བཅར་འདྲི་བ་སྤྲུལ་སྐུ་གྲགས་པ།
༈སྐྱབས་རྗེ་མཁོ་ཁྱིམ་རིན་པོ་ཆེ་མཆོག་ལ་འཕགས་ཡུལ་འོག་མིན་ཨྱོན་སྨིན་གྲོལ་གླིང་གི་ལོ་རྒྱུས་དང་འབྲེལ་བའི་བཀའ་འདྲི་ཞུས་པའི་བཀའ་ལན་གྱི་རིམ་པ་གཤམ་གསལ་དུ་འགོད་པར།
༡༽ འཕགས་ཡུལ་འོག་མིན་ཨྱོན་སྨིན་གྲོལ་གླིང་ཐོག་མ་ཇི་ལྟར་དབུ་བརྙེས་ཚུལ།
ཐོག་མའི་བྱུང་རིམ་གྱི་ཚུལ་དུ་ཞུས་ན། སྤྱིར་བོད་ནས་བཙན་བྱོལ་དུ་ཡོང་བའི་སྐབས་སུ་སྨིན་གླིང་མཁན་གཅུང་གཉིས་ལས་གཅུང་རིན་པོ་ཆེ་རྒྱ་མིས་བཙོན་ཁང་དུ་གདན་འདྲེན་ཞུས་ཟིན་པ་རེད། མཁན་རིན་པོ་ཆེ་དགོན་པར་སྐུ་བཞུགས་གནང་ཡོད་རེད་དེ་བཙན་བྱོལ་དུ་ཕེབས་ཐུབ་རྒྱུ་ཁག་པོ་ཡིན་པས་ཕེབས་རྒྱུའི་སྐོར་ལ་ཁོང་ལ་གང་ཡང་ཞུ་ནུས་མ་བྱུང་། གང་ཡིན་ཞུ་ན་ང་ཚོ་ཡང་འགྲོ་དགོས་མ་རེད་ཅེས་བཀའ་ཕེབས་ན་བླ་མའི་བཀར་མ་རྩིས་ན་མ་འགྲིགས། རྒྱ་འོག་ཏུ་སྡོད་འདོད་བསམ་པ་གཏན་ནས་མི་འདུག་པས་༧སྐྱབས་རྗེ་ཁྲི་རིན་པོ་ཆེ་ལ་ཕེབས་རྒྱུའི་སྐོར་ལ་བཀའ་མོལ་ཞུས་སྐབས་སྐྱབས་རྗེ་ཁྲི་རིན་པོ་ཆེ་ཁོང་ཕེབས་འདོད་ཡོད་གསུངས་ཀྱིན་འདུག །སྐབས་དེ་དུས་རྒྱ་འོག་ཏུ་འདུག་དགོས་མ་བྱུང་ན་བསམ་པ་ཙམ་ལས་རྒྱ་གར་དུ་འགྲོ་སྟེ་རྒྱ་ཆེན་པོ་བྱེད་དགོས་བསམ་བློ་གང་ཡང་ཡོད་མ་རེད། དེ་ནས་ང་ཚོ་སྐུ་འཁོར་བདུན་སྨིན་གྲོལ་གླིང་ནས་ཐོན་ཏེ་རིམ་གྱིས་འབྲུག་གི་ས་མཚམས་སུ་འབྱོར་བ་རེད།
དེ་སྐབས་༧སྐྱབས་མགོན་ཡིད་བཞིན་ནོར་བུ་རྒྱ་གར་དུ་བདེ་འབྱོར་ཟིན་པ་དང་། གཞན་ཡང་ལྷོ་བྲག་ཕྱོགས་ནས་མི་མང་པོ་རྒྱ་གར་དུ་འབྱོར་ཡོད་པ་ཐོས་བྱུང་བས། གཞི་ནས་རྒྱ་གར་དུ་འགྲོ་ཐུབ་རྒྱུ་སྤོབས་པ་རྙེད་ནས་རིམ་གྱིས་ཀ་སྤུངས་སུ་འབྱོར་བ་རེད། ༧སྐྱབས་རྗེ་རིན་པོ་ཆེ་རྒྱ་རི་ཚང་གི་ནང་དུ་གདན་འདྲེན་ཞུས་པ་རེད། ང་གོ་འཇོ་ཨ་སུག་ཚང་བོད་ནས་མཁོ་ཁྱིམ་དགོན་དང་མཆོད་ཡོན་ཡིན་པས་བསུ་བར་བཏང་བྱུང་བས་ཁོང་ཚོའི་ནང་དུ་སོང་ནས་གནས་སྐབས་དེ་འདྲའི་བྱས་ནས་བསྡད་པ་རེད། ཡིན་ན་དེ་དུས་དགོན་པ་རྒྱག་ནས་རྒྱ་ཆེན་བྱེད་ཐུབ་ཀྱི་རེད་བསམ་པ་དེ་འདྲ་གང་ཡང་ཡོད་མ་རེད་ཏེ། ༧སྐྱབས་རྗེ་ཁྲི་རིན་པོ་ཆེ་སྨིན་གླིང་གི་བསྟན་པའི་གཙོ་བོ་དང་ཁོང་སྨིན་གླིང་ལ་ཤིན་ཏུ་གལ་ཆེན་ཡིན་སྟབས་ཁོང་རྒྱ་གར་དུ་གདན་འདྲེན་ཞུ་ཐུབ་པ་བྱུང་བ་དེ་ཡག་པོ་བྱུང་སོང་བསམ་པ་སེམས་ལ་ཡང་ཡང་ཤར་ཀྱི་ཡོད།
དེ་ནས་ཟླ་ཚེས་སོགས་གསལ་བོ་དྲན་གྱི་མི་འདུག་སྟེ། ང་རང་༧སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེའི་སྐུ་མདུན་ནས་རིན་ཆེན་གཏེར་མཛོད་ཞུ་བཞིན་ཡོད་པའི་སྐབས་ཞིག་ལ་་ཉིན་ཞིག་སྐྱབས་རྗེ་རྫོང་ནང་རིན་པོ་ཆེ་དྷ་རམ་ས་ལ་རྙིང་མའི་སྤྱི་འཐུས་མཛད་ནས་བཞུགས་པའི་སྐབས་སུ་སྒང་ཏོག་གི་གུ་རུ་ལྷ་ཁང་བཞེངས་མི་ཕེབས་ཞོར་དུ་ཀ་སྤུངས་སུ་ཨ་སུག་ཚང་ནང་དུ་ཕེབས་ནས་ཞག་ཤས་རིང་དེར་བཞུགས་ཞག་མཛད་གནང་སོང་། སྐབས་དེ་དུས་ཐོག་མར་ང་རང་དང་མཇལ་ཕྲད་བྱུང་བར་རེད།
སྤྱིར་ཁམས་ཕྱོགས་ཀྱི་དགོན་པ་ཆེ་ཁག་ཀཿདཔལ་རྫོགས་གསུམ་སོགས་ཀྱི་བླ་མ་རྣམ་པས་སྨིན་གླིང་གི་ཆོ་ག་དང་ཕྱག་བཞེས་གང་སྤྱིར་ཐུགས་རྩིས་ཆེན་པོ་གནང་བར་བཞིན། ལྷག་པར་དུ་སྐྱབས་རྗེ་རྫོང་ནོར་རིན་པོ་ཆེ་སྨིན་གླིང་གི་བསྟན་པ་ལ་ཐུགས་ཁུར་ཆེན་པོ་བཞེས་མཁན་ཞིག་རེད་འདུག །ཁྱེད་རང་ཚོས་སྐྱབས་རྗེ་ཁྲི་ཆེན་རིན་པོ་ཆེ་གདན་འདྲེན་ཞུས་ནས་ཕེབས་ཐུབ་པ་དེ་དཔེ་མི་སྲིད་པའི་ཡག་པོ་རེད་ཅེས་ཐུགས་མཉེས་པོ་ཞེ་དྲག་གནང་གིན་འདུག
ད་མ་འོངས་པར་ང་རང་ཚོའི་རྙིང་མ་པའི་འགོ་སྨིན་གྲོལ་གླིང་རེད། སྨིན་གླིང་གི་བསྟན་པ་ཞིག་བཙུགས་ཨེ་ཐུབ་བལྟ་དགོས་འདུག་ཅེས་གསུངས་ཀྱིན་འདུག ང་རང་གི་ངོས་ནས་དེ་ལྟར་བྱ་ཐུབ་པའི་ངེས་ཤེས་གཏིང་ཚུག་པ་འདྲ་གང་ཡང་མི་འདུག་སྟེ་རྟེན་འབྲེལ་ཡོད་རྒྱུ་རེད་བསམ་ནས་ལགས་སོ་ཞུས་པ་ཡིན། སྐྱབས་རྗེ་རྫོང་ནོར་རིན་པོ་ཆེ་འབྲས་ལྗོངས་སྒང་ཏོག་ནས་གུ་རུའི་ལྷ་ཁང་གི་ཉོ་ཅ་སོགས་ཀྱི་ཆེད་དུ་ཐེངས་ཁ་ཤས་ཤིག་ཀ་སྤུངས་སུ་ཕེབས་མཛད་སོང་། རིན་པོ་ཆེས་རྒྱུན་འཐུད་ནས་སྨིན་གླིང་གི་བསྟན་པའི་སྐོར་ལ་བཀའ་མོལ་གནང་གི་འདུག །དེ་ནས་གཏེར་མཛོད་གྲུབ་རྗེས་༧སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེས་སྤྱིར་རྙིང་མ་པའི་བླ་སྤྲུལ་མཁན་སློབ་དགེ་འདུན་དང་། ཁྱད་པར་གཏེར་མཛོད་གསན་མཁན་རྣམ་པར་ལྷན་འཛོམས་ཀྱིས་དབྱར་གནས་ཞིག་བཙུགས་ཐུབ་པ་བྱེད་རྒྱུ་ཡིན་པས་ཕེབས་འདོད་ཡོད་རིགས་ཐོ་འགོད་དགོས་ཞེས་བཀའ་གནང་ནས་དབྱར་གནས་ཞིག་ཚོགས་པ་རེད། དབྱར་གནས་དེ་གྲུབ་རྗེས་སླར་ཡང་སྐྱབས་རྗེ་རིན་པོ་ཆེས་དགེ་འདུན་པ་འཐོར་མི་ཤོར་པར་རུག་རུག་ཞིག་བྱེད་ཐུབ་ན་ཡག་པོ་འདུག་ཅེས་བཀའ་ཕེབས་པ་བཞིན། སྤོ་མདའ་ཚང་གིས་ཀ་སྤུངས་སུ་གྲྭ་ཚང་འཛུགས་སའི་ཆེད་ས་ཆ་ཞིག་ཕུལ་བ་རེད། ས་ཆ་དེའི་ཐོག་ཏུ་རབ་སྔགས་བཙུན་མ་གསུམ་ཀ་ཡོད་པའི་ཆོས་སྒར་ཞིག་བཏབ་རྒྱུའི་བཀའ་གྲོས་མཛད་ནས། དེའི་ཐོག་ཏུ་ཕྱག་ལས་གནང་མཁན་དེ་ལ་ང་རང་དང་། ཀཿ་ཐོག་དབོན་སྤྲུལ་རིན་པོ་ཆེ་དང་། ལྕགས་མདུད་སྤྲུལ་སྐུ། སྟག་ལུང་ཉི་མ་བཟང་པོ་བཅས་ང་ཚོ་བཞིས་གཙོ་བོའི་འགན་ཁུར་བྱས་ནས་སྨྱུག་ཁང་གིས་ཚོགས་ཁང་དང་དགེ་འདུན་པའི་བཞུགས་ཤག་སོགས་བཞེངས་ཏེ་ཆོས་སྒར་བཏབ་པ་རེད། སྐབས་དེ་དུས་༧སྐྱབས་རྗེ་ཁྲི་ཆེན་རིན་པོ་ཆེ་༧སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེའི་གཟིམས་ཁང་ཏུ་བཞུགས་ཡོད་རེད།
ཆོས་སྒར་གྲུབ་པ་དང་སྐྱབས་རྗེ་རྫོང་ནོར་རིན་པོ་ཆེས་བསྐུལ་མ་མཛད་ནས་སྨིན་གླིང་རྡོར་སེམས་ཀྱི་སྒྲུབ་མཆོད་དང་་འབྲེལ་༧་སྐྱབས་རྗེ་ཁྲི་ཆེན་རིན་པོ་ཆེས་གསང་བ་སྙིང་པོའི་བཤད་ཁྲིད་ཟླ་བ་གཅིག་དང་ཕྱེད་ཀྱི་རིང་མཛད། དེའི་རིང་དུ་དགེ་འདུན་པ་ཚོའི་འཚོ་མཁོའི་ཡོ་བྱེད་ཀྱི་དོད་ཉིན་རེར་ཨ་ན་བཞི་རེས་མཚོན་ཐབ་ཆས་དང་བཞུགས་གདན་སྐོར་ཐམས་ཅད་སྐྱབས་རྗེ་རྫོང་ནང་རིན་པོ་ཆེ་ཉིད་ཀྱིས་གནང་ནས་རྙིང་མ་པ་རྣམས་རྩ་བའམ་ཐོག་མའི་རུག་རུག་གཅིག་དེ་དུས་བྱུང་བ་རེད།
ཡིན་ན་འང་སྤྱི་ལོ་ ༡༩༦༢ ལོར་འབུམ་དྷེ་ལ་ལ་རྒྱ་ནག་དང་རྒྱ་གར་གཉིས་ཟིང་འཁྲུགས་སྐབས་སུ་བསྡོད་མ་ནུས་ནས་ཐམས་ཅད་སོ་སོར་གྱེས་དགོས་བྱུང་སོང་། དེ་རྗེས་དྷ་རམ་ས་ལ་ནས་གོ་བསྒྲིགས་བྱས་ནས་ཀཱང་ར་ལ་དགེ་རྒན་གྱི་ཟབ་སྦྱོང་སློབ་གྲྭ་ཞིག་བཙུགས་པ་རེད། སྐྱབས་རྗེ་རྫོང་ནོར་རིན་པོ་ཆེས་ང་ལ་ཡིན་གཅིག་མིན་གཉིས་ཤོག །མ་འོང་པར་རྙིང་པ་ཚོས་སློབ་གྲྭའི་དགེ་རྒན་འདྲ་བྱེད་ཐུབ་པ་བྱུང་ན་ཡག་པོ་ཡོད་རེད་ཅེས་བཀའ་གནང་བ་བཞིན་ང་རང་དྷ་རམ་ས་ལ་ཕྱིན་ནས་རིན་པོ་ཆེའི་སྐུ་མདུན་དུ་ཞག་ཤས་བསྡད། དེ་ནས་ཀཱང་ར་ལ་འགྲོ་རན་འདུག་པས་དེར་ཕྱིན་ནས་ཟླ་བ་གཅིག་ཙམ་གྱི་རིང་དུ་བསྡད་རྗེས་སུ། ང་རང་ཏོག་ཙམ་ན་ནས་སྨན་པས་ཀྱང་ཁ་ལག་འཛེམ་དགོས་འདུག་ཅེས་གསུངས་བར་བརྟེན་སློབ་གྲྭ་ནས་དགོངས་པ་ཞུ་དགོས་བྱུང་། དགོངས་པ་ཞུས་ནས་ཟླ་བ་གཉིས་ཙམ་གྱི་རྗེས་སུ་མཁན་པོ་རབ་རྒྱས་ལགས་ནས་ཁོང་གི་མཚོ་པདྨ་ལ་ཚེས་བཅུ་ཞིག་འཛུགས་ཨེ་ཐུབ་བལྟ་བཞིན་ཡོད་པས་ཁྱེད་མཚོ་ལ་ཡར་ཡོང་ནས་ཚེས་བཅུའི་འཆམས་ཞིག་སློབ་རོགས་གྱིས་ཞེས་ང་ཚོའི་བྲོས་རོགས་མཁོ་གྲྭ་ཨྱོན་བསྟན་འཕེལ་ཅེས་པ་ཆེད་མངགས་གཏོང་གནང་འདུག །ང་རང་ཡར་བཅར་ནས་ཚེས་བཅུའི་འཆམས་ང་རང་གི་གང་ཤེས་པ་ཐམས་ཅད་བསླབས་ནས་དེང་སང་མཚོ་པདྨའི་ཟླ་བ་དང་པོའི་ཚེས་བཅུའི་འཆམས་ཞེས་པ་འདི་དེ་དུས་དབུ་བཙུགས་ནས་དེའི་དབུ་འབྱེད་མཛད་སྒོ་ལ་སྐྱབས་རྗེ་རྫོང་ནང་རིན་པོ་ཆེ་ཕེབས་པ་རེད།
སྨིན་གླིང་གི་དགོན་པ་ཕྱག་བཏབ་རྒྱུའི་སྐོར་ཀྱི་བཀའ་མོལ་གཙོ་བོ་འམ་ཞིབ་གླེང་གཞི་ནས་དེ་དུས་བྱུང་བ་རེད། རིན་པོ་ཆེས་ཁྱེད་རང་འདི་ན་བསྡོད་རོགས་གྱིས། ང་རང་གཉིས་དང་པོ་གྲྭ་བ་བཅུ་སྐོར་ཞིག་གྲ་སྒྲིག་བྱེད། དེའི་འགོ་ཁྱེད་རང་གིས་བལྟོས། མཁན་པོ་རབ་རྒྱས་ཀྱིས་གནས་སྐབས་སྡོད་ས་གཡར་པོ་གནང་རྒྱུ་རེད། རིན་པོ་ཆེ་ཁོང་གིས་འགྲོ་སོང་རིགས་ཐབས་ཤེས་བྱེད་ཆོག་གསུང་ནས་ཐོག་མའི་དབུ་འཚུགས་ལུགས་དེ་འདྲ་ཞིག་རེད། སྐབས་དེ་དུས་རྒྱལ་སྲས་སྤྲུལ་སྐུརིན་པོ་ཆེ། དྭགས་པོ་སྤྲུལ་སྐུ་རིན་པོ་ཆེ་སོགས་དང་། དེ་ནས་རིམ་བཞིན་རི་མགོ་སྤྲུལ་སྐུ་རིན་པོ་ཆེ་དང་། རི་དགའ་སོགས་ཉུ་ཤུ་སྐོར་ཞིག་འདུས་འཛོམས་བྱུང་བ་རེད། ང་རང་གིས་ཁོ་ཚོ་ལ་བྲིས་དང་དེ་བཞིན་འདོན་ཆའི་རིགས་བསླབས། མཚོ་པདྨའི་དགོན་པར་ཚེས་བཅུ་ཉེ་ལྔ་དང་ཚོགས་པ་ཆེ་ཁག་གི་རིགས་ལ་ཚོགས་བཅར་ཞུས་ནས་ལོ་གཅིག་ཙམ་གྱི་རིང་དུ་དེ་འདྲ་བྱས་ནས་བསྡད་པ་རེད། དེ་ནས་སྤྱི་ལོ་ ༡༩༦༥་ཟླ་བ་ ༡ ཚེས་༦ ཉིན་སྨིན་གྲོལ་གླིང་དགོན་པ་དབུ་འཛུགས་པའི་དངོས་གཞིའི་རྟེན་འབྲེལ་མཛད་སྒོ་བྱས་ནས། དམིགས་བསལ་སྐུ་མགྲོན་དུ་མཱན་ཌི་ནས་རྫོང་དཔོན་མཆོག་དང་། རང་གཞུང་ཤེས་རིང་དྲུང་ཆེ་ཁོང་རྣམ་པ་གཉིས་ཕེབས་ཏེ་མཛད་སྒོ་དབུ་འབྱེད་མཛད་པ་ནས་བཟུང་ད་ལྟའི་བར་ང་ཚོ་ལོ་ལྔ་བཅུ་འཁོར་ལ་ཉེ་བ་ཡོད་པ་དེ་འདྲ་ཞིག་རེད།
༢༽ འཕགས་ཡུལ་འོག་མིན་ཨྱོན་སྨིན་གྲོལ་གླིང་དམིགས་བསལ་རྒྱ་གར་བྱང་ཕྱོགས་ས་གནས་དྷེ་ར་དྷུན་དུ་ཇི་ལྟར་ཕྱག་བཏབ་ཚུལ་གྱི་སྐོར།
མཚོ་པདྨའི་དགོན་པའི་དབུ་འཛིན་མཁན་པོ་རབ་རྒྱས་བརྗེས་ནས་དེའི་ཚབ་ཏུ་སྒྲུབ་བརྒྱུད་ཕེབས་པ་རེད། དེ་ནས་མཚོ་པདྨའི་དགོན་པའི་གནས་སྟངས་ལ་འགྱུར་ལྡོག་གིས་ང་རང་ཚོ་ལ་དེ་ཙམ་གྱིས་གཏན་འཁེལ་བ་ལྟ་བུ་ཞེ་དྲག་མི་འདུག། དེ་སྐབས་སྐྱབས་རྗེ་རྫོང་ནང་རིན་པོ་ཆེ་རྙིང་མའི་སྤྱི་འཐུས་མཛད་ནས་དྷ་རམ་ས་ལ་བཞུགས་བཞིན་པར། སྐབས་དེ་དུས་ཀྱི་མདོ་སྨད་སྤྱི་འཐུས་སྐུ་ཞབས་གུང་ཐང་ཚུལ་ཁྲིམས་རེད། ཁོང་རྣམ་པ་གཉིས་ཕན་ཚུན་བཀའ་མོལ་བྱུང་ནས་། གུང་ཐང་ཚུལ་ཁྲིམས་ཀྱིས་ཁོང་ལ་ཀ་ལི་མན་ཏྲོན་ས་ཆ་ཐོབ་ཡོད་པ་དང་། ཁོང་གིས་དེ་ལ་གཞི་ཆགས་འཛུགས་རྒྱུའི་འཆར་གཞི་ཡོད་ཚུལ་དང་། རིན་པོ་ཆེ་ཁྱེད་ཀྱིས་དགོན་པ་བཞེངས་རྒྱུ་ཐུགས་འཆའ་ཡོད་ན་ཁོང་གིས་དགོན་པ་རྒྱག་སའི་ཆེད་ས་ཆ་ས་ཨེ་ཀར་གཅིག་ཕུལ་ཆོག་ཅེས་སྐྱབས་རྗེ་རྫོང་ནང་རིན་པོ་ཆེ་ལ་ཞུས་པ་རེད། རྫོང་ནང་རིན་པོ་ཆེས། ད་ང་ཚོ་མར་དྷེ་ར་དྷུན་དུ་སྤོ་བཞག་ན་དགའ་ས་རེད་གསུངས་ནས། ང་ཚོ་མར་སྤོ་རྒྱུར་བྱས་པ་ཡིན། ཡིན་ན་ང་ཚོ་དངོས་སུ་སྤོ་གྲབ་བྱེད་དུས་མཚོ་པདྨའི་དགོན་པས་མོས་མཐུན་དེ་ཙམ་བྱེད་ཀྱི་མི་འདུག །དེ་འདྲ་ཡིན་དུས་ང་ཚོས་གསང་ཐབས་ཀྱིས་དབྱར་མཐོང་གི་ཚུལ་དུ་འགྲོ་ཁུལ་བྱས་ནས་དྷེ་ར་དྷུན་དུ་སྤོས་པ་རེད།
ཐོག་མར་རཱ་ཇ་སྤུར་དུ་ལོ་གཅིག་ཙམ་གྱི་རིང་ཁང་གླ་བྱས་ཏེ་བསྡད་ནས་དེ་རྗེས་ཀེ་ལཱན་མཱན་ཀྲན་དུ་ཚུར་སྤོས་པ་རེད། ཡིན་ན་ང་རང་ཚོ་ལ་ས་ཆ་འདི་ཡིན་ཟེར་བ་ཙམ་ཡོད་རེད་མ་གཏོགས་སྡོད་གནས་ཁང་པ་གང་ཡང་ཡོད་མ་རེད་དེ། གཞིས་ཆགས་ཀྱི་རྭ་སྐོར་སོ་སོས་ཤོག་བུའི་བཟོ་གྲྭ་དང་། ཐུག་པ་བཟོ་གྲྭ་སོགས་ཀྱི་ཆེད་བཟོས་པའི་ཁང་པ་ཁ་ཤས་ཞིག་གྲུབ་འདུག །དེ་ལས་ང་ཚོ་ལ་ཤོག་བུའི་བཟོ་གྲྭའི་ཁང་པ་ཁང་མིག་གཉིས་ཡོད་པ་ཞིག་གཡར་ནས་ཟླ་བ་གང་འཚམས་ཞིག་བསྡད་པ་རེད། དེ་ནས་སྟབས་ལེགས་པ་ཞིག་ལ་གཞིས་ཆགས་ཚོ་ལ་རོགས་སྐྱོར་བྱེད་འདུག་མཁན་སཱུ་སཱིའི་རྒྱ་ཁྲམ་དམར་པོའི་རོགས་སྐྱོར་ཚོགས་པའི་ཕྱག་ལས་གནང་མཁན་མི་ཁུངས་དབྱིན་ཇི་ནས་ཡིན་པ་མཚན་ལ་ཕོ་ལྭིས་ཟཱར་ཞུ་མཁན་ཞིག་དང་། གཙོ་བོའི་སྤྱི་ཁྱབ་བལྟ་ཞིབ་པ་གུ་ཆུ་ཞུ་མཁན་ཞིག་གཉིས་འདུག །ཕོ་ལཱའི་ཟཱར་ཟེར་མཁན་དེས་དམིགས་བསལ་ང་ཚོར་ལ་རོགས་པ་བྱེད་ཀྱི་ཡིན་ཟེར་ནས་ཤིང་ནགས་ཀྱི་དཀྱིལ་དུ་ད་ལྟའི་ང་རང་ཚོའི་དགོན་པའི་གཡས་ངོས་ཕྱོགས་ཀྱི་གྲྭ་ཤག་དང་ཚོགས་ཁང་ཆུང་ཆུང་ཞིག་ཡོད་པ་དེ་ཁོང་གིས་རོགས་སྐྱོར་གནང་ནས་བརྒྱབས་ཏེ། དེ་ནས་ང་ཚོ་དེ་ལ་སྤོས་ཏེ། དེ་ནས་རིམ་གྱིས་དགོན་པ་འབྲས་གྲོང་ཀེ་ལ་མཱན་ཀྲན་དུ་གཏན་ཆགས་ཐུབ་པ་བྱུང་བ་རེད།
༣༽ དགོན་པ་ཐོག་མ་ཕྱག་བཏབ་པའི་སྐབས་དཔལ་འབྱོར་སོགས་གང་ཐད་ནས་སྐུ་ངལ་གང་འཚམས་ཞིག་བྱུང་ཡོད་ངེས་ལས་སྐུ་ངལ་ཆེ་ཤོས་ཀྱི་རིགས་ག་འདྲ་བྱུང་ངམ།
གོང་དུ་ཞུས་པ་ལྟར་དགོན་པའི་གཡས་ངོས་ཀྱི་གྲྭ་ཤག་དེ་བརྒྱབས་གྲུབ་པ་རེད་དེ། གློག་དང་ཆུ་གང་ཡང་ཡོད་མ་རེད། ཁྲུས་ཆུ་དང་འཐུང་ཆུ་ཐམས་ཅད་ཉོ་དགོས་པ་ཡིན་ཙང་འབོལ་འབོལ་ལྷུག་ལྷུག་གང་ཡང་ཡོད་མ་རེད། བདུན་ཕྲག་རེ་རེའི་ནང་དུ་ཐེངས་རེ་ཁྲུས་བརྒྱག་ཆེད་དམག་སྒར་གྱི་ཉེ་འགྲམ་ཆུ་ཞིག་ཡོད་རེད་དེར་འགྲོ་གིན་ཡོད། ནམ་རྒྱུན་གྱི་ངོ་གདོང་ཁྲུས་ཆེད་དུ་ཆུ་ཕོར་བ་གང་རེ་ཡོད་རེད་དེས་ངོ་གདོང་ཕུར་ཕུར་བྱེད་ཀྱི་རེད། གནས་སྟངས་ཧ་ཅང་གི་དཀའ་ངལ་ཆེན་པོ་ཡོད་རེད་དེ། ཡིན་ན་དཀོན་མཆོག་གི་ཐུགས་རྗེས་རིམ་གྱིས་ཡར་བསྐྱེད་ཀྱིས་ལོ་གཅིག་ཙམ་གྱིས་རྗེས་སུ་གཞིས་ཆགས་ནང་གློག་བཙུགས་ཐུབ་པ་བྱུང་སོང་། སྐབས་དེ་དུས་མཁན་ཆེན་ཐུབ་བསྟན་བརྩོན་འགྲུས་མཆོག་གིས་ཕྱག་དཔེ་ཁྲིད་ཅིང་། དེ་བཞིན་སྨྱོ་ཤུལ་མཁན་རིན་པོ་ཆེ་ཕེབས་ནས་གཟུངས་འདུས་སོགས་ཀྱི་ལྗགས་ལུང་གནང་བ་སོགས་དེ་འདྲ་བྱས་པ་རེད། ཡིན་ན་དཔལ་འབྱོར་གྱི་མཐུན་རྐྱེན་ཡོང་བབས་གང་ཡང་མེད་པས་ང་ཚོས་བུ་ལོན་སྔར་གཡར་ཕྱིར་སྤྲོད་དང་། ཚུར་གཡར་ཕར་སྤྲོད་བྱས་ནས་བསྡད་པ་རེད། དེ་འདྲ་བྱས་ནས་བསྡད་པ་གཅིག་པུའི་གཏན་ནས་འགྲིགས་ཀྱི་མི་འདུག །
དེ་འདྲ་ཡིན་དུས་པར་ཁང་ཞིག་བཙུགས་ཐུབ་ན་ཡོང་འབབ་ཕྲན་བུ་ཡོད་ངེས་སྙམ་ནས། པར་ཁང་བཙུགས་ནས་དེང་སང་ཡོད་བསྡད་པའི་ཚད་མ་རྣམ་འགྲེལ་ཕྱེད་ཀ་ལྕགས་འབྲུ་ཡིན་པ་དང་ཕྱེད་ཀ་བྲིས་མ་ཡིན་པ་དེ་ཐོག་མར་དཔར་བ་རེད། དེའི་རྗེས་སུ་འབུམ་ཞིག་སྤར་ཐུབ་ན་འབྲུག་དང་འབྲས་ལྗོངས་སོགས་ལ་དགོས་མཁན་མང་པོ་ཡོད་ཀྱི་རེད་སྙམ་ནས་འབུམ་ཞིག་པར་བསྐྲུན་ཞུས་པ་རེད། དེ་ལ་ཐོག་མའི་མ་ཕྱི་འབྲི་གླ་དང་། དེ་ནས་སྤར་གླ་སོགས་གང་ཐད་ནས་དཀའ་ངལ་ཆེན་པོ་ཞེ་དྲག་བྱུང་ཡོད་རེད། ཕྱེད་ཀ་ཙམ་གྲུབ་རྗེས་ང་རང་འབྲུག་ལ་སོང་། རི་མགོ་སྤྲུལ་སྐུ་རིན་པོ་ཆེ་འབྲས་ལྗོངས་ལ་ཕེབས་ནས་བསླུ་བསྐུར་ཞུས་ནས་དེའི་དངུལ་དེས་འབུམ་ལྷག་མ་ཕྱེད་ཀ་པར་བརྒྱབས་ནས་དེ་འདྲ་བྱས་ཏེ་མཇུག་རྫོགས་ཐུབ་པ་བྱུང་བ་རེད།
སྐབས་དེ་དུས་སྟབས་ལེགས་པ་འདྲ་ཞིག་ལ་འབྲུག་གི་སྤ་གྲོ་རྫོང་དཔོན་དྲག་ཤོས་ཀརྨ་ཞེས་པ་ང་རང་གི་སྦྱིན་བདག་ཆགས་ནས། ཁོང་གི་བརྒྱུད་ནས་འབྲུག་རྒྱལ་གསུམ་པའི་དྲུང་ཆེ་ཤིང་ཁ་བླ་མ་ཞུ་བ། ཧ་ཅང་ཐུགས་སེམས་བཟང་པོ་མི་ཡག་པོ་ཞེ་དྲག་ཞིག་འདུག ཁོ་རང་ངོ་ཤེས་པ་ཆགས་སོང་། ཁོང་རྣམ་པ་གཉིས་ནས་ང་ཚོའི་གནས་སྟངས་ཡག་པོ་མཁྱེན་གྱི་ཡོད་པས་འབུམ་བསླུ་ཡོན་བསྐུར་བ་དང་ཕྱག་དངུལ་བསྡུ་རུབ་བྱེད་པ་སོགས་རོགས་སྐྱོར་གང་ཐུབ་གནང་མུར། ཉིན་གཅིག་ང་རང་རྒྱལ་དྲུང་ཤིང་ཀ་བླ་མའི་སྐུ་མདུན་དུ་བཅར་སྐབས། སྟོན་པའི་སྐུ་ཞིག་བསྟན་ནས་མངའ་བདག་རྒྱལ་པོས་འདི་འདྲ་ཞིག་གི་སྐུ་ཁྲི་གཅིག་དགོས་གསུངས་ཀྱིན་འདུག །ང་ཚོས་བལ་ཡུལ་ལྷ་བཟོའི་མཉམ་དུ་སྐད་ཆ་བཤད་པ་ཡིན་ཏེ་ཁོང་ཚོས་སྐུ་རེ་རེ་ལ་སྒོར་མོ་བརྒྱད་བརྒྱ་རེ་དགོས་ཟེར་ཀྱི་འདུག །རིན་ཚད་ཆེན་པོ་ཞེ་དྲག་འདུག་ལ་ཡུན་རིང་པོ་ཡང་ཞེ་དྲག་སྒུག་དགོས་ཐུག་གི་འདུག་པས། ཁྱེད་རང་ཚོས་བླུག་ཐུབ་ཀྱི་མ་རེད་དམ་ཐུབ་ན་དགོན་པར་ཏོག་ཙམ་ཕན་ཀྱི་རེད་པ་གསུངས་ཀྱི་འདུག །
ངོས་ནས་བལྟ་ཆོག་ཞུས་ཏེ་མར་ཡོང་ནས་ང་རང་དང་བསམ་གྲུབ་གཉིས་ཀྱིས་ཡར་མར་བལྟས་པས་ཉིན་གཅིག་ལྡི་ལི་ནས་རྒྱ་གར་ཀྱི་སྐུ་འདྲ་བཙོང་མཁན་ཞིག་གིས་ཨ་ལིའི་སྒར་ཞེས་པའི་ས་ཆ་དེ་ནས་སྐུ་བཟོ་གི་ཡོད་རེད་ཟེར་ཀྱི་འདུག །དེ་ནས་གླིང་ཚང་བླ་མ་རྙི་དགས་སྐུ་ཞིག་བླུག་དཔེ་བཟོས་ནས་དེ་ཁུར་ཏེ་ཨ་ལིའི་སྒར་ལ་ཕྱིན་པ་ཡིན། ང་ཚོས་སྐུ་གཅིག་བླུག་ནས་དེ་ཁུར་ཏེ་ཡར་འབྲུག་ལ་སོང་ནས་འདི་འདྲ་ཞིག་བླུག་ཐུབ་ཀྱི་འདུག །ཕར་ཆེར་ལོ་གཅིག་གི་ནང་དུ་བླུག་ཚར་ས་རེད་ཞུས་པ་ཡིན། རིན་ག་ཚད་བབས་འདུག་གསུངས་ཀྱི་འདུག། གནས་བབས་བླུག་གླ་སྒོར་སུམ་ཅུ་རེ་རེད་འདུག །ཡིན་ཡང་དགོན་པ་ལ་ཡང་ཕྲན་བུ་ཕན་ཐོགས་ཡོང་རྒྱུ་རེ་བ་ཡོད་ཚུལ་ཞུས་པ་ཡིན། དེ་ནས་མཐར་སྒོར་མོ་བརྒྱ་དང་བཅུ་རེ་བྱེད་རྒྱུ་བྱས་ནས། ཁོང་གིས་བླུག་དཔེ་ཆེད་སྐུ་ཡག་པོ་ཞིག་བསྐུར་གནང་སོང་། དེ་བླུག་དཔེ་བྱས་ནས་སྐུ་བླུག་རྒྱུ་འགོ་བཙུགས་ནས་གང་འཚམས་ཕྱིན་སྐབས། ཚོང་པ་གཅིག་གཉིས་ཞིག་གིས་འབྲུག་གི་སྐྱིད་སྡུག་བློན་པོ་ལ་ཞུས་ནས་སྐུ་འདྲ་འདི་ལས་རིན་ཚད་ཆུང་བ་ང་ཚོས་བཙོང་ཆོག་ཟེར་བ་དང་། ཡང་མཁོ་ཁྱིམ་སྤྲུལ་སྐུ་དགེ་ལུགས་རེད་ཟེར་བ་སོགས་བཤད་ནས་བར་འཚངས་རྒྱབ་པ་ལ་བརྟེན་ནས་མཐའ་མ་སྐུ་འདྲ་རེ་ལ་སྒོར་བརྒྱ་དང་བཅུ་རེ་བྱ་རྒྱུ་བྱས་པ་རེད།
གང་ལྟར་སྐུ་འདྲ་ཐམས་ཅད་ལེགས་གྲུབ་ཀྱིས་མཇུག་གྲུབ་པར་བྱུང་བ་རེད་ལ་དགོན་པའི་བུ་ལོན་ཆ་ཚང་སྤྲོད་ཐུབ་ཀྱི་མི་འདུག་ཀྱང་དཀའ་ངལ་ཆེ་ཁག་རིགས་མེད་པ་འདྲ་ཡག་པོ་བྱུང་སོང་། གང་ལྟར་འགྲིལ་ཤིང་འགྲིལ་ཤིང་ཡར་ལོང་ཟེར་པའི་དཔེ་ལྟར་དེ་སྐབས་དཀའ་ངལ་མང་པོ་བྱུང་བ་གང་འཚམས་སེལ་ཐུབ་པ་བྱུང་ཐོག །ཕྱིས་སུ་༧སྐྱབས་རྗེ་ཁྲི་ཆེན་རིན་པོ་ཆེ་ཨ་མི་རི་ཁཱ་ལ་སྨན་བཅོས་ཆེད་ལན་གཅིག་ཕེབས་ཞོར། རྒྱ་རི་སྤྲུལ་སྐུ་རིན་པོ་ཆེ་དང་པདྨ་རྒྱལ་པོ་གཉིས་ནས་གདན་འདྲེན་ཞུས་ནས་ཉི་ཧོང་ལ་ཕེབས་པ་རེད། དེ་ནས་བཟུང་ང་ཚོའི་རྩ་བའི་བུ་ལོན་ཐམས་ཅད་ཕར་སྤྲོད་ཐུབ་པ་བྱུང་ནས་དཔལ་འབྱོར་ཀྱི་མཐུན་རྐྱེན་ལ་དཀའ་ངལ་མེད་པ་ཡག་པོ་ཆགས་པ་དེ་འདྲ་ཞིག་རེད།
༤༽ ༧སྐྱབས་རྗེ་བདེ་བར་གཤེགས་པ་ཁྲི་ཆེན་རྡོ་རྗེ་འཆང་ཀ་སྤུངས་ནས་མར་སྨིན་གྲོལ་གླིང་དུ་ཇི་ལྟར་གདན་འདྲེན་ཞུས་པའི་སྐོར།
སྤྱིར་ང་རང་འབྲུག་ལ་ཡར་འགྲོ་ཕྱིར་འོང་གི་སྐབས་སུ་རྟག་པར་སྐྱབས་རྗེ་ཁྲི་རིན་པོ་ཆེ་སྐུ་མདུན་དུ་བཅར་ནས་དགོན་པའི་གནས་སྟངས་དང་། སྐྱབས་རྗེ་རིན་པོ་ཆེ་དགོན་པར་ཕེབས་དགོས་པའི་ཞུ་བསྐུལ་བྱེད་ཀྱིན་ཡོད་དེ་དེ་དུས་ཞེ་དྲག་གི་ཞལ་བཞེས་ཐོབ་ཀྱི་མི་འདུག །ཡིན་ན་ཉིན་གཅིག་༧སྐྱབས་རྗེ་ཁྲི་རིན་པོ་ཆེའི་ཕྱག་བྲིས་ཞིག་གནང་འབྱོར་བྱུང་། ཕྱག་བྲིས་ནང་དུ་ཁོང་མར་ཕེབས་འཆར་ཡོད་པས་ཁྱེད་རང་ཚོ་གཅིག་བསུ་ཀར་ཤོག་ཅེས་གསུངས་འདུག །སྐབས་དེ་དུས་གཙུག་ལག་ཁང་གི་ཡང་ཐོག་གི་གཟིམས་ཁང་གྲུབ་ཡོད་མ་རེད་ཏེ་༧སྐྱབས་རྗེ་ཁྲི་རིན་པོ་ཆེ་ཕེབས་ཀྱི་ཡིན་གསུངས་དུས་ང་ཚོས་གཟིམས་ཁང་ཚར་མ་སོང་ཞུས་ན་མི་འགྲིགས་པས། ང་རང་དང་ངའི་རོགས་པར་གཉེར་པ་པདྨ་ངེད་གཉིས་ཕེབས་ཀྲོ་གཏོང་མཁན་བཅས་ང་ཚོ་ཀ་སྤུངས་སུ་སོང་ནས་སྐྱབས་རྗེ་རིན་པོ་ཆེ་མར་གདན་འདྲེན་ཞུས་པ་རེད། གཙུག་ལག་ཁང་གི་ཐོག་ཀའི་གཟིམས་ཁང་མ་ཚར་བ་སོང་ཙང་ཁྱི་ལུ་ཚང་གི་ནང་དུ་༧སྐྱབས་རྗེ་རིན་པོ་ཆེ་གནས་སྐབས་རིང་དེར་བཞུགས་དགོས་བྱུང་བ་རེད། དེ་ནས་རིམ་གྱིས་གཟིམས་ཁང་གྲུབ་པ་དང་༧སྐྱབས་རྗེ་རིན་པོ་ཆེ་སྐུ་འཁོར་གཙུག་ལག་ཁང་གི་ཡང་ཐོག་ཏུ་ཚུར་སྤོས་ཏེ་བཞུགས་པ་རེད། སྐྱབས་རྗེ་ཁྲི་རིན་པོ་ཆེ་ཞབས་སོར་འཁོད་ཐུབ་ནས་སྐལ་བ་བཟང་པོ་བྱུང་ཚུལ་དེ་འདྲ་ཞིག་རེད།
༥༽ རང་ལུགས་སྨིན་གླིང་པའི་ཕྱག་སྲོལ་བཞིན་བཀའ་གཏེར་ཀྱི་མཆོད་ཁག་རྒྱ་གར་དུ་ཇི་ལྟར་བཙུགས་ཐུབ་པ་བྱུང་ཚུལ།
ཐོག་མར་ང་རང་མ་གཏོགས་སྨིན་གླིང་གི་ཕྱག་བཞེས་སྐོར་ལ་རྒྱུས་ཡོད་སུ་ཡོད་མ་རེད་ང་རང་གིས་གཙོ་བོ་བྱས་ནས་དབུ་མཛད་བྱ་ཁུལ་བྱས། ལུང་རྟོགས་དཔལ་ལྡན་གྱིས་གཏོར་མ་བཅའ་རྒྱུ་དང་མཆོད་དཔོན་བྱས་ནས་གུ་དྲག་གི་ཐོག་ནས་དགུ་ཆེན་ཚོགས་པ་རེད། སྤྱིར་སྨིན་གླིང་གི་ཕྱག་བཞེས་ལ་ལོ་མཇུག་དགུ་གཏོར་གཤིན་རྗེ་དྲེད་འཇོམས་ཚོགས་སྲོལ་འདུག་ཀྱང་གཤིན་རྗེའི་བཟློག་པ་དཔེ་ཆ་མ་ཐོབ་ནས་ལོ་ཁ་ཤས་ཞིག་གི་རིང་དུ་གུ་དྲག་གི་སྒོ་ནས་ཚོགས་ཡིན།དེ་ནས་རིམ་གྱིས་བླ་མ་གསང་འདུས་ཀྱི་སྒོ་ནས་གདངས་དབྱངས་སོགས་གང་ཤེས་ཤེས་བྱས་ནས་ཚེས་བཅུ་ཚོགས་ཐུབ་པ་དང་། སྐྱབས་རྗེ་ཁྲི་རིན་པོ་ཆེ་མར་གདན་འདྲེན་ཞུས་གྲུབ་རྗེས་སྐྱབས་རྗེ་རིན་པོ་ཆེ་ལ་བཀའ་འདྲི་ཞུ་ཞོར་བྱེད་ནས་ལོ་ཁམས་དེ་ཚོ་གསལ་པོ་དྲན་གྱི་མི་འདུག་སྟེ། རིམ་གྱིས་རྡོ་སེམས་ཀྱི་སྒྲུབ་མཆོད་ཚོགས་ནས་དེ་དང་མཉམ་དུ་གསང་སྙིང་གི་རྩ་བ་ཉིན་རེ་བཞིན་ལེའུ་རེ་རེ་སྦྱར་ནས་རྒྱུད་འདོན་བྱས་ཏེ་ལོ་ཤས་ཚོགས་པ་རེད། དེ་ནས་བཀའ་བརྒྱད་ཀྱི་སྒྲུབ་པ་བཙུགས་ཐུབ་པ་བྱུང་སོང་། བཀའ་བརྒྱད་སྒྲུབ་ཆེན་གྱི་སྐབས་སུ་ཊ་ཀིའི་འཆམས་དེ་ཚོ་ང་རང་གིས་ཡག་པོ་ཤེས་ཀྱི་ཡོད། གར་འཆམས་འཆམས་རྒྱུ་ཡོད་རེད་དེ་འཆམས་ཆས་སོགས་ཀྱིས་སྟབས་འགྲིགས་ཀྱི་མི་འདུག་ལ་འཆམས་ཡང་ཡག་པོ་ཤེས་ཀྱི་མེད། དེ་དུས་དབུ་མཛད་དྭགས་པོ་རིན་པོ་ཆེས་གནང་བ་རེད། རྩ་བའི་གདངས་དབྱངས་སོགས་སྐྱབས་རྗེ་ཁྲི་ཆེན་རིན་པོ་ཆེ་ལ་བཀའ་འདྲི་ཞུ་ཞོར་བྱས་ནས་གང་ལ་གང་འཚམས་ཡག་པོ་བྱུང་སོང་།
དེ་ནས་སྤྱི་ལོ་ ༡༩༧༩ ལོར་རྒྱ་བོད་བར་དུ་འགྲོ་ཆོག་པ་ཆགས་སྐབས་བླ་མ་རྡོ་རྗེ་ཐེག་རྩེ་རིན་པོ་ཆེ་དང་། མཁན་པོ་པདྨ་རྒྱལ་མཚན། བླ་མ་འགྱུར་ཆོས། གཉེར་པ་པདྨ་། འགྱུར་མེད་རྡོ་རྗེ་བཅས་བོད་དུ་བཏང་ནས་ཁ་ཤས་ཀྱི་དབུ་མཛད་དང་ཁ་ཤས་ཀྱི་འཆམས་སོགས་སྦྱོང་ནས་གང་འཚམས་ཡག་པོ་བྱུང་འདུག །དེ་བཞིན་སྤྱི་ལོ་ ༡༩༨༣་ ལོ་ང་རང་བོད་དུ་སོང་བ་རེད། དེ་དུས་ཐོག་མར་སྨིན་གྲོལ་གླིང་དུ་ཁྱུག་ཙམ་བཅར་བ་ཡིན། དེའི་ཕྱི་ཉིན་སྨིན་གྲོལ་གླིང་ཉམས་གསོ་བྱ་རྒྱུའི་ཆོག་མཆན་འབུལ་མི་ས་གནས་དཔོན་རིགས་འབྱོར་བས་ལ་ཉེ་བཟང་པོ་བྱུང་། ཉིན་ཤས་རྗེས་སུ་ཁམས་ཕྱོགས་སུ་སོང་ནས་ཡར་ཡོང་དུས་ང་རང་སྨིན་གྲོལ་གླིང་དུ་སོང་སྟེ་དྭོགས་གནད་ཀྱི་རིགས་ལ་སློབ་སྦྱོང་བྱས་པ་ཡིན། ཡིན་ན་ཡང་དེ་ཙམ་ཞིག་གིས་ད་རུང་འགྲིགས་ཀྱི་མི་འདུག་བསམ་ནས། དགེ་སློང་བཤད་སྒྲུབ་ལགས་ཁོང་ཚུར་གདན་འདྲེན་ཞུས་ནས་རིམ་གྱིས་ཕྱོགས་གང་ཐད་ནས་ཡག་པོ་ཞེ་དྲག་ཕྱིན་ཡོད་རེད།
དེ་རྗེས་དགེ་སློང་བསྟན་འཛིན་ཉི་མ་ལགས་གདན་འདྲེན་ཞུས་ནས་ཁོང་གིས་ཞིབ་འཇུག་དང་བསྐྱར་བཅོས་དགོས་རིགས་བྱས་ནས། ད་ལྟའི་ཆར་སྨིན་གླིང་པའི་ཕྱག་བཞེས་བཞིན་དགུ་གཏོར་ཉེར་བརྒྱད་དང་ཉེར་དགུ་གཉིས་ཀྱི་ཟོར་འཆམས་དང་བཅས་པ། དེ་བཞིན་དུ་བཀའ་བརྒྱད་ཀྱི་སྒྲུབ་ཆེན་གར་འཆམས་ཕྱག་ལོན་བཅས་པ། ཚེས་བཅུ་ཆེན་མོ་ཕྱག་བཞེས་་སྐུ་འཆམས་དང་བཅས་པ། རྡོར་སེམས་ཀྱི་སྒྲུབ་པ། བོད་སྨིན་གྲོལ་གླིང་ལ་བཀའ་མའི་མཆོད་ཁག་དཀྱིལ་འཁོར་ཆེ་བ་བཞི་སྒྱུ་འཕྲུལ་ཞི་བ་དང་ཁྲོ་བོ། ཚོགས་ཆེན་འདུས་པ། ཡང་དག་སྟེ་བཞི་དང་། ཆུང་བ་བཞི་སངས་རྒྱས་མཉམ་སྦྱོར། དོང་སྤྲུག་པདྨ་བརྒྱ་ལྡན། ལུང་ལུགས་ཚེ་སྒྲུབ་འཆི་མེད་དཔལ་སྟེར། ཆ་གསུམ་རྒྱས་པ་བཅས་བརྒྱད་ཡོད་པ་ལས་སངས་རྒྱས་མཉམ་སྦྱོར། དོང་སྤྲུགས་པདྨ་བརྒྱ་ལྡན། ཆ་གསུམ་རྒྱས་པ་གསུམ་མ་གཏོགས་པ་གཞན་ལྔའི་སྒྲུབ་མཆོད་རྩ་འཆམས་དང་གར་འཆམས་བཅས་དང་། ༧སྐྱབས་རྗེ་ཁྲི་རིན་པོ་ཆེའི་དགོངས་རྫོགས་དང་འབྲེལ་ཐུགས་རྗེ་ཆེན་པོ་བདེ་གཤེགས་ཀུན་འདུས་ཀྱི་སྒྲུབ་ཆེན་སོགས་ཐམས་ཅདམཐོང་རྒྱུན་གྱི་ཕྱག་སྲོལ་ལྟར་ཡག་པོ་བྱུང་ཡོད་རེད།
༦༽ སྨིན་གླིང་གི་བཤད་གྲྭ་སྔ་འགྱུར་མཐོ་སློབ་མདོ་རྒྱུད་ལེགས་གླིང་དང་སྒྲུབ་སྡེ་འོད་གསལ་གླིང་གཉིས་ཇི་ལྟར་ཕྱག་བཏབ་ཚུལ།
སྤྱིར་བཏང་བཤད་གྲྭ་ཟེར་ནས་མིང་བཏགས་ཡོད་མ་རེད་མ་གཏོགས་དཔེ་ཆ་འཆད་ཁྲིད་གོང་ཞུས་ལྟར་སྔར་ནས་ཡོད་རེད། གོང་དུ་ཞུས་པ་བཞིན་མཁན་རིན་པོ་ཆེ་བརྩོན་འགྲུས་མཆོག་གིས་འཆད་ཁྲིད་མཛད་ནས་རྒྱལ་སྲས་རིན་པོ་ཆེ། མཁན་པོ་པདྨ་ཤེས་རབ་ལ་སོགས་སློབ་ཕྲུག་བཅུ་སྐོར་གྱིས་ཕྱག་དཔེ་གསན་གཟིགས་གནང་བཞིན་པ་རེད། ཕྱིས་སུ་མཁན་རིན་པོ་ཆེ་ཝ་ཎ་མཐོ་སློབ་དང་འབྲས་ལྗོངས་སོགས་སུ་མཁན་པོར་ཕེབས་པའི་སྐབས་རྒྱལ་སྲས་རིན་པོ་ཆེ་དང་། འགྱུར་མེད་འཕྲིན་ལས་ཁོང་རྣམ་གཉིས་མཁན་རིན་པོ་ཆེའི་མཉམ་དུ་ཕེབས་པ་རེད། ཕྱིས་སུ་རྒྱལ་སྲས་སྤྲུལ་སྐུ་དང་འགྱུར་མེད་འཕྲིན་ལས་གཉིས་མར་ཕེབས་ནས་རང་ཚོའི་དགོན་པར་མཁན་པོ་ཁྲི་སྟོན་བྱས་ནས་ཁོང་རྣམ་པ་གཉིས་ཀྱིས་རྒྱུན་འཐུད་ནས་ཕྱག་དཔེ་ཁྲིད་བཞིན་རེད། དེ་ནས་རིམ་གྱིས་ང་རང་ཚོའི་གྲྭ་བ་གཏོགས་ཙམ་མང་དུ་ཕྱིན་ནས་ཕྱོགས་ཐམས་ཅད་ལ་གོ་རྒྱུ་ཡོད་པ་འདྲ་ཤིག་བྱུང་བ་རེད། དེ་འདྲ་ཡིན་དུས་བཤད་གྲྭ་ཞིག་མེད་ན་མ་འགྲིགས་མཁན་འདྲ་བོ་ཞིག་དང་། སློབ་ཕྲུག་ཚོས་ཀྱང་བཤད་གྲྭ་ཞིག་ལོག་ཏུ་མེད་ན་འགྲིགས་ཀྱི་མི་འདུག་ཟེར་ནས་སྐད་ཆ་འདྲ་ཞིག་ཡོང་གི་འདུག །དེ་ནས་རྒྱལ་སྲས་རིན་པོ་ཆེ་དང་ངེད་གཉིས་བཀའ་མོལ་བྱས་ནས་བཤད་གྲྭ་ཞིག་ལོག་ཏུ་བཙུགས་ན་དགའ་མིན་གྲོ་བསམ་ནས་བཤད་གྲྭ་ལོག་ཏུ་བརྒྱབ་རྒྱུ་བྱས་པ་རེད།
ཡིན་ན་ཡང་སྐབས་དེ་དུས་རྩ་བའི་ང་ཚོར་དཔལ་འབྱོར་ཀྱི་དཀའ་ངལ་ཞེ་དྲག་ཡོད་མ་རེད་དེ་བཤད་གྲྭ་ལོག་ཏུ་བརྒྱབ་རྒྱུར་གྲྭ་ཤག་ཐམས་ཅད་གཞི་ནས་ལས་དགོས་དུས། སྐྱབས་རྗེ་རྫོང་ནང་རིན་པོ་ཆེ་སྐུ་གདུང་མེ་མཆོད་ཆེད་ཐེ་ཝན་ལ་ང་རང་འགྲོ་སྐབས། སྤྲུལ་སྐུ་ཨྱོན་སྟོབས་རྒྱལ་རིན་པོ་ཆེ་ལ། ང་ཚོའི་གྲྭ་པ་ཚོར་བཤད་གྲྭ་ཞིག་ལོག་ཏུ་མེད་ན་བློ་ཁ་ཚིམ་གྱི་ཡོད་ས་མ་རེད། དེ་འདྲ་ཡིན་དུས་བཤད་གྲྭ་གསར་དུ་བརྒྱག་དགོས་ཀྱི་འདུག་པས་ད་ལན་ཁྱེད་ཀྱིས་ང་ལ་རོགས་པ་གནང་རོགས་གྱིས་ཞུས་པ་ཡིན། དགོན་པའི་ཆེད་དུ་པད་ཤག་དངོས་སུ་སློང་མོ་ཞུས་པ་དེ་ཙམ་མ་གཏོགས་བྱེད་མ་མྱོང་། ཁོང་སྔོན་ནས་ཐྭེ་ཝན་ལ་ཕེབས་འདུག་མཁན་ཡིན་ཙང་ཁོང་གིས་སློབ་མ་རྣམས་ལ་སྐད་ཆ་བཤད་ནས་ཧིན་སྒོར་འབུམ་བཅོ་ལྔ་ཞིག་གནང་འབྱོར་བྱུང་བས། དེས་སྔ་འགྱུར་མཐོ་སློབ་མདོ་རྒྱུད་ལེགས་བཤད་གླིང་གསར་དུ་བརྒྱབས་ནས་ལེགས་གྲུབ་ཀྱིས། བཤད་གྲྭའི་མཛད་སྒོའི་རྟེན་འབྲེལ་སྐབས་སུ། སྐྱབས་རྗེ་གྲུབ་དབང་པད་ནོར་རིན་པོ་ཆེ་དང་། སྐྱབས་རྗེ་མཁྱེན་བརྩེ་རིན་པོ་ཆེའི་སྐུ་ཚབ་སྐྱབས་རྗེ་ཞེ་ཆེན་རབ་འབྱམས་རིན་པོ་ཆེ། རང་གཞུང་ཆོན་དོན་རྒན་དྲུང་ཨྱོན་ལགས་སོགས་ཕེབས་ཡོད་རེད། རྒྱལ་སྲས་རིན་པོ་ཆེས་མཁན་པོ་རྩིས་སྤྲོད་གསེར་དངུལ་བཀྲ་མའི་ཤོ་ཀ་ལི་ཞིག་ཡོད་པ་དེ་མཁན་པོ་བློ་གྲོས་དྲི་མེད་ལ་ཕུལ་ནས་མཁན་པོའི་ཕྱག་ལས་རྩིས་སྤྲོད་གནང་བ་རེད། བཤད་གྲྭའི་མཁན་པོ་ཐོག་མ་དེ་བོད་ནས་ཕེབས་པའི་མཁན་པོ་བློ་གྲོས་དྲི་མེད་ལགས་ནས་གནང་བ་རེད། དེ་ནས་རིམ་བཞིན་ད་ལྟའི་བར་མུ་འཐུད་ནས་ཡག་པོ་བྱུང་ཡོད་པ་དེ་འདྲ་ཞིག་རེད།
སྒྲུབ་སྡེ་འོད་གསལ་གླིང་གི་སྐོར་ལ་ཐོག་མ་ང་ཚོས་དགོན་པ་དང་བཤད་གྲྭ་གཉིས་གཙོར་འདོན་བྱས་པ་རེད། ཕྱིས་སུ་དགོན་པ་དང་བཤད་གྲྭ་ནས་ཐོན་ཏེ་སྔོན་འགྲོ་ཞིག་ཀྱང་བསགས་སྦྱངས་མེད་ན་ཡག་པོ་མི་འདུག་སྙམ་ནས། གྲྭ་ཚང་གི་འཛིན་རིན་ཐོན་ནས་བཤད་གྲྭར་མ་ཞུགས་སྔོན་དུ་སྔོན་འགྲོ་ཞིག་བསགས་སྦྱངས་བྱེད་རྒྱུ་དང་། བཤད་གྲྭའི་འཛིན་རིམ་ཐོན་ཟིན་ནས་རྩ་གསུམ་བསྙེན་པ་གཏོང་རྒྱུ་བྱུང་ན་ཡག་པོ་འདུག་བསམ་ནས་སྒྲུབ་གྲྭ་བརྒྱབས་པ་རེད་དེ། མང་ཆེ་བ་སྔོན་འགྲོ་བསགས་སྦྱངས་བྱེད་མཁན་མ་གཏོགས་ལོ་གསུམ་བསྡད་མཁན་ཁ་ཤས་ཞིག་མ་བཏོགས་བྱུང་ཡོད་མ་རེད།
༧༽ འཕགས་ཡུལ་འོག་མིན་ཨྱོན་སྨིན་གྲོལ་གླིང་དུ་སྔ་འགྱུར་བཀའ་གཏེར་གྱིས་གཙོས་པའི་དབང་ལུང་ཇི་ལྟར་བཙུགས་ཐུབ་ཡོད་དམ།
སྤྱི་ལོ་ ༡༩༧༨ ལོར་ཐོག་མར་གཏེར་མཛོད་བཙུགས་ཕྱོགས་སྐོར། ཉིན་གཅིག་ལ་སྐྱབས་རྗེ་རྫོང་ནང་རིན་པོ་ཆེས། ད་ང་རང་གཉིས་ཀྱིས་དགོན་པ་ཆ་ཚང་ཞིག་མཇུག་གྲུབ་མ་ཚར་ཀྱང་གཏེར་མཛོད་ཅིག་བཙུགས་ཐུབ་ན་བླ་སྤྲུལ་དགུང་ལོ་གཞོན་པ་མང་པོ་ཞིག་ཡོད་པ་རེད་དེ་ཚོ་ལ་ཐུགས་ཕན་གསོད་རྒྱུ་རེད་བསམ་གིན་འདུག་གསུངས་ཀྱིན་འདུག། ངས་དཔེ་མི་སྲིད་ཡག་པོ་འདུག་ཞུས་པ་ཡིན། སྐྱབས་རྗེ་མཁྱེན་བརྩེ་རིན་པོ་ཆེར་གཏེར་མཛོད་ཀྱི་དབང་དང་། སྐྱབས་རྗེ་རྡོ་གྲུབ་ཆེན་རིན་པོ་ཆེ་ལ་གཏེར་མཛོད་ཀྱི་ལུང་གནང་རྒྱུ་གསོལ་བ་བཏབ་པ་བཞིན་ཞལ་བཞེས་ཐོབ་ནས་རྐྱེན་སེལ་གྱི་ཞབས་རིམ་དུ་༧སྐྱབས་རྗེ་གྲུབ་དབང་པདྨ་ནོར་བུ་རིན་པོ་ཆེ་དབུ་བཞུགས་ཐོག་རཏ་གླིང་ཕུར་པའི་སྒྲུབ་ཆེན་སོགས་རྒྱབ་རིམ་བསྒྲུབས་པ་དང་སྐྱབས་རྗེ་རྣམ་པའི་ཐུགས་རྗེས་རིན་ཆེན་གཏེར་མཛོད་དབང་ལུང་བར་ཆད་མེད་པ་བཙུགས་ཐུབ་པ་བྱུང་བ་རེད།
སྤྱི་ལོ་ ་་་་་ ལོར་གོ་འཇོ་མཆོག་སྤྲུལ་རིག་འཛིན་པདྨ་རིན་པོ་ཆེ་གདན་ཞུ་བྱས་ནས་ལོ་ཆེན་དྷརྨ་ཤྲཱིའི་གསུང་འབུམ་དང་། མདོ་འགྲེལ་མུན་པའི་གོ་ཆའི་ཡང་འགྲེལ་རྣམས་ཀྱི་ལྗགས་ལུགས་བཙུགས་པ་རེད།
དེ་ནས་སྐྱབས་རྗེ་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ་ལ་བཀའ་མའི་བཀའ་དབང་གནང་བར་གསོལ་བཏབ་ནས་སྤྱི་ལོ་ ༡༩༩༧ ལོའི་ལོ་མཇུག་ཏུ་བཀའ་མ་ཡོངས་རྫོགས་སྨིན་གྲོལ་ཀླག་ལུང་དང་བཅས་པ་བཀའ་དྲིན་བསྐྱངས་པ་རེད།
སྤྱི་ལོ་ ་་་་ ལོར་སྨིན་གླིང་སློབ་དཔོན་བསྟན་འཛིན་ཉི་མ་ལགས་གདན་འདྲེན་ཞུས་ནས་སྨིན་གླིང་གཏེར་ཆེན་འགྱུར་མེད་རིན་པོ་ཆེའི་བཀའ་འབུམ་ཡོངས་རྫོགས་བཀླག་ལུང་གནང་བ་མཛད།
སྤྱི་ལོ་ ༢༠༠༡ ལོ་སྐྱབས་རྗེ་འཁྲུལ་ཞིག་རིན་པོ་ཆེ་གདན་འདྲེན་ཞུས་ནས་ཐུགས་རྗེ་ཆེན་པོ་དང་ལྷ་ཆེན་གྱི་སྲོག་དབང་བཅས་གནང་བ་རེད། སླར་ཡང་སྤྱི་ལོ་ ༢༠༠༧ ལོ་སྐྱབས་རྗེ་འཁྲུལ་ཞིག་རིན་པོ་ཆེ་གདན་འདྲེན་ཞུས་ནས་ལོ་ཆེན་རིན་པོ་ཆེས་མཛད་པའི་འདུས་པ་མདོ་དབང་དང་སྨིན་གླིང་པའི་ཆོས་སྐོར་ཡོངས་རྫོགས་འདོད་འཇོའི་བུམ་བཟང་དང་བཅས་པའི་བཀའ་དབང་བཀའ་དྲིན་བསྐྱངས་པ་རེད།
དེ་ནས་སླར་ཡང་སྐྱབས་རྗེ་རྩེ་སྤྲུལ་རིན་པོ་ཆེ་ལ་གསོལ་བ་བཏབ་པ་བཞིན་སྤྱི་ལོ་༢༠༠༨ དང་ ༢༠༠༩ ལོའི་བར་སྐྱབས་རྗེ་རིན་པོ་ཆེས་རིན་ཆེན་གཏེར་མཛོད་ཀྱི་སྨིན་བྱེད་དབང་དང་། སྐྱབས་རྗེ་ནམ་མཁའི་སྙིང་པོ་རིན་པོ་ཆེར་གསོལ་བ་བཏབ་པ་བཞིན་གཏེར་མཛོད་ཀྱི་ལྗགས་ལུང་གནང་ནས་བཀའ་དྲིན་ཆེན་པོ་ཞེ་དྲག་བྱུང་བ་རེད། དེ་བཞིན་དུ་༧གོང་ས་ལྷ་མའི་རྣམ་འདྲེན་ཆེན་པོ་རྒྱལ་བ་ཡིད་བཞིན་ནོར་བུ་ཐེངས་ཁ་ཤས་ཞབས་བཅགས་ནས་བཀའ་ཆོས་དང་བཀའ་དབང་དང་། གཞན་ཡང་སྐྱབས་རྗེ་གྲུབ་དབང་པད་ནོར་རིན་པོ་ཆེ། དཔལ་རྒྱལ་བའི་དབང་པོ་ཀརྨ་པ་རང་བྱུང་རིག་པའི་རྡོ་རྗེ། དཔལ་ས་སྐྱ་གོང་མ་རིན་པོ་ཆེ་སོགས་ཕེབས་ནས་བཀའ་དབང་དང་རབ་གནས་སོགས་མཛད་དེ་བཀྲ་ཤིས་ཤིང་བྱིན་ཆགས་པ་ལྟ་བུ་བྱུང་དེ་འདྲ་ཞིག་རེད།
༨༽ འཕགས་ཡུལ་འོག་མིན་ཨྱོན་སྨིན་གྲོལ་གླིང་གི་ཡན་ལག་རྒྱ་གར་གཙོས་པའི་ཡུལ་གྲུ་གཞན་ལ་ཇི་ཙམ་ཡོད་དམ།
སྤྱིར་ང་ཚོ་ལ་ཡན་ལག་མང་པོ་ཅི་ཡོད་མ་རེད་། ཡན་ལག་དང་པོ་ཐཱེ་ཝན་ཡི་ཐཱེ་པེ་ཆོས་ཚོགས་དེ་རེད། ང་སྔོན་མ་ཙང་ཧ་ཅི་ཕོང་རྒན་པོ་སར་སྐུ་འདྲ་གཟུངས་ཞུགས་ཕུལ་བ་དང་ལྷ་འབྲི་ཕྱོགས་སྐོར་ལ་བསླབ་སྟོན་བྱ་མི་ལ་ཡོང་རོགས་ཟེར་ནས་ང་རང་ཐེངས་མ་ཁ་ཤས་ཞིག་འགྲོ་དགོས་བྱུང་སོང་། སྐབས་དེ་དུས་ཨྱོན་བསྟན་འཛིན་དང་། རིན་ཆེན་ཚེ་རིང་། གཉེར་པ་པདྨ་གསུམ་གྱིས་ང་རང་ཚོ་ལ་འདིར་ཆོས་ཚོགས་གཅིག་ཡིན་གཅིག་མིན་གཉིས་དགོས་ས་རེད། ཆོས་ཚོགས་མེད་ན་འབྲེལ་བ་བྱེད་ས་རྩ་ནས་མི་འདུག །ལོ་གཅིག་གི་རིང་ལ་ཆོས་ཚོགས་ཀྱི་ཁང་གླ་ལ་སོགས་འགྲོ་སོང་རིགས་ཁོང་རྣམ་པས་ཕུལ་ཆོག་ཟེར་ཀྱི་འདུག །དེ་ནས་ང་རང་གིས་༧སྐྱབས་རྗེ་ཁྲི་རིན་པོ་ཆེ་ལ་བཀའ་འདྲི་དང་ཐུགས་བརྟགས་ཞུས་ནས་ཆོས་ཚོགས་བཙུགས་གཏན་འཁེལ་ཏེ་ཆོས་ཚོགས་བཙུགས་ནས། དེར་བླ་མ་ཡོན་ཏན་དང་དེའི་རོགས་པ་དཀོན་མཆོག་སྙན་གྲགས་གཉིས་གཏོང་ནས་ཡན་ལག་དང་པོ་དེ་རེད། དེའི་རྗེས་ལ་ཐེ་ལྗོང་ལ་ཆོས་ཚོགས་གཅིག་བཙུགས་ནས་དེའི་བླ་མ་དེ་དཀོན་མཆོག་སྙན་གྲགས་བཞག་རེད།
དེ་ནས་༧སྐྱབས་རྗེ་སྨིན་གླིང་ཁྲི་ཆེན་རིན་པོ་ཆེ་ཐཱེ་ཝན་ཆིབས་བསྒྱུར་གནང་སྐབས་སུ། རྒྱ་སྟོན་ཏི་ཅིང་བྷ་སུ་ནས་ཐེ་ཝན་ཀོང་ཤང་དང་ཐཱེ་ནན་ལ་སྨིན་གླིང་ཆོས་ཚོགས་ཞིག་ཡིན་གཅིག་མིན་གཉིས་བཙུགས་རོགས་གྱིས། ཁོང་གིས་འགྲོ་སོང་གཏོང་ཆོག་གསུངས་ནས་ཀོང་ཤང་དང་ཐཱེ་ནན་གཉིས་ལ་སྨིན་གྲོལ་གླིང་གི་ཆོས་ཚོགས་བཙུགས་པ་རེད་དེ། ཕྱིས་སུ་ཐཱེ་ནན་སྨིན་གླིང་ཆོས་ཚོགས་སྒོ་བརྒྱབ་དགོས་བྱུང་བ་རེད། ཀང་ཤང་སྨིན་གླིང་ཆོས་ཚོགས་ལ་དེ་སྔོན་གདུང་སྲས་དགའ་རབ་རིན་པོ་ཆེའི་ཆོས་ཚོགས་ལ་བཞུགས་མཁན་རང་རེའི་དགེ་འདུན་པ་ཁོང་རྣམ་པས་ཀུན་ལེགས་མཁན་པོ་ཞུ་མཁན་དེ་ཚུར་གཏོང་རོགས་ཞུས་ནས་དེས་ད་ལྟ་གཟིགས་བཞིན་ཡོད་རེད། དེ་ནས་ཅིས་ཕོང་རྒན་པོས་ཐཱེ་ཝན་སྤུ་རིའི་ལ་སྨིན་གླིང་གི་དགོན་པ་བརྒྱབ་ནས་སྐྱབས་རྗེ་ཁྲི་རིན་པོ་ཆེ་ལ་ཕུལ་གྱིན་ཡིན་གསུངས་ནས་དེ་ལ་དགོན་པ་བརྒྱབས་པ་རེད། དེའི་ནང་གི་རི་མོ་དང་། སྐུ་འདྲ་བཅའ་རྒྱུ་རིགས་སོགས་ཐམས་ཅད་ང་རང་ཚོས་བྱས་ནས་དགོན་པ་ལེགས་གྲུབ་བྱུང་ནས་ཉེ་བའི་ལོ་ཤས་སྔོན་དུ་ཡིག་ཆ་དང་ཐམས་ཅད་གཏན་འབེབས་བྱས་ཏེ་ཐཱེ་ཝན་སྨིན་གླིང་གི་དགོན་པ་རེད། ད་ལྟའི་ཆར་མཁན་པོ་དབང་ཆེན་ཞུ་བ་ཞིག་བཞུགས་ཡོད།
དེ་ནས་ཨ་རི་ལ་རིགས་སྲས་རྗེ་བཙུན་མཁའ་འགྲོ་རིན་པོ་ཆེས་བཙུགས་པའི་སྨིན་གླིང་པདྨ་དགའ་ཚལ་ཡོད་རེད། མཆོག་སྤྲུལ་ཨྱོན་ཆོས་འཕེལ་རིན་པོ་ཆེ་ནས་མཱ་ལེ་ཤ་ལ་ཆོས་ཚོགས་གསར་བཙུགས་གནང་ནས་དེ་སྨིན་གྲོལ་གླིང་གི་ཡན་ལག་ཡིན་ཞེས་ཁོང་རང་དང་ལས་བྱེད་བཅས་པས་མཚན་རྟགས་གནང་ནས་གནང་བྱུང་བ་གཅིག་རེད། ཕྱིའི་རྒྱལ་ཁབ་ཏུ་ཡོད་པ་དེ་ཙམ་ཞིག་རེད། དེ་ནས་རྒྱ་གར་དུ་རིགས་སྲས་མཁན་འགྲོ་རིན་པོ་ཆེས་བཙུགས་པའི་བཙུན་དགོན་བསམ་གཏན་རྩེ་དང་། ལྡི་ལིའི་སྨིན་གྲོལ་གླིང་དགོན་པ་རེད། གཞན་བདེ་སྐྱིད་གླིང་ལྷོ་བྲག་ཐིག་ཕྱི་དགོན་པ་རེད། ཁོང་ཚོས་ཐིག་ཕྱི་དགོན་པ་ང་ཚོ་ལ་བདག་པོ་རྒྱབ་རོགས་ཟེར་ནས་ཨུ་ཚུགས་ཡང་ཡང་བརྒྱབ་ཀྱི་འདུག་ཀྱང་། ལྷོ་བྲག་ཐིག་ཕྱི་དགོན་པའི་མཚན་ཡོད་བཞིན་དུ་སྨིན་གྲོལ་གླིང་ཡིན་ཟེར་ན། གཅིག་བསད་གཅིག་བསོ་བྱས་པ་འདྲ་འདུག་པས་ཡག་པོ་མི་འདུག་སྙམ་ནས། ནམ་ཞིག་ཁོ་རང་ཚོ་རང་མགོ་མ་ཐོན་གྱི་བར་དུ་གནས་སྐབས་ཀྱི་རིང་ང་ཚོས་འཛིན་སྐྱོང་བྱེད་རྒྱུ་བྱས་པ་རེད། དེ་ནས་ཀ་སྤུངས་ཨྱོན་སྨིན་གྲོལ་བསམ་གཏན་གླིང་རེད། དེ་ཐོག་མར་ཤར་པ་བླ་མ་ངག་དབང་བཤད་སྒྲུབ་ཞུ་མཁན་ཁོང་གིས་ལྷ་ཁང་ཆུང་ཆུང་ཞིག་བརྒྱབ་ནས་དེ་ལ་ཡུལ་མི་ཚོས་ཚེས་བཅུ་ཉེར་ལྔ་སོགས་ཚོགས་ས་བྱེད་ཀྱི་ཡོད་པ་འདྲ།
ཉིན་ཞིག་ཤར་པ་བླ་མ་ཁོང་མར་སྨིན་གྲོལ་གླིང་དུ་ང་སར་ཕེབས་ནས་ང་ལོ་ན་རྒན་ཁོག་རེད། ཁོང་ལ་ལྷ་ཁང་དང་དེ་བཞིན་ས་ཆ་ཨེ་ཀ་དྲུག་ཙམ་ཡོད། དེ་ཐམས་ཅད་སྨིན་གྲོལ་གླིང་ལ་ཕུལ་རྒྱུ་ཡིན་པས་བཞེས་ནས་བདག་པོ་གནང་རོགས་ཞེས་ཞུ་གི་འདུག ངས་བླ་མ་ཁྱེད་རང་གིས་སྔོན་མ་ང་ཚོ་ཀ་སྤུངས་སུ་ཡོད་པའི་སྐབས་སུ་ཕུལ་ཡོད་ན་ང་ལ་ཡང་འགྲོ་ས་གང་ཡང་མེད་པའི་སྐབས་ཡིན་དུས་ཡག་པོ་བྱུང་ཡོད་རེད་དེ། དེ་དུས་ང་ཚོ་ཕན་ཚུན་འབྲེལ་བ་བྱུང་ཡོད་མ་རེད། ད་ང་ཚོ་ས་ཆ་འདི་རུ་སླེབས་ཚར་བ་རེད། ཁྱེད་ཀྱི་དགོན་པ་ས་ཡར་ཡོད་རེད། ང་ཚོ་ཡོང་རྒྱུ་རྩ་ནས་ཡོད་མ་རེད་ཅེས་ལབ་ནས་ཁས་མ་བླང་བ་ཡིན། ཡིན་ན་ཁོང་གིས་ཡིན་གཅིག་མིན་གཉིས་ཁྱེད་ཚོས་བདག་པོ་བརྒྱབ་དགོས་གསུངས་ནས་རྩ་ནས་གསན་གྱི་མི་འདུག །
མཐར་ང་རང་གཉིས་ཀ་༧སྐྱབས་རྗེ་ཁྲི་རིན་པོ་ཆེའི་སྐུ་མདུད་དུ་བཅར་ནས་༧སྐྱབས་རྗེ་ཁྲི་རིན་པོ་ཆེ་ལ་ཞུས་སྐབས་སྐྱབས་རྗེ་རིན་པོ་ཆེས། འགྲིགས་ཀྱི་རེད་འགྲིགས་རེད་ཁྱེད་རང་གཉིས་སྐད་ཆ་གྱིས་གསུངས་སོང་། དེ་ནས་ང་ལ་ཅི་བྱེད་མེད་པ་ལྟ་བུར་ཆགས་ནས་ང་ཚོས་བདག་པོ་བརྒྱབས་དགོས་བྱུང་བ་རེད། དེ་ནས་ང་རང་ཡར་ཕྱིན་ནས་ས་ཆ་དེར་རོབ་བལྟས་བྱས། རིམ་གྱིས་གྲྭ་པ་ཀུན་དགའ་དང་ཀུན་བཟང་རྣམ་རྒྱལ་སོགས་བཏང་ནས་ཚུར་བདག་པོ་ཞུས་པ་རེད། ཕྱིས་སུ་ཡང་བསྐྱར་ང་རང་ཐེངས་གཅིག་འགྲོ་དུས་ཡུལ་མི་ཤར་པ་མི་དྲག་གྲས་མི་བཅུ་སྐོར་ཞིག་ངའི་རྩར་ཡོང་ནས། ཁོང་ཚོ་ཉེ་སྐོར་ལ་སློབ་གྲྭ་མེད་པས་ཕྲུ་གུ་སློབ་སྦྱོང་སྤྲོད་མི་ཐུབ་པའི་དཀའ་ངལ་དང་། ཉེ་འཁྲིས་སུ་སྨན་ཁང་མེད་པས་ཛ་དྲག་གི་ནད་པ་ལམ་འགག་ནས་ཤི་ཤོར་བ་སོགས་ཀྱིས་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་པས་སློབ་གྲྭ་དང་སྨན་ཁང་ཞིག་བྱུང་ན་དགེ་མཚན་དང་ཕན་རླབས་ཆེན་པོ་འདུག་ཞེས་ཞུ་གིན་འདུག །དེ་ཚོ་དངོས་ཡོད་གནས་ཚུལ་རེད་འདུག དེ་འདྲ་ཡིན་དུས་སྤྱིར་དཀོན་མཆོག་གི་ཐུགས་རྗེ་ལ་བསླུ་བ་མེད་པ་དང་ལྷག་པར་དུ་༧སྐྱབས་རྗེ་ཁྲི་རིན་པོ་ཆེས་འགྲིགས་ཀྱི་རེད་གསུངས་བ་རེད། དེ་བཞིན་དུ་བླ་མ་ཤར་པ་ངག་དབང་བཤད་སྒྲུབ་ལགས་ཀྱི་ཨུ་ཚུགས་བརྒྱབས་པ་སོགས་ལ་བརྟེན་ནས་ངས་བལྟ་ཆོག་ཞེས་ཁས་བླང་བ་ཡིན། དེ་ནས་ཐོག་མ་སྨན་ཁང་བརྒྱབ་རྒྱུའི་འགོ་བཙུགས་ནས་སྤྱི་ལོ ༢༠༠༤ ལོར་སྨན་ཁང་སྒོ་འབྱེད་བྱས་ཏེ་མི་མང་ལ་ཕན་ཐོག་ཡག་པོ་བྱུང་ཡོད་རེད།
དེ་ནས་༢༠༠༧ ལོར་སློབ་གྲྭ་དབུ་བཙུགས་ནས་ད་ལྟའི་བར་ཡག་པོ་འགྲོ་བཞིན་ཡོད་རེད་དེ་ནི་ཁྱེད་ཀྱིས་མཁྱེན་བཞིན་རེད། ད་ལྟ་ང་ཚོས་འབྲས་ལྗོངས་ལ་སྨིན་གྲོལ་གླིང་གི་ཡན་ལག་ཞིག་འགོ་བཙུགས་བཞིན་ཡོད་རེད། དེ་སེར་སྒྲུབ་གདུང་སྲས་རིན་པོ་ཆེས་ཁོང་ལ་གཅིག་གིས་ས་ཆ་ཞིག་ཕུལ་བྱུང་དེ་སྨིན་གྲོལ་གླིང་གིས་བཞེས་ནས་སྨིན་གླིང་དགོན་པ་ཞིག་བཞེངས་ཐུབ་ན་ཡག་པོ་ཡོང་ས་རེད། སྤྱིར་སྨིན་གྲོལ་གླིང་དང་འབྲས་་ལྗོངས་གཉིས་བར་མི་ལོ་བརྒྱ་ཕྲག་བཞི་ལ་ཉེ་བའི་སྔོན་ནས་འབྲེལ་བ་ཆེན་པོ་ཡོད་པ་དང་། ལྷག་པར་དུ་དགོན་པ་ཆེན་པོ་ཞིག་གི་ཡན་ལག་གཅིག་འདིར་འབྲས་ལྗོངས་ལ་ཡོད་ན་ཡག་པོ་ཞེ་དྲག་འདུག་ཞེས་གསུང་གིན་འདུག །ང་རང་ལོ་ན་མཐོ་པོ་ཡིན་པས་ཚུར་བསྡུ་རུབ་བརྒྱབ་རྒྱུའི་དུས་ཚོད་རེད་མ་གཏོགས་ཕར་བཀྲམ་རྒྱུའི་དུས་ཚོད་རྫོགས་ཚར་བ་རེད། ཡིན་ན་འང་སྨིན་གྲོལ་གླིང་གི་་སྐུ་དངོས་དགུང་ལོ་གཞོན་པ་ཚོ་བཞུགས་ཡོད་རེད། ང་རང་གིས་ཁོང་རྣམ་པའི་མཉམ་དུ་བཀའ་མོལ་ཞུ་ནས་ཁྱེད་ལ་ལན་ཡོད་པ་བྱ་ཆོག་ཞུས་པ་ཡིན། དེ་ནས་སྐྱབས་རྗེ་མཁན་ཆེན་རིན་པོ་ཆེ་དང་། རིགས་སྲས་རྗེ་བཙུན་མཁའ་འགྲོ་རིན་པོ་ཆེ་བཅས་ལ་སྙན་གསེང་ཞུས་ཡིན། ཁོང་རྣམ་པས་ཡག་པོ་འདུག་གསུང་གིས་འདུག །དེ་འདྲ་བྱས་ནས་ཚུར་རྩིས་བླང་ནས་ད་ལྟ་གྲྭ་བ་ཁ་ཤས་ཤིག་བཞག་ནས་སློབ་སྦྱོང་བྱེད་བཞིན་ཡོད་རེད། དེ་མ་གཏོགས་པའི་ཡན་ལག་གཞན་ང་ཚོར་ཅི་ཡོད་མ་རེད།
༩༽ དགོན་པ་ཕྱག་བཏབ་ནས་ད་ལྟའི་བར་དགེ་འདུན་པའི་གྲངས་ག་ཚད་འཛུལ་ཞུགས་བྱས་ཡོད་པ་དང་། དངོས་སུ་དགོན་པར་བཞུགས་མཁན་དགེ་འདུན་པ་གྲངས་ག་ཚད་ཡོད་དམ།
སྤྱིར་གྲྭ་བ་སྨིན་གྲོལ་གླིང་དུ་འཛུལ་ཞུགས་བྱས་མཁན་གྱི་ཞལ་གྲངས་ ༡༠༦༧་ཙམ་ཞིག་རེད་འདུག །དངོས་སུ་དགོན་པར་ད་བཞུགས་ཀྱི་དགེ་འདུན་པའི་གྲངས་ ༤༥༠ ཙམ་ཞིག་ཡོད་རེད།
༡༠ རིན་པོ་ཆེ་མཆོག་གིས་སྨིན་གླིང་གི་བསྟན་པ་ལ་རླབས་ཆེན་གྱི་མཛད་རྗེས་མང་པོ་ཞིག་གནང་ཡོད་པ་ལས། དེ་དག་ལས་རིན་པོ་ཆེ་ཉིད་ཐུགས་ཚིམ་ཤོས་ཀྱི་ཕྱོགས་གང་ཡོད་དང་། ཡང་ཕྱོགས་གང་ཐད་ཞིག་ནས་ད་རུང་ལེགས་བཅོས་དགོས་རིགས་གང་ཡོད་དམ།
སྤྱིར་སྔར་བོད་ནས་སྨིན་གྲོལ་གླིང་གི་སྐུ་དངོས་ཡོངས་རྫོགས་ཚུར་ཕེབས་ཐུབ་དགོས་པ་འདྲ་ཞིག་ཡོད་རེད་དེ། དེ་བར་ཆད་ཡིན་ན་འདྲ། དགོས་པའི་དབང་གིས་ཡིན་ན་འདྲ། གང་ལྟརསྨིན་གླིང་མཁན་གཅུང་རྣམཔ་གཉིས་རྒྱ་འོག་ཏུ་བཞུགས་ནས་ཚུར་ཕེབས་་ཡོད་མ་རེད། ༧སྐྱབས་རྗེ་ཁྲི་རིན་པོ་ཆེ་གདུང་བརྒྱུད་སོགས་གང་གི་ཐད་ནས་སྨིན་གླིང་གི་བསྟན་པའི་གཙོ་བོར་ཡིན་པས། ༧སྐྱབས་རྗེ་རིན་པོ་ཆེ་ཚུར་རྒྱ་གར་དུ་གདན་འདྲེན་ཞུས་ཐུབ་པ་དང་། ཕྱིས་སུ་སྨིན་གླིང་གི་གདན་ས་དྷེ་ར་དྷུན་དུ་ཕེབས་ནས་གཏན་བཞུགས་གནང་ཐུབ་པ་བྱུང་བ་སོགས་འདི་ལྟར་ཡག་པོ་བྱུང་སོང་བསམ་ནས་སེམས་ལ་དགའ་བ་དང་སྤྲོ་བ་ཆེན་པོ་ཡོང་གི་ཡོད། དེ་ནས་སྤྱིར་གཏང་གི་ཆོས་ཕྱོགས་ནས་བསམ་ན་རྟེན་ཕོ་མོ་ལ་ཁྱད་པར་ཡོད་མེད་མི་ཤེས་ལ། སྤྱིར་སྨིན་གླིང་པའི་རྗེ་བཙུན་མ་རྣམ་པར་བསམ་བློ་གཏོང་ན་བསམ་གྱིས་མི་ཁྱབ་ལྟ་བུར་བྱུང་ཡོད་རེད། མི་འགྱུར་དཔལ་སྒྲོན་ལ་སྨྲོས་མ་དགོས་ལ། འཕྲིན་ལས་ཆོས་སྒྲོན་ལ་མཚོན་ན་འཇམ་དབྱངས་མཁྱེན་བརྩེ་པདྨ་འོད་གསལ་མདོ་སྔགས་གླིང་པའི་དབུ་ལ་བུམ་པ་འཇོག་མཁན་དེ་འདྲ་བྱུང་བ་རེད། ང་རང་ཚོ་ཁྲི་རིན་པོ་ཆེ་ལ་སྲས་མོ་རྣམ་པ་གཉིས་ཡོད་ཡོད་རེད་དེ། ཡིན་ན་ཡང་འཇིག་རྟེན་གྱི་ངོས་དང་གདུང་རྒྱུད་ཀྱི་ཆེད་དུ་སྲས་གཅིག་བྱུང་ན་བསམ་པ་རང་གཞན་ཚང་མར་ཡོད་རེད། བྱས་ཙང་བོད་ལ་སྐབས་དེར་འགྲོ་སྐྱོད་ཀྱི་རང་དབང་མེད་སྟབས་འབྲུག་ལ་ཡོད་པའི་གདུང་སྲས་དེའི་རྩར་ལན་གཉིས་གསུམ་བཅར་ནས་ན་བཟའ་འབུལ་རྒྱུ་དང་། དགོན་པར་ཕེབས་དགོས་ཞུས་ཀྱང་སྐུ་ཚེ་མ་བརྟན་པ་རེད།
དེ་ནས་སྤྱི་ལོ་ ༡༩༨༣་ ལོ་ང་རང་བོད་ལ་འགྲོ་བའི་སྐབས་སུ་གདུང་སྲས་དགྲ་ལྷ་རིན་པོ་ཆེ་དང། མཁན་ཆེན་རིན་པོ་ཆེ་ཡབ་ཡུམ་གསུམ། རྗེ་བཙུན་ཚེ་དབང་ལྷ་མོ་བཅས་ཁོང་རྣམ་པ་ཚང་མ་ཚུར་ཕེབས་ཆོག་པའི་ལག་ཁྱེར་ཞུས། ལག་ཁྱེར་ཞུ་བའི་སྐབས་སུ། སྐུ་ངོ་ང་ཕོད་ངག་དབང་འཇིགས་མེད་ལགས་ཀྱི་སྐུ་མདུན་དུ་བཅར་ནས་སྙན་ཞུ་ཕུལ། དེ་ནས་ང་རང་མར་ཁམས་ཕྱོགས་སུ་ཉེ་གཏུག་ཏུ་ཕྱིན་ནས་ཡར་ལོག་རན་འགྲོ་ཡོད་པའི་སྐབས་སུ། ཁོང་རྣམ་པ་ཐམས་ཅད་ལ་ཕྱག་ཁྱེར་ཐོབ་སོང་ཟེར་ནས་ལེན་འབྱོར་བྱུང་བར་དགའ་བོ་ཞེ་དྲག་བྱུང། འདི་སྐོར་བཀའ་ཟུར་རྒྱ་རི་རིན་པོ་ཆེ་རྒྱ་ནག་ལ་གཟིགས་སྐོར་ཕེབས་སྐབས་འཁེལ་བས་ཁོང་ལ་རྒྱ་ནག་གཞུང་ལ་ཞུ་བསྐུལ་གནང་རོགས་ཞུས་པས་ཁོང་གིས་དེ་དོན་ཞུ་བསྐུལ་གནང་འདུག །དེ་འདྲ་བྱས་ནས་ཚུར་གདན་འདྲེན་ཞུ་ཐུབ་པ་བྱུང་བ་རེད། ཚུར་འབྱོར་ནས་ང་རང་གི་ངོས་ནས་ད་ལན་བོད་ལ་སོང་ནས་སྨིན་གྲོལ་གླིང་པ་ཆ་ཚང་ཚུར་གདན་འདྲེན་ཞུས་ཐུབ་པ་སྐལ་བ་བཟང་པོ་དང་། དོན་གོ་ཆེན་པོ་ཆོད་སོང་བསམ་ནས་སྐབས་དེ་དུས་ང་རང་སེམས་པ་གཏིང་ནས་དགའ་བོ་དང་བློ་ཁ་རྫོགས་སོང་བསམ་པ་བྱུང་།
ད་ལྟ་ཡིན་ན་བློ་ཁ་མ་རྫོགས་པ་དང་མི་དགའ་བ་ཅི་མེད་དེ། ཐོག་མའི་བསམ་པ་ནང་བཞིན་ཐམས་ཅད་ཡག་པོ་འབྱུང་ཐུབ་པ་དུས་ཚོད་ཀྱིས་ཁག་པོ་འདྲ། །གདུང་སྲས་རིན་པོ་ཆེ་ལ་སྐུ་ཡོན་གསན་པ་དང་དབང་ལུང་གསན་ཆེད་ཕན་ཚུན་ཕེབས་བཞུགས་སྐོར་གང་སར་རང་ནུས་གང་ཡོད་ཀྱིས་ཞབས་ཞུ་ཞུས་ཡོད་བསམ་གྱི་ཡོད། འོན་ཀྱང་དགོན་པར་བཞུགས་མ་ཐུབ་པ་དང་། ཁྲི་གསོལ་ཞུས་མ་ཐུབ་པ་ནི་བློ་ཕམ་གྱི་རང་བཞིན་དང་། འདིར་བཞུགས་མ་ཐུབ་ཀྱང་བོད་ཀྱི་སྨིན་གླིང་གདན་སར་བཞུགས་མ་ཐུབ་པ་ནི་བློ་ཕམ་པ་དང་། ཁོང་ལ་སྲས་གཅིག་མེད་པ་ནི་དེ་བས་ཀྱང་བློ་ཕམ་ཆེ་བ་ཞིག་རེད། མ་འོང་པར་སྨིན་གླིང་གི་བསྟན་པ་འདི་ཐུགས་མཐུན་ཁྲིམས་གཙང་ཡག་པོ་ཞིག་གིཐོག་ཏུ་གནས་ཐུབ་བྱུང་ན་དེ་ལས་གཞན་པའི་ང་སྒེར་ལ་དམིགས་ཡུལ་མ་འགྲུབ་པ་དང་བློ་ཁ་མ་རྫོགས་པ་གང་ཡང་མེད་ཅེས་གསུངས།
འཕགས་ཡུལ་འོག་མིན་ཨྱོན་སྨིན་གྲོལ་གླིང་དབུ་བརྙེས་ནས་བགྲང་བྱ་ལྔ་བཅུར་འཁོར་བའི་དགའ་སྟོན་གྱི་དུས་དེབ་ཆེད་དུ་སྤྱི་ལོ་༢༠༡༤ ཟླ་བ་༡༠ ཚེས་༡ ཉིན་སྐྱབས་རྗེ་མཁོ་ཁྱིམ་རིན་པོ་ཆེ་ལ་བཀའ་འདྲི་ཞུས་ཏེ་བཀའ་ལན་རྣམས་སྒྲ་འཛིན་ལས་བཏུས་ཏེ་ཡི་གེར་བསྒྱུར་པ་པོ་སྤྲུལ་སྐུ་གྲགས་པར་འབོད་པ་དེས་སོ།
མྱི་འདིས་དཀའ་ལས་ཡག་པོ་རྒྱག་འདུག་ལ་འབྲས་བུ་ཡང་སྨིན་འདུག་་་་་་གང་ལྟར་མྱི་ཨུ་ཚུགས་ཅན་ཞིག་རེད་འདུག་གདའ།
སྐུ་ལས་གནང་བ་ལྟར་གྲུབ་འབྲས་ཧ་ལས་པ་བྱུང་འདུག་པས་རྗེས་སུ་ཡིད་རངས་ཞུ།
རྫོང་ནང་རིན་པོ་ཆེ་ཡུན་རིང་དེ་གར་སྨིན་གྲོལ་གླིང་ལ་ཞུགས་ནས་འཛུགས་བསྐྲུན་གྱི་ཕྱག་ལས་ཕལ་ཆེར་གནང་ཡོད་ཀྱང་འཆར་བཀོད་ཙམ་ལས་ལོ࿒རྒྱུས་གང་ཡང་གསུང་མི་འདུག་ག་རེ་ཡིན་ནམ་་་་་་
བོད་ཀྱི་དགོན་པ་མང་པོ་ནང་གཉེར་པ་ཟེར་བའི་བཀའ་ཚ་པོ་འགའ་དང་འབྱོར་པ་ཅན་གྱི་མི་ཚེ་གང་ཕྱི་རྒྱལ་ལ་སྡོད་ནས་སྤྲུལ་བསྐུའི་མཚན་འཛིན་པ་འགས་བཟུང་བ་དེ་རིགས་མེད་ནས་མི་ཚེ་གང་དགོན་པ་དེ་རུ་བཞུགས་པའི་མཁན་སློབ་རྣམས་ཀྱི་འཛིན་བསྐྱོང་གནང་ན་སངས་རྒྱས་ཀྱི་བསྟན་པར་ཕན་ཐོབ་ཆེ་བ་ཡོད་དོ།
བདག་ཅག་གི་སྟོན་པ་བཀའ་དྲིན་ཅན་དེས། སངས་རྒྱས་ཀྱི་བསྟན་པ་ལ་རིགས་མི་གཙོ། རུས་མི་གཙོ། བདེ་བར་གཤེགས་པའི་བསླབ་པ་རིན་པོ་ཆེ་གཙོ། གསུངས་པ་ནང་བཞིན། ང་རང་ཚོ་ཆོས་པ་ཚང་མས་བསམ་བློ་དེ་འདྲ་ཞིག་གི་སྒང་ལ་ཁྱེར་ཐུབ་ན་ཡག་པོ་ཡོད་རེད། རྩ་བའི་ཆ་ནས་ང་རང་གཏེར་བདག་གླིང་པ་སྐུ་མཆེད་ལ་དད་གུས་ཆེན་པོ་ཡོད། འོན་ཀྱང་། ཨ་ཕའི་ཕོར་བ་གཙང་འཛིན་ཙམ་གྱིས་ཕན་ཐོགས་མེད་པས། གདུང་རྒྱུད་ཁྲི་འཛིན་ལམ་ལུགས་དེ་མེད་པ་ཆགས་ན་ཡག་པོ་རེད། དེ་ག་ནང་བཞིན་དཔལ་ས་སྐྱ་ཁྲི་འཛིན་མཆོག་གིས་ཀྱང་ཐུགས་བསམ་ཏན་ཏན་བཞེས་དགོས་པ་རེད། གཞན་མཁོ་ཁྱིམ་རིན་པོ་ཆེས་ཐུགས་ཁུར་ཆེར་གྱིས་བསྟན་པར་ཞབས་ཕྱི་ཞུས་པར་ཧ་ཅང་ཕྱག་བྱ་བའི་ཡུལ་ཡིན། ཐུགས་རྗེ་ཆེ།
བསྟན་དོན་ལ་དཀའ་ལས་ཡག་པོ་གནང་འདུག ད་སྐུ་གཟུགས་བདེ་ཐང་ཡོང་བའི་སྨིན་འདུན་ཞུ།