ་ཕོ་ལ་པ་དང་པོ་གང་རུང་ཡིན་པས་ཁྱབ། ཅེས་པ་ལ་ལོ་ཡག་ན་རེ། “གསེར་ཏོག་སུམ་འགྲེལ། སྨྲ་སྒོ། དག་ཡིག་ཟ་མ་ཏོག དག་ཡིག་ངག་སྒྲོན། སི་ཏུ་ཞལ་ལུང་། ལེགས་བཤད་ལྗོན་དབང་། ཐོན་མི་ཞལ་ལུང་། བློ་གསལ་དགའ་སྟོན་རྣམས་ཅི་བྱེད། དེ་དག་གི་རྩོམ་པ་པོ་རྣམས་མཁས་པའི་གྲལ་ལ་འཇོག་རྒྱུ་མ་ཡིན་ནམ། ཞྭ་ལུ་ལོ་ཆེན་དང་། སྣམ་གླིང་པཎ་ཆེན། ཞྭ་དམར་པཎྜི་ཏ། པྲ་ཏི་དོན་འགྲུབ་རིན་ཆེན་རྣམས་མཁས་པའི་གོ་ས་ནས་ཕུད་ཟིན་ནམ།” ཞེས་པ་འདི་དག་ན་བདག་སྒྲ་འདོད་ཚུལ་གྱི་གསལ་བཤད་བྱེད་ཐུབ་ན། ཁོ་བོ་དང་མཉམ་དུ་བགྲོ་བྱེད་ཆོག གལ་ཏེ་བྱེད་མ་ཐུབ་ན། ཁྱོད་ཀྱི་ཁ་སྒྲོག་དགོས་པར་མཐོང་།
་
གོང་གསལ་དཔེ་ཆ་རྣམས་ལས་སི་ཏུའི་སུམ་རྟགས་ལ་ཁུ་ན་བླ་མ་མཆོག་ནས་དཔེ་ཁྲིད་ལན་གཅིག་ཞུས་ཀྱང་ལེགས་པར་རང་མི་ཤེས་ཀྱང་། དངུལ་ཆུ་དབྱངས་ཅན་གྲུབ་པའི་རྡོ་རྗེས།
ང་འ་ར་ལ་མཐའ་མེད་མཐར།
བདག་སྒྲ་ཡར་གྱུར་བ་དང་ནི།
ཆ་ལ་ཉིད་སྦྱོར་བ་ལེགས།
་
ཞེས་པ་ནི། དབུས་གཙང་གི་ཁ་སྐད་དམ་ཕལ་སྐད་ལ་རུང་ཡང་། སི་ཏུས་གསུངས་པ་ལྟར་བསྟན་བཅོས་ཀྱི་ཚུལ་དང་མཐུན་པ་ལྟ་ཅི། གནའ་བོའི་སྐད་ཀྱི་འབོད་ཚུལ་ལ་དྭགས་གཤམ་ཕྱོགས་སུ་ལུས་པ་དང་ཡང་མི་མཐུན་པ་མཆིས། དེར་མ་ཟད་དིང་སང་ཨ་མདོ་པའི་ཕལ་སྐད་དང་མཐུན་པར་ཚེ་ཏན་ཞབས་དྲུང་རིན་པོ་ཆེའི་བརྡ་སྤྲོད་ཐོན་མིའི་ཞལ་ལུང་དང་། དམུ་དགེ་བསམ་གཏན་རིན་པོ་ཆེའི་བོད་ཀྱི་ཡི་གེའི་སྤྱི་རྣམ། ཞེས་པའི་མདོ་སྨད་དུ་ཡོངས་གྲགས་ཆེ་ཞིང་མདོ་སྨད་པ་མང་པོས་གོང་གསལ་སྔོན་གྱི་མཁས་པ་རྣམས་ཀྱི་བདག་སྒྲ་བཞེད་ཚུལ་དང་མིང་མཐའ་འདྲེན་ཚུལ་ལམ་དྲང་ཚུལ་དང་མི་མཐུན་པར་བོད་ས་གནས་གཞན་གྱི་འབོད་ཚུལ་དང་མི་མཐུན་པས། ཆོས་སྐད་ལྟ་བུ་འབྲི་ཚུལ་མཐུན་པ་འབྱུང་ན་བོད་རིགས་ཚང་མ་བྲིས་པའི་སྐད་ཀྱི་སྒོ་ནསགཅིག་འགྱུར་འབྱུང་བ་འདི་ལ་ཐུགས་བསམ་དགོངས་བཞེད་གལ་ཆེ་བར་མཐོང་ངོ་།
མིང་མཐའ་འདྲེན་ཚུལ་ལམ་དྲང་ཚུལ་དང་མི་མཐུན་པར་མ་ཟད་བོད་ས་གནས་གཞན་གྱི་འབོད་ཚུལ་དང་མི་མཐུན་པས། ཞེས་བཅོས་སོ
ཡ་ཡ། ཡིན་སྲིད། སྤྱིར་བཏང་དགེ་ཆོས་སོགས་མིག་རྒྱང་ཅན་གྱི་དམ་པ་ཚོས། སྤྱི་སྐད་ཕལ་སྐད་དམ་འཕྲལ་སྐད་སོ་སོར་གྱེས་མི་རུང་བར་བཤད་པ་ནི་སུམ་རྟགས་ནང་གི་རྩོད་གཞི་ཅན་གྱི་རིགས་ལ་ཟེར་བ་མིན། དཔེར་ན། ཁྱེད་ཅག་དང་སྤི་ཏི་བས། གྲོགས་པོ་ལ་ཡ་དོ་ཟེར་བ་དང་། ཁམས་པས་ཟུང་གི་ཡ་ལ་ཡ་བ་ཟེར་བ། ཨ་མདོ་བས་རྒྱན་ཆད་མེད་པ་ལ་མཚམས་ཚུགས་མེད་པ། མི་ཁ་མང་རང་ཤེད་ཅན་ལ་ཁ་བརྒྱ་མགོ་བརྒྱ་ཟེར་བ། ལྷ་ས་བས་ལས་ཀ་མ་རུང་བ་བྱས་ཤོར་བ་ལ་དཔེ་བསགས་སོང་ཟེར་བ་སོགས་ནི་སྔོན་གྱི་བསྟན་བཅོས་དག་ན་མཐོང་རྒྱུ་མེད་ཀྱང་བོད་ཡིག་གི་སྤྱི་འགྲོས་དང་མཐུན་པས་སྐད་ཡིག་ཕུན་སུམ་ཇེ་ཚོགས་ཀྱི་རྒྱུ་ལས་གནོད་གཞིར་ནམ་ཡང་མི་འགྱུར་སྙམ། དེ་དག་ལ་དག་ཆ་དང་མཐུན་པར་སྒྲ་བཤད་དུ་ཡོད་པ་རེད། འོ་ན་དེ་གང་ལ་གོའམ་ཞེ་ན། དེ་ནི་བོད་ཀྱི་ཡིག་འགྲོས་དང་མི་མཐུན་པའི་སྒྱ་ཡ་མ་ཟུང་དག་ལ་གོ་བ་རེད། དཔེར་ན། ཨ་མདོ་བས་བཟང་གི་ཞེས་པའི་ཚབ་ཏུ་ཧྲ་གི་ཞེས་བརྗོད་པ་ལྟ་བུ་དང་། དེ་བཞིན་༼ལ་དྭགས་མེ་ལོང་༽དུ་དག་ཆ་མེད་པར་སྒྔ་གདངས་ཙམ་གྱི་རྗེས་སུ་འབྲངས་ནས་རྩོམ་སྒྲིག་པས་བྱུང་རྒྱལ་དུ་བྲིས་པ་ལྟ་བུ་དག་ལ་གོ་སྙམ།
ཁྱེད་ཀྱིས་གཞན་ལ་དག་བཅོས་བྱེད་པ་ཡར་རྒྱས་ལ་ཕན་ཐོགས་ཆེ་ཡང་། རྩོད་གཞིར་ལྷག་པ་རྣམས་གླེང་གིན་བསྡད་ན་རྙོག་མ་གཏིང་སློག་བྱས་པ་ཙམ་རེད། གང་ལྟར་རྒན་ཁྱེད་ལྟ་བུ་བོད་ཡིག་ཤེས་ཡོན་པ་རྒན་རབས་ཚོ་དངོས་གནས་བཀའ་དྲིན་ཆེན་པོ་ཡིན། ང་ཚོས་རྗེས་སུ་ཡི་རང་ཞུའོ།།
ང་འ་ར་ལ་མཐའ་མེད་མཐར། །
བདག་སྒྲ་ཡར་གྱུར་བ་དང་ནི། །
བཤད་པ་དེ་ནི་ནོར་བ་རེད། །
་
ཆ་ལ་པ་ཉིད་སྦྱོར་བ་ལེགས། །
གསུངས་པ་འདི་ནི་ལེགས་བཤད་རེད། །
ཆ་ལ་པ་ཉིད་སྦྱོར་བ་ལེགས། །ཞེས་པ་ལེགས་བཤད་ཡིན་ན། དེ་ཡི་ཟླས་ཕྱེས་ཏེ། ཡ་ལ་བ་ཉིད་སྦྱོར་བ་དོན་གྱིས་ལེགས་བཤད་དུ་ཁས་བླངས་ཟིན་པ་མ་རེད་དམ། རང་གིས་རང་ལ་མུར་མཛོག་གཞུས་དང་སྔོ་ལོའི་རྒྱལ་མཚན་འཕྱུར་ཡོང་། ཀར་རྡོར།
མིང་ཀརྨ་རྡོ་རྗེ་གཉེར་ཕྱག་པ་ཡིན་ན། སྐུང་ཡིག་ཏུ། ཀར་རྡོར་གཉེར་ཕྱག་པ་ཞེས་སུ་བྲི་དགོས་པ་རེད། སྐུང་ཡིག་གི་རྣམ་གཞག་སྦྱང་མ་མྱོང་ངམ། འདི་ཆུ་ལན་ཆང་གིས་འཇལ་བ་ཡིན་ནོ།།
ལོ་ཏོག་ཡོད་མེད་སུ་ཡིས་ཤེས། །
ལོ་ཏོག་ཡག་ཉེས་སུ་ཡིས་ཤེས། །
ཞིང་ཁ་ཡོད་མེད་སུ་ཡིས་ཤེས། །
ལོ་ཡག་ལོ་ཉེས་སུ་ཡིས་ཤེས། །
་
དེ་ལ་ཕོ་ཡི་རྟགས་སྦྱར་ན། །
བདག་པོའི་སྒྲ་རུ་ཤེས་པར་བྱ།། །
ཞེས་པའི་དོན་ནི་བདག་སྒྲ་ལ། །
པ་ཉིད་དགོས་པ་གསུངས་པ་རེད། །